གསང་ཕུའི་ཆོས་གྲྭ།

ཆོས་གྲྭ་ཆེན་པོ་གསང་ཕུ་ནེའུ་ཐོག་ནི། རབ་བྱུང་དང་པོའི་ཆུ་གླང་། ཕྱི་ལོ་ ༡༠༧༣ ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱིས་ཐོག་མར་ཕྱག་བཏབ། འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད། དེ་ཡང་ས་གནས་འདི་ཉིད་ཇོ་བོ་རྗེ་ནས་ལུང་བསྟན་ཀྱང་དགོན་པ་མ་བཏབ་བར་གསང་བར་ཞུས་པ་ལ་བརྟེན་ནས་ཆོས་གྲྭ་འདི་ཉིད་ཀྱི་མཚན་ལ་གསང་ཕུ་ཞེས་ཐོགས་པར་གྲགས། རྔོག་ལོ་ཆེན་པོས། རྒྱ་ཧོར་དང་། བོད་ཀྱི་ཕྱོགས་མཐའ་ཁག་ནས་འདུས་པའི་ཚོགས་ལ་ལོ་བཅུ་བདུན་གྱི་བར་དུ་ཆོས་འཁོར་བསྐོར་བ་ལས། སློབ་མ་ཡང་ཞང་ཚེ་སྤོང་དང་། འབྲེ་ཨར་རྣམ་གཉིས། གྲོ་ལུང་པ་སོགས་བསྐྲུན་ཅིང་བོད་འདིར་བཤད་སྒྲུབ་ཀྱི་རྒྱུན་འཕེལ་བ་རྗེ་འདིའི་བཀྲིན་ཡིན། དེ་ནས་ཞང་ཚེ་སྤོང་བ་དང་། དམྱལ་པ་རི་ལུས་སོགས་དང་། དེ་བས་ཆ་པ་ཆོས་ཀྱི་སེང་གེས་མཚན་ཉིད་ཀྱི་སྲོལ་བཏོད་ནས་དར་རྒྱས་བྱུང་བ་ལས། དུས་རབ་བཅུ་པ་དང་བཅུ་གཅིག་པའི་ནང་དུ་ས་སྐྱའི་རྩེ་བཙུན་བསོད་ནམས་རྩེ་མོ་དང་། འཇམ་མགོན་ས་པཎ་སོགས་དང་། དེ་ནས་དུས་རབས་བཅུ་བཞི་དང་བཅོ་ལྔར་ཀུན་མཁྱེན་ཀློང་ཆེན་དང་། ཀུན་མཁྱེན་རོང་སྟོན། རྗེ་ཙོང་ཁ་པ། པཎ་ཆེན་ཤཀྱ་མཆོག་ལྡན། ཀུན་མཁྱེན་གོ་རམས་པ། སྟག་ཚང་ལོ་ཙཱ་བ་ལ་སོགས་པ་བོད་བརྒྱུད་ནང་བསྟན་གྱི་མཁས་པ་ཕལ་མོ་ཆེའི་གྲྭ་ས་འགྲིམས་ས་ཡང་འདི་ཉིད་གྲགས་ཆེ་ཤོས་ཡིན། ཆོས་གྲྭ་ཆེན་པོ་འདི་ཉིད་ལས་བཤད་སྒྲུབ་ཀྱི་སྡེ་གཞན་མཆེད་པ་ནི། ཁུ་ཤེར་བརྩོན་གྱིས་ཐང་པོ་ཆེ་དང། ཨར་བྱང་ཆུབ་ཤེས་ཀྱིས་གནམ་རྩེད་ལྡིང། གཞུ་ཀུན་དགའ་རྭ་བ། གནམ་ལྗིང་ཁ། ཞང་ཨེ་པས་མོན་འདྲ་སོགས་པ། ཡང་གཉལ་ཞིག་གི་སློབ་མ་བུ་དགུ་ཡིས། ཞྭ་ལུར་བཤད་གྲྭ་བཙུགས། ས་སྐྱ། བྲག་རམ་གྱི་བཤད་གྲྭ་བཙུགས། ཚལ་གུང་ཐང་གི་བཤད་གྲྭ། ཁྲོ་ཕུར་བཤད་གྲྭ་བཙུགས་སོགས་ཤིན་ཏུ་མང་པོ་འཕེལ། འོན་ཀྱང་གདན་ས་བརྒྱད་པ་གཙང་པ་འཇམ་སེང་སྐབས་སུ། གླིང་སྟོད་གླིང་སྨད་གཉིས་སུ་གྱེས་ཤིང་། ཕྱིས་སུ་ཉམས་རྒུད་དུ་སོང་བས། ས་སྐྱ་དང་དགེ་ལུགས་ཀྱི་གྲྭ་ཚང་བཅུ་གཅིག་ཙམ་དང་། དེ་དག་ཀྱང་གྲྭ་ས་གཞན་དུ་བསྒྲིལ་བའམ། ས་གཞན་དུ་གཞིས་ཕབ་སྟབས་གསང་ཕུར་དབྱར་ཆོས་ཙམ་ལས་རྒྱུན་གཏན་གྲྭ་སུམ་ཅུ་ཙམ་ལས་མེད་ལ། ས་དགེའི་བླ་ཁག་བཅུ་ནས་གྲྭ་མང་ན་སྟོང༌། ཉུང་ན་ལྔ་བརྒྱ་ཙམ་གྱིས་དུས་འགྱུར་བར་དབྱར་ཆོས་དུས་འགྱུར་མ་བྱུང་བར་ཚུགས་སྲོལ་ཡོད་ལ། དུས་ཕྱིས་ཀྱི་ཆོས་གྲྭའི་བཀོད་པ་ཡང་། ཁྱམས་ཀ་བ་སོ་ལྔ་པ་ཞིག་གསོས་གསར་མཛད་བྲིས་ཕྱེད་རྙིང༌། ཕྱེད་གསར། མདོར་ཁྱམས་ཆེན། སྦུག་ན་ཀ་བ་བཅུ་གཉིས་པའི་ལྷ་ཁང་དབུས་སུ་མཆོད་ཁྲི་དང་། རྔོག་ལོ། ཇོ་འབྲོམ། ཕྱཱ་པ། ས་པཎ་། འཇམ་དབྱངས་རྩོད་རྒྱལ་རྒྱ་གར་ལི་མ་མི་ཚད། ཡུལ་ཝ་ར་ན་སི་ནས་གདན་དྲངས་པའི་ཐུབ་སྐུ་བྱིས་པ་ལོ་བརྒྱད་པའི་ཚད། གཡས་སུ་བསེ་ཁྲབ་པའི་མགོན་ཁང༌། གླིང་སྟོད་སྟེང་ཁང་བར་ཁང་ཕུག་ཀུན་ཀུན་མཁྱེན་རོང་སྟོན་སྐུ་འདྲ་མི་ཚད་སོགས་སྐུ་གསུང་ཐུགས་རྟེན་མང་བ་བཅས་སོ། །དུས་འགྱུར་སྐབས་རྩ་གཏོར་དུ་ཕྱིན་པར་བརྟེན། ད་ལྟ་རྭ་བ་སྨད་གྲྭ་ཚང་ཙམ་ལས་གཞན་ཉམས་གསོ་ཐུབ་མེད།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།