གངས་ལྗོངས་བསྟན་སྲིད་འདེག་ཕྱིར་ཆེར་བཞེངས་ཤིང་།།
དཀའ་བས་འབྲས་བུ་བསགས་པའི་མི་བོ་ཆེ།།
པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེས་དྲན་གྱི་བཞུགས་མོལ་ཚོགས་འདུའི་གཏམ་བཤད།
སྡེ་རོང་ཚེ་རིང་དོན་གྲུབ།
གུས་པར་འོས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན། མཁས་པའི་དབང་པོ། སྲས་མོ་རིག་འཛིན་དབང་མོ། གུས་པར་འོས་པའི་མགོ་ཁྲིད་ལྷན་རྒྱས་བཅས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམ་འདྲི་ཞུ། གུས་པོས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་ལ་ཞུགས་རྒྱུ་བྱུང་བ་ནི་ཚེ་འདིའི་བསོད་ནམས་དང་གཟི་བརྗིད་དུ་བརྩིས་ཡོད་ལ། ཚོགས་འདུ་བཀོད་སྒྲིག་གནང་མཁན་ཚོས་ང་ལ་སྐད་ཆ་ཞུ་རྒྱུའི་གོ་སྐབས་ཤིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
པཎ་ཆེན་རིན་པོ་ཆེ་ནི་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ(1357-1419)མཆོག་གི་དངོས་སློབ་མཁས་གྲུབ་དགེ་ལེགས་དཔལ་བཟང(1385-1438)གི་སྤྲུལ་སྐུའི་ཕྲེང་བ་ཟམ་མ་ཆད་པར་བསྟན་འགྲོའི་དོན་དུ་བྱོན་པ་ཡིན་ཞིང་། རྒྱལ་བ་པཎ་ཆེན་གཉིས་ནི་ཡབ་སྲས་ཉི་ཟླ་ཟུང་དུ་སྦྲེལ་བའི་བླ་ཆེན་རྣམ་གཉིས་ཡིན། རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་བཞུགས་གནས་ནི་ལྷ་ལྡན་གྱི་རི་བོ་གྲུ་འཛིན་དང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་ནི་རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས(1391-1474)སྤྱི་ལོ1447ལོར་ཕྱག་བཏབས་པའི་གཙང་བཀྲ་ཤིས་ལྷུན་པོ་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན(1938-1989)མཆོག་ནི་བོད་པ་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཆེན་མོ་ཡིན་ལ། སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་རྒྱལ་དོན་ཕྱག་ལས་མཁན་ཞིག་ཡིན། ཁོང་གི་སྐུ་ཚེ་འདི་ནི་བོད་མི་རིགས་ཀྱིས་རྩ་བའི་ཁེ་ཕན་གྱི་ཆེད་དུ་ཞུམ་པ་མེད་པར་མདུན་དུ་འགྲེང་ཞིང་། དཀའ་བ་དང་ཉེན་ཁ་ཕྲག་དུ་ཁུར་ལ། བཟོད་པའི་གོ་ཆ་བཞེས་པའི་སྐུ་ཚེ་ཞིག་ཡིན་ལ། རྒྱལ་བསྟན་ཡང་དུ་དར་བ་དང་། སྐྱེ་འགྲོས་ཐར་ལམ་ཟིན་པ། ཆོས་འཁོར་མི་ནུབ་པར་སྐོར་བའི་ཕྱིར་དུ་དཀའ་བའི་ལས་སྤྱད་པའི་མཛད་བཟང་དཔག་ཏུ་མེད་པའི་སྐུ་ཚེ་ཞིག་ཡིན། ཁོང་ནི་མི་རིགས་ཀྱི་རིག་གནས་དང་སློབ་གསོ་སྤེལ་བ་དང་། བོད་ཁུལ་འཕེལ་རྒྱས་ཡོང་ཆེད་འབད་པའི་རྒྱུན་མ་ལྷོད་པར་དཀའ་བ་སྤྱད་ཅིང་འབྲས་བུ་སྨིན་པའི་མི་སྣ་རླབས་ཆེན་ཞིག་ཡིན།
སྤྱི་ལོ1989ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གཙང་བཀྲ་ཤིས་ལྷུན་པོ་ནས་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། རྒྱལ་ས་པེ་ཅིང་ནས་མྱ་ངན་ཚོགས་འདུ་རྒྱ་ཆེན་པོ་བསྡུས་པའི་སྐབས་སུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་ཝན་ལི་ཡིས་ཏང་དང་རྒྱལ་ཁབ་ཀྱི་ཚབ་མཛད་ནས་མྱ་ངན་ཞུ་བའི་གཏམ་བཤད་པར་། ཁོང་གིས་ཨུ་ཡོན་ཀྲང་གཞོན་པ་པཎ་ཆེན་སྐུ་གཤེགས་པ་ནི་ང་ཚོའི་རྒྱལ་ཁབ་ལ་མཚོན་ན་རྒྱལ་གཅེས་རིང་ལུགས་པ་རླབས་ཆེན་ཞིག་དང་རྒྱལ་དོན་ཕྱག་ལས་མཁན་ཞིག་ཤོར་སོང་བ་ཡིན་ལ། ང་ཚོའི་ཏང་ལ་ཆ་མཚོན་ན་གྲོགས་པོ་བློས་ཐུབ་ཅིག་ཤོར་སོང་བ་ཡིན། བོད་རིགས་མི་དམངས་ལ་མཚོན་ན་ཕུལ་དུ་བྱུང་བའི་ཆོས་ལུགས་དབུ་ཁྲིད་རྒྱལ་གཅེས་པ་ཞིག་ཤོར་སོང་བ་ཡིན། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་པ་མ་ཟད་བོད་རིགས་མི་དམངས་ཚུད་པའི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཀྱང་ཡིན་ཞེས་བརྗོད་ཡོད།
འདི་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་བ་ལ་གདེང་འཇོག་ཡང་དག་པ་བྱས་པ་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་བ་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་ཉེར་བདུན་ཕྱིན་རྗེས་ཁོང་གི་ཕ་ཡུལ་དང་ཉེ་བའི་མདོ་སྨད་ཟི་ལིང་ནས་རྗེས་དྲན་བཞུགས་མོལ་ཚོགས་འདུ་བསྡུས་པ་འདི་ལ། གུས་པར་འོས་པའི་པཎ་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ་དང་། ཁོང་གི་འདུན་པའི་རྒྱུན་སྤེལ་བ། ཁོང་གི་དྲིན་དྲན་པ། ཁོང་གི་མཛད་འཕྲིན་གྱི་འཕྲོ་སྐྱོང་བ་བཅས་ཀྱི་ཐད་ནས་དོན་དངོས་དང་ལོ་རྒྱུས་གཉིས་ཕྱོགས་ནས་དོན་སྙིང་ཆེན་པོ་ཡོད།
གུས་པོས་པཎ་ཆེན་རིན་པོ་ཆེས་མི་རིགས་ཀྱི་རིག་གནས་དང་སློབ་གསོ། སྐད་དང་ཡི་གེ་བཅས་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་པའི་སྐོར་ནས་རྗེས་སུ་དྲན་པའི་གཏམ་ཅུང་ཟད་ཞུ་འདོད་བྱུང་།
རིག་གནས་སློབ་གསོ་ནི་མི་རིགས་དར་བའི་རྨང་གཞི་དང་སྒུལ་ཤུགས་ཡིན།
པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཚོགས་འདུ་ཆེ་ཆུང་གང་རུང་གི་གསུང་བཤད་དམ། བོད་ཁུལ་གྱི་ས་ཆ་སོ་སོར་གཟིགས་ཞིབ་ཏུ་ཕེབས་པའི་སྐབས་རིམ་པ་ཁག་གི་མགོ་ཁྲིད་དང་འཕྲད་སྐབས་ཀྱི་ཞལ་བརྡ་གང་གི་སྐབས་སུའང་མི་རིགས་རིག་གནས་སློབ་གསོ་དང་མི་རིགས་ཀྱི་སྐད་དང་ཡི་གེ་ཞལ་ནས་འདོར་མྱོང་མེད་ལ། ཁོང་གིས་ཞལ་ནན་མོའི་སྒོ་ནས་མི་རིགས་ཤིག་གིས་རང་གི་རིག་གནས་སྲོལ་རྒྱུན་དང་སྐད་དང་ཡི་གེ་དོར་བ་ཡིན་ན་དེའི་མཇུག་འབྲས་ནི་མི་རིགས་དེ་རྒུད་ནས་རྒུད་དུ་འགྲོ་རྒྱུ་ཁོ་ན་ཡིན། དེའི་ཕྱིར་ཚང་མས་མི་རིགས་རང་གི་རིག་གནས་སློབ་གསོ་ལ་མཐོང་ཆེན་བྱེད་དགོས་ཞེས་རྒྱུན་དུ་གསུང་ཡོད་ལ། ཁོང་གང་དུ་ཕེབས་ནའང་སློབ་གྲྭ་དང་སྨན་ཁང་། རིག་གནས་སྡེ་ཁག་བཅས་སུ་ཕེབས་ངེས་ཡིན་ཞིང་། དགེ་རྒན་དང་སློབ་མ། སྨན་པ། ཤེས་ལྡན་པ་བཅས་ལ་མཇལ་ཁ་གནང་ནས་ཁོ་ཚོ་ལ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་གནང་བཞིན་ཡོད། ཁོང་ས་ཆ་ཞིག་ལ་ཕེབས་རྗེས་ས་ཆ་དེ་ནས་ཕུལ་བའི་མཇལ་རྟེན་དང་བཀའ་དྲིན་གཏང་རག་གི་ཡོན་སོགས་ལས་མང་ཤོས་ནི་ས་ཆ་དེ་རང་གི་སློབ་གྲྭའི་ཆ་རྐྱེན་ལེགས་བཅོས་དང་མི་རིགས་རིག་གནས་དང་སློབ་གསོ་འཕེལ་རྒྱས་ཀྱི་འགྲོ་སོང་ལ་གནང་སྲོལ་ཡོད།
པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཐུགས་ཁུར་དང་མཐོང་ཆེན། སྐུལ་སློང་བཅས་བྱས་པའི་མཐུ་ཡིས། བོད་ཁུལ་ཡོངས་ཀྱི་སློབ་ཆུང་ནས་སློབ་འབྲིང་བར་དུ་བོད་སྐད་བོད་ཡིག་གིས་སློབ་གསོ་ཁྱབ་བརྡལ་བྱུང་ལ། ལྗོངས་ཞིང་ལྔའི་བོད་ཡིག་སློབ་དེབ་རྩོམ་སྒྱུར་གྱི་སྡེ་ཁག་ཀྱང་བཙུགས་ཡོད་ལ། བོད་ཁུལ་གྱི་རང་སྐྱོང་ཁུལ་བཅུ་རུ་མི་རིགས་དགེ་འོས་ཀྱི་ཆེད་སྦྱོང་སློབ་གྲྭ་བཙུགས་ནས་བོད་ཡིག་གི་རིག་ཚན་དང་རྩིས་ཚན་གཉིས་ཆ་ནས་དགེ་རྒན་གསོ་སྐྱོང་གི་རྟེན་གཞི་བཙུགས་ཡོད་པ་དང་། ཀྲུང་དབྱང་དང་ལྷོ་ནུབ་། ནུབ་བྱང་། མཚོ་སྔོན། བོད་ལྗོངས་བཅས་མི་རིགས་སློབ་གླིང་ཆེན་པོ་ལྔ་རུ་བོད་ཡིག་གི་ཆེད་ལས་སླར་གསོ་བྱས་ཤིང་བོད་ཡིག་གི་སློབ་ཁྲིད་བཙུགས་ཡོད།
སྤྱི་ལོ1985ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་གཉིས་ཀྱིས་སྣེ་ཁྲིད་ནས་ཀྲུང་དབྱང་ལ་བོད་ལྗོངས་སློབ་ཆེན་འཛུགས་དགོས་པའི་རེ་འདུན་ཞུས་ཡོད་ཅིང་། སྤྱི་ལོ1985ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་བོད་ལྗོངས་སློབ་ཆེན་ལྷ་ས་ནས་དངོས་སུ་བཙུགས་པ་རེད། འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་དེང་རབས་ཀྱི་ལུགས་ལྟར་བཙུགས་པའི་སྣ་འཛོམས་སློབ་ཆེན་དང་པོ་ཡིན་ཞིང་དེང་རབས་ཀྱི་ལས་རིགས་སོ་སོའི་མི་སྣ་གསོ་སྐྱོང་གི་ལྡུམ་ར་ཞིག་ཏུ་གྱུར་ཡོད།
སྤྱི་ལོ1987ལོའི་ཟླ་བཞི་བར་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད་གཉིས་ཀྱིས་སྐབས་དེར་རྒྱལ་ཁབ་ཀྱིས་བོད་ཁུལ་དུ་མ་རྩ་གཏོང་ཚད་མཐོན་པོ་མེད་པའི་གནས་བབ་ལ་ཐུགས་བསམ་བཞེས་ནས། བོད་ཀྱི་དམངས་ཁྲོད་དགེ་རྩ་ཚོགས་པ་དང་རྒྱལ་སྤྱིའི་རང་བཞིན་གྱི་སྤྱི་བསྡུའི་ཐེབས་རྩ་ཚོགས་པ་ཐོག་མ་སྟེ་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས་ཤིང་ཁོང་གིས་ཚོགས་གཙོའི་འགན་བཞེས། འདི་ཡིས་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཁུལ་འཛུགས་སྐྲུན་མ་རྩ་ཆེན་པོ་གཏོང་མི་ཐུབ་པའི་སྐབས་དེར་རོགས་རམ་གྱི་ནུས་པ་ལེགས་པོ་ཐོན་ཡོད། ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གཉིས་ནས་མ་རྩ་བསྡུས་ཤིང་བོད་ཁུལ་གྱི་རིག་གནས་དང་སློབ་གསོ། དཔལ་འབྱོར། ཚན་རྩལ། སྐྱེ་ཁམས་ཁོར་སྲུང་། དབུལ་སྐྱོར་དཀའ་སེལ་བཅས་ལ་མ་རྩའི་རོགས་རམ་གནང་ཡོད་ལ། ལྷག་པར་དུ་བོད་ཀྱི་རིག་གནས་དང་སློབ་གསོ་ལ་མ་དངུལ་འབོར་ཆེན་གནང་ཡོད།
སྤྱི་ལོ1987ལོའི་ཟླ་དགུ་བར་པཎ་ཆེན་རིན་པོ་ཆེས་པེ་ཅིང་ནས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ཤིང་ཁོང་གིས་གླིང་གཙོ་ཡི་འགན་བཞེས་པ་མ་ཟད་དངོས་སུ་སློབ་ཁྲིད་ཀྱི་བཀའ་དྲིན་བསྐྱངས། ཁོང་གིས་བོད་ཁུལ་ཡོངས་ཀྱི་གྲུབ་མཐའ་རིས་སུ་མ་ཆད་པའི་མཁས་དབང་དམ་པ་དང་དགེ་བའི་བཤེས་གཉེན་དག་སློབ་ཁྲིད་སྐྱོང་བར་གདན་དྲངས་ནས་གྲུབ་མཐའ་ཁག་གི་མཐོ་རིམ་ཆོས་ལུགས་ཤེས་ལྡན་པ་སྐོར་ཞིག་གསོ་སྐྱོང་གནང་ཡོད་ལ། མཐོ་རིམ་ནང་བསྟན་སློབ་གླིང་འདི་ཉིད་བོད་བརྒྱུད་ནང་བསྟན་དར་སྤེལ་དང་། ཆོས་ལུགས་རིག་གནས་ཡར་སྐུལ། མཐོ་རིམ་གྱི་ཆོས་ལུགས་ཤེས་ལྡན་པ་གསོ་སྐྱོང་གི་རྟེན་གཞི་ཞིག་ཆགས་ཡོད།
སྐད་དང་ཡི་གེ་ནི་མི་རིགས་ཀྱི་རིག་གནས་མཚོན་རྟགས་ཡིན།
པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་ལ་ཤིན་ཏུ་མཐོང་ཆེན་གནང་ཡོད་དེ། ཁོང་གང་དུ་ཕེབས་ཀྱང་བོད་པ་ཚོས་རང་གི་སྐད་དང་ཡི་གེ་སྦྱོང་དགོས་པའི་བཀའ་སློབ་གནང་ཡོད་ལ། སྐད་དང་ཡི་གེ་ནི་མི་རིགས་ཀྱི་རིག་གནས་མཚོན་རྟགས་ཡིན། གལ་སྲིད་མི་རིགས་ཤིག་གིས་རང་གི་སྐད་དང་ཡི་གེ་དོར་བ་ཡིན་ན། མི་རིགས་དེ་ནི་རང་ལ་རིག་གནས་ཀྱི་མཚོན་རྟགས་ཅི་ཡང་མེད་པའི་མིང་ཙམ་གྱི་མི་རིགས་ཤིག་ཏུ་གྱུར་བ་ཡིན་ཞེས་བསྟན་གནང་ཡོད།
སྤྱི་ལོ1982ལོར་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་བཅོས་སྐབས་པཎ་ཆེན་རིན་པོ་ཆེ་དང་། ཕུན་ཚོགས་དབང་རྒྱལ། ང་ཕོད་ངག་དབང་འཇིགས་མེད་སོགས་ཀྱིས་ཁྲིམས་བཅོས་བསམ་འཆར་གལ་ཆེན་བཏོན་ནས། མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་རང་སྐྱོང་བཅའ་ཁྲིམས་དུ་བཀོད་པ་རེད།
སྤྱི་ལོ1987ལོའི་ཟླ7པའི་ཚེས9ཉིན་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད་གཉིས་ཀྱིས《བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་དང་འབྲེལ་བའི་གཏན་འཁེལ་འགའ》ཞེས་པའི་ཐག་བཅད་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནས་གྲོས་འཆམ་ཡོང་བར་གྲོས་གཞི་བཏོན། ཁྲིམས་ལུགས་འདིས་བོད་ཁུལ་ཡོངས་ཀྱི་སྐད་དང་ཡི་གེ རིག་གནས་སློབ་གསོ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། དེའི་རྗེས་སུ་བོད་ཁུལ་གྱི་རང་སྐྱོང་ལྗོངས་བཅུ་ནས《བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་དང་འབྲེལ་བའི་གཏན་འཁེལ》ཞེས་པ་བཟོས་ཡོད་ཅིང་། ཁྲིམས་ལུགས་སྤྱད་ནས་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་པ་དང་བེད་སྤྱོད་པར་སྲུང་སྐྱོབ་བྱས་ཡོད།
རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཀྱི་བཅའ་ཁྲིམས་དུ་ཁ་གསལ་བོའི་སྒོ་ནས་བཀོད་ཡོད་པ་དང་། པཎ་ཆེན་རིན་པོ་ཆེས་ཐུགས་ཁུར་དང་རྒྱབ་སྐྱོར་སྟོབས་ཆེན་པོ་གནང་བ་ལ་བརྟེན་ནས། བོད་ཀྱི་སྐད་དང་ཡི་གེ་ལ་སྲུང་སྐྱོབ་དང་མཐོང་ཆེན་ཐོབ་ཡོད་ལ། རིམ་པ་ཁག་གི་སྲིད་གཞུང་གིས་མི་རིགས་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་བཅས་ཀྱི་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པ་དང་། ཁུལ་དང་རང་སྐྱོང་ལྗོངས་སུ་མི་རིགས་སྐད་ཡིག་ལོ་ཙཱ་དང་རྩོམ་སྒྲིག ཞིབ་འཇུག་བཅས་ཀྱི་སྡེ་ཁག་བཙུགས་ཡོད། བོད་ཁུལ་གྱི་སྒོ་བྱང་ཁག་དང་རྟགས་བྱང་། འགེལ་བྱང་། དཔང་ཡིག གཞུང་ཡིག་གི་ཡིག་མགོ་སོགས་སུ་རྒྱ་བོད་སྐད་གཉིས་སྤྱོད་པའི་མགོ་བཙུགས་ཡོད་པ་དང་། ས་ཆ་སོ་སོའི་ལས་བྱེད་སློབ་གྲྭ་རུ་བོད་ཡིག་སློབ་ཁྲིད་སླར་གསོ་བྱས་ཤིང་། བོད་སྐད་རླུང་འཕྲིན་དང་། བོད་སྐད་གློག་བརྙན་སྒྱུར་སྐྲུན། བོད་ཡིག་གི་དཔེ་ཆ་དཔར་འགྲེམ་སོགས་རིམ་གྱིས་མགོ་བཙུགས་ཡོད། བོད་ཁུལ་གྱི་སློབ་ཆུང་ཁག་དང་སློབ་འབྲིང་རེ་འགར་བོད་ཡིག་སློབ་ཁྲིད་སླར་གསོ་བྱས་ཡོད་ལ། བོད་རིགས་མི་དམངས་ལ་རང་གི་སྐད་དང་ཡི་གེ་སྤྱོད་པའི་དབང་ཆ་བྱུང་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་མི་རིགས་ཀྱི་རིག་གནས་དང་སློབ་གསོ། སྐད་ཆ་དང་ཡི་གེ་བཅས་ལ་མཐོང་ཆེན་སྔར་མེད་པ་གནང་བའི་མཛད་པ་འདི་ནི། འུ་ཅག་གིས་དེང་ཕྱིན་གངས་ལྗོངས་ཀྱི་རིག་གནས་བསྐྱར་དར་དང་། སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ། ཀྲུང་ཧྭའི་སྣ་འཛོམས་རིག་གནས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སོགས་གཏོང་བའི་ལས་དོན་ལ་དོན་དངོས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་པོ་ལྡན་ཡོད་དོ། །
2016ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།