མཁས་པ་ཞེས་པའི་གོ་དོན།

སྤྱིར་མཁས་པ་ཞེས་པའི་གོ་དོན་ནི་ས་སྐྱ་པཎ་ཆེན་གྱིས་མཛད་པའི་མཁས་པ་ལ་འཇུག་པའི་སྒོ་ལས། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན།  །ཞེས་གསུངས་པ་ལྟར་མཁས་བྱ་རིག་པའི་གནས་ཆེ་བ་དང་ཆུང་བར་སྦྱངས་ཤིང་།  འཆད་པ་དང་།  རྩོད་པ་དང་།  རྩོམ་པ་གསུམ་ཀའམ་གང་རུང་ཞིག་ལ་མཁས་པ་ཡིན་ཅིང་།  དེ་གསུམ་གྱི་ནང་ནས་འཆད་པ་ནི་སླ་ཞིང་།  དེ་ལས་རྩོད་པ་དཀའ་བ་དང་།  དེ་ལས་ཀྱང་རྩོམ་པ་དཀའ་བ་སྟེ།  རྩོམ་པ་ནི་གང་བརྩོམ་བྱའི་གཞུང་དོན་རྣམས་རང་གིས་ལེགས་པར་སྦྱངས་ཤིང་དོགས་པ་བཅད་དེ་གོ་བ་ཆ་ཚང་བ་ལོན་པ་ཞིག་མེད་ན་རྩོམ་ཡིག་འབྲི་བའི་སྐབས་མི་རྒན་གྱིས་ཤ་ཟ་བ་ལྟར་སླ་སར་འཆད་ཅིང་དཀའ་སར་འདོར་བ་སོགས་རྩོམ་ཚུལ་ཡང་མ་དག་པའི་སྐྱོན་བཅོ་བརྒྱད་ཀྱིས་གོས་པར་འགྱུར་བས་རྩོམ་པ་ལ་མཁས་པའི་མཁས་པ་ཉུང་བའི་གནད་ཀྱང་དེར་ཐུག་ཡོད།  ཡང་མཁས་པ་ཞེས་པའི་གོ་དོན་སྒྲ་ཡངས་བའི་དབང་དུ་བྱས་ཏེ་བཤད་ན། རང་ཉིད་ཀྱིས་གང་བསླབས་པ་དེ་ལེགས་པར་སྦྱངས་ཤིང་ཤེས་པ་ཞིག་ལའང་ཟེར་ཆོག་སྟེ། དེ་ནི་སྣ་གཅིག་ལ་མཁས་པ་ཞེས་ཟེར་ཞིང་།  སྣ་མང་བསླབས་ཤིང་ལེགས་པར་ཤེས་པ། སྣ་གཅིག་ལ་སྦྱངས་འབྲས་མཐར་ཕྱིན་པའི་མཁས་པ་དེར་བསྟོད་བསྔགས་དང་མཐོང་ཆེན་བྱེད་འོས་པ་ཞིག་གོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།