ལེགས་སྦྱར་སྙན་ངག

༄༅། །ས་གསུམ་འགྲོ་བའི་སྤྱི་ནོར་ཁྱབ་བདག་རྫོགས་ཆེན་པ། སྐྱབས་རྗེ་༧ བླ་མ་པདྨ་སྐལ་བཟང་མཆོག །བྱང་རྫ་ཆབ་དལ་འབབ་ཀྱི་གཡས་ཕྱོགས་དྲེལ་མདའི་དཀར་མོ་ལེབ་ཏུ་ཞབས་སོར་འཁོད་དེ་དད་ལྡན་སྐྱ་སེར་མང་པོར་ལུགས་གཉིས་ལམ་སྟོན་གྱི་བཀའ་སློབ་ཟབ་རྒྱས་སྩལ་བར་ཕུལ་བའི་ལེགས་སྦྱར་སྙན་ངག །


༈ ཨོྃ་སྭ་སྟི།།  ཀ་དག་སྐྱེ་མེད་སྟོང་ཆེན་དབྱིངས་སུ་གདོད་ནས་མངོན་པར་བྱང་ཆུབ་ཅིང་།།

མ་འགགས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ངེས་པ་ལྔ་ཡི་ལང་ཚོ་མཛེས།།

སྣ་ཚོགས་གདུལ་བྱའི་མོས་ཁམས་དང་འཚམས་ཟབ་རྒྱས་ཆོས་ཀྱི་སྣང་བ་ཡིས།།

འགྲོ་བློའི་ཆུ་སྐྱེས་རྣམ་པར་འཛུམ་མཛད་སྟོན་མཆོག་ཉིན་མོར་བྱེད་པར་འདུད།།


དམར་སེར་གུར་གུམ་གསར་པའི་ལང་ཚོར་རྒྱལ་ཀུན་མཁྱེན་པའི་གཟི་འོད་འཕྲོ།།

དྲན་པའི་མོད་ལ་འཕྲུལ་སྣང་མུན་སེལ་བློ་གྲོས་པདྨོ་འཛུམ་པའི་གཉེན།།

བརྟན་གཡོའི་སྒྲ་སྐད་གླུ་རུ་ལེན་མཁས་དབྱངས་ཅན་དཔལ་མོའི་མཛེས་སྡུག་དང་།།

རྟག་པར་འགྲོགས་པའི་ཟུང་འཇུག་རོལ་གར་སྙིང་གི་དབུས་སུ་རྟག་བརྩེན་མཛོད།།


རབ་འབྱམས་རྒྱལ་བའི་གསང་གསུམ་ཡོན་ཏན་མ་ལུས་གཅིག་ཏུ་བསྡུས་པའི་གཟུགས།།

ངོ་མཚར་པདྨ་བཞད་པའི་རྩེར་འཁྲུངས་རིག་འཛིན་ཌཱཀྐིའི་དབུས་ན་མཛེས།།

དཔག་ཡས་ཡོན་ཏན་རྒྱ་མཚོའི་སྤྲིན་གྱིས་མཐའ་ཡས་འགྲོ་བའི་རེ་སྐོང་བ།།

དཔལ་ལྡན་སངས་རྒྱས་པདྨ་རྒྱལ་བོའི་ཞབས་ཀྱི་པདྨོར་ཕྱག་བགྱིའོ།།


རྨད་བྱུང་ཁྱད་ཆོས་ཆེ་བ་དྲུག་གིས་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་རྩེར།།

མངོན་པར་འཕགས་པའི་ནང་རྒྱུད་སྡེ་གསུམ་མི་ནུབ་ཡུན་་དུ་འཛིན་པ་ལ།།

ཁྱད་དུ་འཕགས་པའི་སྨོན་ལམ་མཐུ་གྲུབ་འཕོ་ཆེན་རྡོ་རྗེའི་རོལ་མོ་ཡི།།

གྲགས་པའི་དཔལ་གྱིས་འཇིག་རྟེན་མཛེས་པའི་གྲུབ་དབང་རྫོགས་ཆེན་ཡབ་སྲས་རྒྱལ།།


ཕན་བདེ་འབྱུང་གནས་ཐུབ༵་དབང་བསྟ༵ན་པ་ལུང༵་དང་རྟོགས༵་པའི་ཡིད་བཞིན་དབང་།།

བཤད་དང་སྒྲུབ་པའི་ལྷ་གོས་རྩེ་མོར་མངོན་པར་བཀུར་བའི་ཤེ་མོང་ཅན།།

ས་གསུམ་མཁས་དང་གྲུབ་པའི་གཙུག་ན་ཞབས་ཀྱི་པདྨོ་ངལ་འཚོ་བའི།།

བསྟན༵་པའི་རྒྱལ༵་མཚན༵་འཛིན་ལ་ཟླ་བྲལ་སྐྱབས་མཆོག་བླ་མ་གཙུག་ཏུ་མཆོད།།


ལེགས་བྱས་གསེར་གྱི་ཤིང་རྟ་ཡིས།།

མགྲོན་དུ་བོས་པའི་ཉིན་མོར་བྱེད།།

སྐྱེ་རྒུའི་ནང་གི་མུན་སེལ་བ།།

དེ་ལ་དད་པའི་པདྨོ་འཛུམ།།

WeChat_1454676174.jpeg

 དེ་ལ་འདིར་བོད་མདོ་སྟོད་ཆོས་རིག་གི་ཞིང་ས།  གཡས་ནས་འབྲི་ཀླུང་གསེར་ལྡན་དང་གཡོན་ནས་ཟླ་ཀླུང་དངུལ་ལྡན་གཉིས་ནུབ་ནས་ཤར་གྱི་རྒྱ་མཚོར་དལ་གྱིས་འབབ་པའི་དཀྱིལ་དབུས། རི་བོ་ཤེལ་དཀར་གྱི་མདངས་འཛིན་མཁའ་དབྱིངས་མཐོན་པོར་འཕགས་པའི་འབྲི་རྫ་ཟལ་མོ་སྒང་གི་སའི་བྱེ་བྲག  །སྡེ་བཞི་དགེ་བཅུའི་འབྱོར་བ་ཕུན་སུམ་ཚོགས་པས་ཡོངས་སུ་བརྒྱན་ཞིང་།  ས་བཀོད་ལེགས་པདྨ་འདབ་བརྒྱད།  གནམ་མཐིང་སྔོན་འཁོར་ལོ་རྩིབ་བརྒྱད།  བར་རི་ཕྲན་བཀྲ་ཤིས་རྟགས་བརྒྱད། མ་བཅོས་རང་བྱུང་གི་མཆོད་པ་རྣམ་བརྒྱད་སོགས་སྲིད་པའི་ལེགས་ཚོགས་མཐའ་དག་གཅིག་ཏུ་སྤུངས་པའི་གནས་ཕུན་སུམ་ཚོགས་པ་འདི་ཉིད་དུ།

དཔལ་ཨོ་རྒྱན་ཆོས་ཀྱི་ེརྒྱལ་པོ་ཉིད་དད་ལྡན་འགྲོ་བའི་ངོར་སླར་ཡང་དགེ་བའི་བཤེས་གཉེན་གྱི་རྣམ་པར་བྱོན་པ། མཁས་པའི་ཚུལ།  བཙུན་པའི་ཚུགས། ཉམས་རྟོགས་ཀྱི་ཡོན་ཏན་གང་ནས་བསམས་ཀྱང་དེང་གི་དུས་འདིར་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་གང་ཉིད་ཀྱི་ངོ་མཚར་ཞབས་ཟུང་འཁོར་ལོས་གནས་འདིར་དགེ་བར་བྱས་ཤིང་།  ཚངས་དབྱངས་གསུང་གི་བདུད་རྩིས་སྐྱེ་རྒུ་རྣམས་འདི་དང་གཏན་གྱི་བདེ་བར་དབུགས་འབྱིན་པའི་སྐལ་བ་བཟང་པོ་མངོན་དུ་གྱུར་བའི་དུས་འདིར།  ་་་་་་་་་་


སླར་སྨྲས་པ།

འོད་མཚན་སྟོང་དུ་འབར་བའི་ཡེ་ཤེས་དཔྱིད།།

བརྩེ་ཆེན་སྐྱ་རེངས་སོ་མས་ཉེར་བསྐུལ་ཏེ།།

མི་མཇེད་ཞིང་གི་མཁའ་ཁྱབ་ཉིན་མོར་བྱེད།།

མཚོ་འཁྲུངས་རྒྱལ་བའི་དབང་པོ་ཞེས་སུ་གྲགས།།


གང་དེའི་ཐུགས་བསྐྱེད་ཉ་གང་ཟླ་བའི་གཟུགས།།

རླབས་ཆེན་མཛད་ཕྲིན་འོད་སྣང་སྟོང་ཕྲག་གིས།།

འཁྱུད་དེ་བསིལ་ལྗོངས་མདོ་ཁམས་ཤར་རིའི་རྩེར།།

མངོན་པར་འཆར་གང་བདག་ཅག་མགོན་དུ་ཐོབ།།


རིག་འཛིན་གྲུབ་བརྒྱའི་གཙུག་རྒྱན་པད༵་མ༵་འབྱུང་།།

སྐལ༵་བཟ༵ང་གདུལ་བྱའི་དཔལ་དུ་སླར་བྱོན་པ།།

སྡོམ་བརྩོན་མཁས་དབང་རྒྱུ་སྐར་འབུམ་གྱི་གཙོ།།

སྨྲ་བའི་ཟླ་གཞོན་གང་དེར་ལན་བརྒྱར་གུས།།


ལེགས་བྱས་བསོད་ནམས་སྤུར་གྱིས་ཉེར་བྲིས་ཤིང་།།

མཐོ་རིས་ལྷ་དབང་ལང་ཚོ་ཉམས་སྨད་པའི།།

སྲིད་ཞིའི་མཛེས་སྡུག་གཅིག་ཏུ་སྤུངས་བའི་གཟུགས།།

ངོ་མཚར་གངས་ལྡན་ཕྱུག་མོའི་རྒྱན་དུ་གྲུབ།།


དབྱངས་ཅན་ཟླ་བའི་ལང་ཚོ་རྟག་བརྩེན་པའི།།

མཚུངས་བྲལ་མགྲིན་པའི་འོ་མཚོ་གཡོ་བ་ལས།།

ཕན་བདེ་ལྦུ་བ་དཀར་པོའི་དོག་ཕྲེང་ཅན།།

སྙན་འཇེབས་ཚིག་གི་རྦ་རླབས་རྣམ་མང་འཕྱོ།།


རྒྱལ་ཀུན་ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས།།

སྙིང་ལ་རྗེས་སུ་ཆགས་པའི་གཟི་བྱིན་གྱིས།།

ཡུན་རིང་སྦྱངས་བའི་ངལ་བ་མ་བྱས་པར།།

ཇི་སྙེད་ཤེས་བྱའི་དངོས་ཀུན་མ་འདྲེས་གཟིགས།།


རབ་འབྱམས་ཤེས་བྱ་རྒྱ་མཚོའི་རྗེས་འགྲོ་བའི།།

མཚུངས་མེད་མཁྱེན་རབ་ལྷ་ཡི་ལམ་ཡངས་པོར།།

བརྒྱུད་གསུམ་མན་ངག་སྤྲིན་ཕུང་གཡོ་བ་ལས།།

ཟབ་རྒུའི་གདམས་ངག་གྲུ་ཆར་འཛད་མེད་འཇོ།།


བཅས་རང་ཉེས་པ་ཕྲ་མོས་མ་གོས་པའི།།

སྡོམ་གསུམ་པདྨ་དཀར་པོའི་དགའ་ཚལ་ནས།།

བྱུང་བའི་དྲི་བསུང་མངར་མོས་སྐྱེ་རྒུའི་ཡིད།།

དབང་མེད་བྲན་དུ་བྱས་པའི་རྣམ་ཐར་རྨད།།


གངས་རྒྱན་ལྔ་ཟུང་རིག་པའི་ཆུ་སྐྱེས་ཚལ།།

དུས་མཐར་སྙིགས་ལྔའི་མུན་པས་ཉམས་ཉེའི་ཚེ།།

ཕྲིན་ལས་འོད་ཟེར་བརྒྱ་བས་འདབ་མ་སྟོང་།།

འཛུམ་པའི་མཛད་བཟང་རི་མོ་ཀུན་ཏུ་གསལ།།


ལེགས་བྱས་སྤྲིན་གྱི་བང་རིམ་མཐོན་པོའི་རྩེར།།

དམ་པའི་ཚུལ་དགུའི་ཡོན་ཏན་ཆ་རྫོགས་ཤིང་།།

མཐོ་རིས་དྲེགས་པའི་དཔལ་ཀུན་ཟིལ་གནོན་པའི།།

ཡ་མཚན་ཆོས་ཀྱི་ཟླ་བ་སྲིད་པའི་མིག །


ཆོལ་གསུམ་མཁས་གྲུབ་རྒྱུ་སྐར་འབུམ་གྱི་དབུས།།

ངོ་མཚར་མཁྱེན་པའི་འོད་སྣང་སྤྲོ་བཞིན་དུ།།

བསིལ་ལྗོངས་ལྷ་ལམ་རྒྱན་དུ་རྟག་བཞུགས་ཤིང་།།

སྐལ་བཟང་ཀུ་མུད་དགའ་སྟོན་དར་གྱུར་ཅིག །


ཇི་ལྟའི་ཆོས་ཉིད་བདེན་དོན་མངོན་གཟིགས་རིག་འཛིན་གྲུབ་པ་ཡོངས་ཀྱི་གཙོ།།

ཇི་སྙེད་ཤེས་བྱའི་དངོས་ཀུན་མཁྱེན་པའི་དཔག་ཡས་མཁས་རྣམས་གཙུག་གི་ནོར།།

བསྟན་འགྲོར་སྨན་པའི་ཕྲིན་ལས་བཟང་པོས་འཇིག་རྟེན་ཁམས་ཀུན་རྟག་ཁྱབ་པའི།།

དཔལ་ལྡན་བླ་མ་པདྨའི་མཚན་ཅན་ཞིང་འདིའི་མགོན་དུ་རྟག་བཞུགས་གསོལ།།


ཕྱི་ལྟར་དམ་ཆོས་འདུལ་བའི་ཀུན་སྤྱོད་ཉེས་ལྟུང་ཕྲ་མོའི་རྡུལ་དང་བྲལ།།

ནང་དུ་བྱང་སེམས་བསླབ་པའི་ངོ་བོར་རང་འདོད་ཡིད་བྱེད་དུག་དང་བྲལ།།

གསང་བ་གསང་ཆེན་རིག་འཛིན་དམ་ཚིག་མཚན་འཛིན་རྟོག་པས་མ་གོས་པའི།།

སུམ་ལྡན་རྡོ་རྗེ་འཛིན་པའི་རྗེ་བོར་བསྐལ་མཐའི་བར་དུ་འཚོ་བཞེས་གསོལ།།


བཀྲ་ཤིས་གཡང་འཁྱིལ་སྟོང་གི་སྒྲ་དབྱངས་དང་།།

འགྲོགས་པའི་གྲགས་སྙན་རྒྱ་མཚོའི་མུ་ཁྱུད་ལས།།

བརྒལ་བའི་དཔལ་གྱིས་ས་གསུམ་སྐྱེ་རྒུ་རྣམས།།

སྲིད་པར་འཁྱམས་པའི་སྐལ་བ་ཐུང་གྱུར་ཅིག །


བསྟན་འཛིན་སྐྱེས་བུའི་ཞབས་པད་བསྐལ་བརྒྱར་བརྟན།།

བསྟན་ལ་གུས་པའི་སྦྱིན་བདག་འབྱོར་བ་རྒྱས།།

བསྟན་པ་རིན་ཆེན་མཆོག་གིས་ས་གསུམ་ཁྱབ།།

བསྟན་པའི་འབྲས་བུ་ཞིང་ཀུན་སྨིན་གྱུར་ཅིག །


བྱེ་བ་འབུམ་ཕྲག་ཤིས་པའི་ཉིང་བཅུད་སྲིད་དང་ཞི་བའི་གདུང་སེལ་སྨན།།

ཕན་དང་བདེ་བའི་བདུད་རྩིའི་གྲུ་ཆར་འཛད་དུ་མེད་པ་འཇོ་བའི་གནས།།

རྒྱལ་བསྟན་སྤྲིན་གྱི་བླ་བྲེ་སོ་མས་ས་གསུམ་མཁའ་དབྱིངས་རབ་མཛེས་ཤིང་།།

ལེགས་རྒུའི་དཔལ་གྱིས་ཡིད་ཅན་མཐའ་དག་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །


ཚངས་དབང་ལྷ་ཡི་འབྱོར་བས་མཚོན་མིན་མང་དུ་ཐོས་པའི་དགའ་སྟོན་ཆེར།།

རྟག་པར་ལོངས་སུ་སྤྱོད་ལ་བྲེལ་བའི་ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ཁྱུས།།

ཡངས་བའི་ས་ཆེན་ཁྱོན་ཀུན་གང་ཞིང་འཆད་རྩོད་རྩོམ་པའི་ཤེ་མོང་གིས།།

ཐུབ་བསྟན་ལྷ་ཡི་གོས་བཟང་རབ་མཛེས་སྲིད་པའི་རྩེ་མོར་བསྒྲེངས་གྱུར་ཅིག །


རྣམ་པར་གཡེང་བའི་གྲོང་ལས་རབ་བརྒལ་ཞི་བའི་ནགས་ཀླུང་སྟུག་པོའི་ཁྲོད།།

ཚུལ་ཁྲིམས་པད་དཀར་འཛུམ་པའི་དྲི་ཡིས་སྐལ་བཟང་བུང་བ་ཉེར་སྡུད་ཅིང་།།

གཡོ་མེད་ཞི་གནས་རབ་དྭངས་རྫིང་བུར་ལྷག་མཐོང་ཟླ་གཟུགས་རྟག་མཛེས་པའི།།

ཕུལ་བྱུང་སྐྱིད་པའི་དགའ་ཚལ་གང་དེར་སྐྱེ་རྒུ་ཀུན་ཀྱང་འདུན་གྱུར་ཅིག །


འདི་དང་གཏན་གྱི་རྒུད་པའི་མུན་འཇོམས་ཤིང་།།

འཕྲལ་དང་ཡུན་དུ་སྣང་བ་མཆོག་སྦྱིན་མཁན།།

མཚུངས་པ་མེད་པའི་ཤེས་རབ་ཉིན་མོར་བྱེད།།

སྐྱེ་ཀུན་སྐྱེ་རྒུའི་ཡིད་མཁར་འཆར་གྱུར་ཅིག །


དཔལ་ལྡན་ལེགས་བྱས་ཆུ་འཛིན་དཀར་པོས་རྣམ་པར་མཛེས་པའི་བསིལ་ལྗོངས་མཁར།།

མཆོག་གསུམ་ཉི་ཟླའི་འོད་སྣང་རྟག་འཕྲོ་མེས་པོའི་གྲགས་སྙན་འབྲུག་སྒྲ་ཡིས།།

ཕྱོགས་ཀྱི་སྐྱེ་རྒུའི་རྨ་བྱ་རབ་འགུགས་ལོ་རྒྱུས་རིང་མོའི་གཟི་མདངས་ཉིད།།

མི་ཉམས་དཔལ་གྱིས་ས་ཆེན་འདི་ཉིད་ཡུན་དུ་མཛེས་པའི་བཀྲ་ཤིས་ཤོག །


འདིས་མཚོན་དུས་གསུམ་ལེགས་བྱས་ཆུ་རྒྱུན་རྣམ་མཁྱེན་རྒྱ་མཚོ་ ཆེར་གཞོལ་ཞིང་།།

མཐའ་ཡས་སྤངས་རྟོགས་རྒྱ་ཆེའི་རླབས་ཕྲེང་མཁའ་དབྱིངས་འཕྱོ་བའི་ཟིལ་མ་འབུམ།།

ས་གསུམ་འགྲོ་བའི་གཙུག་ཏུ་མངོན་བབས་མི་གཟོད་དུག་ལྔའི་ཚ་གདུང་གཞིལ།།

བདེ་སྐྱིད་བསིལ་བའི་དགའ་སྟོན་སྟུག་པོར་ཡུན་དུ་སྤྱོད་པའི་བཀྲ་ཤིས་ཤོག །


གུས་ཕྲན་ཨོ་རྒྱན་རིག་འཛིན་ཞེས་འབོད་པས་བོད་རབ་རྒྱན་ཤིང་ལུག་ཟླ་ ༧ ཚེས་ ༡༣ ལ་བྲིས། །

བྱང་རྫ་ཆུ་ཁའི་དྲེལ་མདོ་དཀར་མོ་ལེབ།


རྩོམ་སྒྲིག་པ།  དོན་གྲུབ་རྡོ་རྗེ།