བྲག་དགོན་གསང་སྔགས་ཆོས་གླིང་གི་ལོ་རྒྱུས།

བྲག་དགོན་གསང་སྔགས་ཆོས་གླིང་གི་ལོ་རྒྱུས་དཀར་ཆག་ཏུ་བཀོད་པ་མེས་པོའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་བུདྡྷ་དྷརྨ་སངྒ་ཡ།

༄༅། །འདོད་ནས་མངོན་པར་སངས་རྒྱས་གྱུར་ཀྱང་ཐུན་མོང་གདུལ་བྱའི་སྣང་ངོ་རུ། །

གྲངས་མེད་གསུམ་དུ་ཚོགས་གཉིས་རྒྱ་མཚོ་ཞུམ་མེད་དམ་བཅས་རྫོགས་པར་མཛད། །

བསྐལ་བཟང་འདི་ལ་སྨོན་ལམ་སྟོབས་ཀྱི་མི་མཇེད་ཞིང་འདི་སྐྱོབས་པའི་མགོན། །

རྣམ་འདྲེན་བཞི་པ་ལྷ་ཡི་ལྷ་དེ་ཚེ་རབ་གཏན་གྱི་སྐྱབས་སུ་བརྟེན། །

རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་ངོ་མཚར་མཚན་དཔེའི་དཀྱིལ་འཁོར་ནི། །

དྲི་མེད་མདང་ལྡན་པད་སྡོང་རྩེ་མོར་རྫུས་སྐྱེས་ཞབས་སེན་བཀོད་དང་ལྷན། །

ཞིང་འདིར་ཐེག་མཆོག་བསྟན་པ་སྤེལ་མཛད་མཚོ་སྐྱེས་རྡོ་རྗེ་འགྲོ་བའི་མགོན། །

དད་པས་གུས་ཕྱག་ལན་བརྒྱ་འབུལ་ལོ་དགེ་ལེགས་ཤིས་པའི་བྱིན་ཆེན་ཕོབ། །

མཚམས་སྤྲིན་གསར་པའི་ལང་ཚོ་རབ་འབར་ཤེས་རབ་རལ་གྲིའི་འཕྲུལ་ཐབས་ཀྱིས། །

སྲིད་པའི་མ་རིག་རྨོང་མུན་ཡོངས་བཅོམ་རྗེ་བཙུན་བསྟན་པའི་འཁོར་ལོ་ཡིས། །

གཉིས་འཛིན་འཁོར་བའི་བག་ཆགས་སྟུག་པོ་ཐུགས་རྗེའི་འོད་ཀྱི་རབ་གསལ་ནས། །

མཁྱེན་གཉིས་ཡེ་ཤེས་གཏེར་ལ་དབང་བའི་གཟུང་སྤོབ་བློ་ཡི་སྣང་བ་རྩོལ། །

མཁྱེན་པའི་ཡེ་ཤེས་ཉི་འོད་གཅིག་གི་གངས་ལྗོངས་མུན་གླིང་གསལ་བར་བྱས། །

ཐུགས་བསྐྱེད་བཙན་པོའི་གོམས་སྟབས་གཅིག་གི་འཕགས་ཡུལ་གསང་མཛོད་བོད་ལ་དྲོངས། །

ཆོས་ཉིད་གཟིགས་པའི་ལྟ་བ་གཅིག་གི་ཚེ་ལུས་འདི་ལ་ཟུང་འཇུག་བརྙེས། །

ལོ་པན་ཡོངས་ཀྱི་གཙུག་གི་རྒྱན་གྱུར་སྒྲ་སྒྱུར་རྒྱལ་པོ་བཻ་རོ་འདུད། །

གསང་ཆེན་བཀའ་གཏེར་སྨིན་གྲཽལ་སྤྲིན་གྱི་བཅུད། །

གངས་ལྗོངས་གདུལ་བྱའི་ཞིང་སར་ཕབ་དང་ལྷན། །

རྒྱལ་བསྟན་བཤད་སྒྲུབ་དབྱར་རྔ་ཕྱོགས་ཀྱི་མཐར། །

ཁྱབ་མཛད་གཏེར་བདག་གླིང་པ་གུས་ཕྱག་འབུལ། །

ཚུལ་ཁྲིམས་ཕུང་པོ་གསེར་གྱི་རི་ངོས་ཐོས་བསམ་སྒོམ་པའི་ལོ་འདབས་རྒྱས། །

ཏིང་འཛིན་མི་གཡོ་རྒྱ་མཚོ་དྭངས་པོར་རིག་སྟོང་གསལ་བའི་འོད་དཀར་ཤར། །

ཤེས་རབ་འོད་བརྒྱའི་སྣང་བ་གསལ་བས་སྐལ་ལྡན་གདུལ་བྱའི་ལམ་མཁན་མཛད། །

ངག་གི་དབང་ཕྱུག་ཆོས་དཔལ་རྒྱ་མཚོ་མི་ཤིག་སྙིང་དབུས་རྟག་ཏུ་བཞུགས། །

རྒྱལ་བསྟན་རིན་ཆེན་ཆུ་ལྷའི་ཕང་ཕྱོགས་ཚེ། །

ཐུགས་བསྐྱེད་རྟ་བདུན་སྣང་བ་འབུམ་ཕྲག་གིས། །

བཀའ་གཏེར་བཤད་སྒྲུབ་པད་ཚལ་རྒྱས་མཛད་མཁས། །

རྒྱལ་སྲས་དྲིན་ཆེན་མཆོག་དེ་རྣམ་པར་རྒྱལ། །

ཀ་དག་རང་རིག་ལྷུན་འཇམ་རྫོགས་པ་ཆིའི། །

འོད་གསལ་ཀློང་ལས་ཟག་ཟད་སྐུ་བརྙེས་པ། །

མི་ཕམ་མགོན་པོའི་རྣམ་འཕྲུལ་བྲག་དགོན་པ། །

བློ་བཟང་ཡོང་འདུའི་བཀའ་དྲིན་དུས་འདིར་དྲན། །

གདོད་ནས་རྣམ་གྲོལ་ཞི་བར་བརྙེས་ཀྱང་རྗེས་ཆགས་སྙིང་རྗེའི་སྒྱུ་འཕྲུལ་སྟོང༌། །

དཔག་ཡས་གདུལ་བྱའི་མོས་བློ་དང་འཚམས་རབ་འབྱམས་ཞིང་དུ་སྤྲོ་བའི་གཉེན། །

རྣམ་འདྲེན་སྟོང་གི་གསང་གསུམ་བཀོད་པ་གཅིག་བསྡུས་ཁྱབ་བདག་བླ་མ་ཡི། །

དོན་བརྒྱུད་དགོངས་པའི་བྱིན་རླབས་འོད་སྣང་མི་ཤིག་སྙིང་གི་པད་མོར་རྩོལ། །

གང་གི་མཁྱེན་བརྩེ་བདུད་རྩིའི་བུམ་པ་ལས། །

འོང་བའི་ལེགས་བཤད་ཟེག་མ་རེ་རེས་ཀྱང༌། །

བདག་བློ་རྨོང་པའི་དྲི་མ་འཁྲུད་མཁས་པའི། །

བཤེས་གཉེན་དམ་པའི་ཚོགས་ལ་རྟག་ཏུ་གུས། །

རིག་བརྒྱའི་ཁྱབ་བདག་འགྱུར་མེད་རྡོ་རྗེ་ཡི། །

རིག་སྟོང་ཀློང་ནས་ལུང་དུ་བསྟན་པའི་གནས། །

རིག་འཛིན་འདུས་སྡེ་གསང་སྔགས་ཆོས་གླིང་གི །

ལོ་རྒྱུས་མེས་པོའི་ཞལ་ལུང་འདི་ན་བ་བྲི། །  ཞེས་མཆོད་པ་བརྗོད་པས་མདུན་བསུས་ཏེ་གང་གླིང་བར་བྱ་བ་ནི། བོད་གངས་ཅན་གྱི་བསྟན་པ་ཡོངས་རྫོགས་ཀྱི་ཕྱི་མོར་གྱུར་པ་གསང་ཆེན་སྔ་འགྱུར་བ་འདི་ལ་བསྟན་པའི་བབས་སོ་ཆེན་པོ་གསུམ་དུ་བྱུང་བའི་བརྒྱུད་འཛིན་དེ་ལ། སྟོད་ན་རྡོར་སྨིན་དཔལ་གསུམ། སྨད་ན་ཀ་དཔལ་རྫོགས་གསུམ་ཞེས་ཡོངས་སུ་གྲགས་པའི་གདན་ས་ཆེན་པོ་དྲུག་གི་དགོན་མ་ལག་དང་བཅས་པས་མདོ་སྔགས་བསྟན་པ་སྤྱི་དང་ཁྱད་པར་སྔ་འགྱུར་ཡོ་ག་སྡེ་གསུམ་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་ཇི་ལྟར་མཛད་ཚུལ་ངོ་མཚར་བའི་ལོ་རྒྱུས་རིན་ཐང་ཅན་ཁུང་ལྡན་མང་དུ་བཞུགས་པ་ཡིན་ལ། འདིར་སྐབས་སུ་བབས་པ་སྔ་འགྱུར་གདན་ས་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་བརྒྱུད་འཛིན་པ་གོ་འཇོ་བྲག་དགོན་གསང་སྔགས་ཆོས་འཁོར་གླིང་གི་ལོ་རྒྱུས་དཀར་ཆགས་རྩམ་དུ་བསྐོད་པ་ལ། །དེ་ཡང་འཛམ་གླིང་གི་ཡང་རྩེའི་ཏོག་ཏུ་གྱུར་ཅིང་མཐོ་ལ་བརྗིད་ཆགས་པའི་རབ་དཀར་གངས་ཀྱི་ལྷུན་པོ་དག་གི་དུང་གི་མུ་ཁྱུད་ལྟར་ཟླུམ་པོར་བསྐོར་བའི་དབུས་ན། མཐིང་མདོག་གནམ་སྔོན་ཞུན་མ་ས་ལ་བསྐྱིལ་བ་ལྟ་བུའི་ཡན་ལག་བརྒྱད་ལྡན་གི་མཚོ་དང་མཚེའུ། མཐའ་མི་མངོན་པའི་གདོད་མའི་ནགས་ཚལ་གི་ཡལ་འདབ་སྟུག་པོ་ཀུན་ནས་འཁྲིག་ཤིང་དྲི་ལྡན་མེ་ཏོག་དང་རོ་བཅུད་ཕན་སུམ་ཚོགས་པའི་འབྲས་བུའི་ཁུར་གྱི་དུད་པ། མུ་མེད་པའི་རྩྭ་ཐང་གནམ་གྱི་མཐའ་དང་འགྲོག་ཞིང་གཡུ་མདོག་གི་ལངས་ཚོས་སྒེག་ཅིང་དཀར་དམར་མེ་ཏོག་དང་རང་བྱུང་སྐྱེ་དངོས་གཡུར་དུ་ཟ་བ། གངས་ཀྱི་རི་བོའི་འདབས་རོལ་ནས་གཞུར་བའི་ཆུ་ཀླུང་ཆེན་པོ་དག་ཀྱང༌། ལ་ལ་ནི་དམར་འོད་དང་འཁྱུག་འགྲོས་ཀྱིས་བབས་པས་གནམ་ས་གློག་གི་འབྲེལ་བ་ལྟ་བུ། ལ་ལ་ནི་རྦ་རླབས་དྲག་ཏུ་གཡོ་ཞིང་མྱུར་འགྱོག་གི་འབབས་པས་སྦྲུལ་ནག་ཁྱུང་གི་དེད་པ་ལྟ་བུ། །ལ་ལ་ནི་གསེར་གྱི་བྱེ་མ་འདྲེན་བཞིན་དལ་གྱི་འབབས་པ་ལྷ་ཡིས་ཆུ་བོ་དང་ཀུན་ནས་འཚུངས་པ་ལྟ་བུ་སྟེ། གནམ་སའི་སྐེ་རག་ལྟ་བུའི་ཆུ་བོ་དག་ཕྱོགས་དང་ཕྱོགས་སུ་བཞུར་བ། རིགས་མི་གཅིག་པའི་རི་སྐྱེས་སྲོག་ཆགས་གནམ་ལ་འཕུར་དགུ །ས་ལ་འཛུལ་དགུ །རི་དྭགས་འཕྱོ་དགུ་སོགས་སྣ་ཚོགས་པ་ཁྱུ་དང་ཁྱུ་བྱས་ཏེ་བག་ཡང་སུ་རྒྱུ་བ་སོགས་ངོ་མཚར་བའི་སྣོད་བཅུད་ཀྱི་བསྐོད་པ་འབུམ་གྱིས་ཡོངས་སུ་ཕྱུག་པ་འདི་ནི་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་གཅིག་ཏུ་བསྡུས་པ་འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང་བོད་གངས་རིའི་ལྗོངས་ཞེས་རྒྱལ་བ་ཤཱཀྱ་སེང་གེས་ཡང་ཡང་བསྔགས་ཞིང༌། ཆོས་རྒྱལ་མེས་དབོན་རྣམས་གསུམ་སོགས་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དག་གི་སྟོབས་དང་དཔུང་བཙན་པོས་མཐའ་བཞི་དམག་གི་བརྟུལ་ནས་མཐའ་ཐང་མཐའ་བརྒྱ་བསྐྱེད། བློ་ཤེས་འཛང་འཕྲུལ་གི་ལམ་ནས་ཆོས་དང་རིག་གནས་ཀྱི་སྒོ་ཕྱེས་སྟེ་འཛམ་གླིང་གསུམ་གཉིས་ཀྱི་ས་ལ་དབང་བསྒྱུར་བའི་བཙན་པོ་རིམ་བྱོན་གྱི་བཞུགས་གནས། གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་སོགས་རིག་འཛིན་གྲུབ་ཐོབ་མང་པོས་ཞབས་ཀྱི་བཅག་ཏེ་བྱིན་གྱིས་བརླབས་པའི་གནས། མདོ་སྔགས་བསྟན་པ་གཉིས་ལྡན་དུ་དར་བའི་ཆོས་ཚིག་ཀྱི་ཡུལ་དབུས། ཆེན་པོ་བོད་ཀྱི་རྒྱལ་ཁབ་འདི་ལ་སྟོད་ལ་མངའ་རིས་བསྐོར་གསུམ་དང༌། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཅེས་ཡོངས་སུ་གྲགས་པའི་ཡུལ་གྲུུ་ཆཻན་པོ་གསུམ་ལས། གྲུའཛིན་ཀྱི་གཞལ་མེད་ཁང་ཆེན་པོ་པོ་ཏ་ལ་འཕགས་མཆོག་ཕྱག་ན་པདྨོ་མིའི་རྗེ་བོར་བཞུགས་པའི་གནས། ཡུལ་ལྷ་ལྡན་དབུས་སུ་བཞག་པའི་ཤར་ནས་ཤར་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་ཟླ་འབྲི་ཆུ་བོ་ཆེན་པོ་གཉིས་ཀྱི་མཐའ་ནས་བརྒྱན་པའི་སྨར་ཁམས་ལྷ་སྒང་རིང་མོ་ཞེས་གངས་རི་དང་རྫ་རི་ནགས་རི་བྲག་རི་སྤང་རི་སོགས་བརྒྱ་ཕྲག་དུ་མ་མུ་འབྲེལ་གྱི་རྒང་རྒྱུད་གཅིག་དུ་གྲུབ་པའི་ས་ཡི་ཆར། སྨར་ཤོད་གོ་འཇོ་ཞེས་ནོར་འཛིན་ཡང་པའི་གཞི་འདི་ལ་ཕྱི་ཡི་ཆགས་ཚུལ་གྱི་ངོས་ནས་བཤད་ན། མེ་ཏོག་པད་མ་སྟོང་ལྡན་གྱི་འདབ་བརྒྱ་ཀུན་ནས་གྲོལ་བ་ལྟ་བུ། ཕུ་ན་རྩི་བཅུད་མེ་ཏོག་གི་བརྒྱན་པའི་སྤང་ལྗོངས་ཡུག་ཅིག་གི་བར་དང་བར་འཚམས་རྣམས་སུ་དར་དཀར་ལ་ཐོད་བཅིང་འདྲའི་གངས་དཀར། ལྕགས་ཀྱི་མདུང་སོ་བཤིབ་འདྲའི་རྫ་རི། གླང་ཆེན་ས་ལ་ཉལ་འདྲའི་སྤང་རི། རིན་པོ་ཆེའི་བ་གམ་བརྩེགས་འདྲའི་བྲག །མི་རྒོད་ཀྱི་དཔུང་པ་བརྐྱང་པ་ལྟ་བུའི་སྒང་རྒྱུད། མཐའ་ཡས་པའི་རྩྭ་ཐང་དང༌། དྭངས་ཤིང་གཙང་བའི་མཚོ་དང་འཚེའུ། གཡུ་མདོག་འདབ་ལོ་རྒྱས་པའི་ཚང་ཚིང། ཡན་ལག་བརྒྱད་ལྡན་གྱི་རྫ་ཆབ་བསིལ་མ་དག་སྤང་དང་མེ་ཏོག་སོགས་སྐྱེ་དངོས་རྣམས་ལ་དཔལ་བསྐྱེད་ཅིང་གང་ལའང་གནོད་པ་མེད་ཅིང་གང་ལའང་མ་ཆགས་པའི་ཚུལ་དུ་དལ་གྱི་བཞུར་བ། སྔོ་ལྗངས་གཡུ་ལོ་ཡི་འདབ་མ་འཐུག་ཅིང་དཀར་དམར་མེ་ཏོག་གི་ཚོམ་བུ་བཀྲ་བའི་རྩ་ཐང་སྟེང་དུ། སྒྲ་ཐང་སྨུག་གི་འདབ་མས་ས་གཞི་གཡོག་ཅིང༌། རྟ་ནོར་ལུག་གི་ཁྱུ་དཔུང་རི་ལུང་འགུལ་བ། ནོར་ལོངས་སྤྱོད་ཀྱི་འཕེལ་ཁ་ཀླུ་ལ་འགྲན་པ་ལྟ་བུའི་འབྲོག་སྡེ་ས་ཡི་རྩི་ཐོག་ལྟ་བུའི་ཟུར་ནས་བརྒྱན་ཅིང་ཟླུམ་པོར་བསྐོར་བས་པད་མའི་འདབ་བརྒྱ་ཀུན་ནས་གྲོལ་བ་ལྟ་བུ། མདའ་ན་ས་གཞི་ཁ་རྒྱ་ཆེ་ཞིང་ལུང་པ་ཕུ་ཐག་རིང་བ་སའི་དཔྱད་བཟང་བ། རང་སྡེ་དང་འབྲོག་སྡེ་འབྲེལ་བ། རི་ཐམས་ཅད་འཇམ་ལ་གཞོལ་བ། ཐང་ཐམས་ཅད་ད་བདེ་ལ་ཡང་པ། ཆུ་ཐམས་ཅད་དྭངས་ལ་གཙང་བ། ཤིང་ཐམས་ཅད་དྲང་ལ་ལྡེམ་པ། ཞིང་ཐམས་ཅད་སྣུམ་ལ་བཤིན་པ་སྟེ་ཡུལ་གྱི་བཀཽད་པ་མཛེས་ཞིང་ལྟ་ན་སྡུག་པ། དེ་ན་ཁང་ཁྱིམ་གྲུ་བཞི་བསྐོད་པ་ལེགས་ཞིང༌། གཟའ་བཏུང་གོས་ཀྱི་ལོངས་སྤྱོད་ཆེ་བ། མི་ཆོས་ཡ་རབ་ཀྱི་གོམ་གཤིས་བཟང་བ། ལྷ་ཆོས་དགེ་བའི་རྒྱུ་འབྲས་ཞིབ་པ། ཕྱུག་པོ་ཀླུའི་བང་མཛོད་དང་བཙན་པོ་སྟག་གི་སྡེ་བ་མཐོ་ནམ་མཁའི་སྐར་ཚོགས་ས་ལ་བབས་པ་ལྟར་གྲངས་མང་ལ་རྒྱ་ཆེ་བས་གང་བ། གཞན་ཡང་ཇི་སྐད་དུ། ཐུགས་རྗེ་ཆེན་པོ་འཛམ་གླིང་འདིར་བྱོན་ནས། ལྷོ་ཕྱོགས་པོ་ཊ་ལ་ཡི་རྩེར་བཞུགས་ཏེ། །བོད་དུ་ཞལ་གཟིག་སྐུ་ལས་འོད་ཟེར་འཕྲོས། །ས་གཞི་ཐམས་ཅད་བྱིན་གྱིས་རླབས་པ་ཡིས། གར་ཕོག་བྲག་ལ་སྐུ་དང་ཡིག་འབྲུ་དང༌། ཡིག་དྲུག་ལ་སོགས་རང་བྱོན་མང་དུ་བྱུང༌། །ཞེས་གསུངས་པ་ལྟར། གོ་འཇོའི་སྟོད་ན་གནས་ཆེན་མཚམ་གྱི་མ་ནི་འབྲུ་དྲུག་ཞེས་རི་ལ་ཡིག་དྲུག་རང་བྱོན་བོད་གངས་ཅན་ཙམ་ན་ངོ་མཚར་ཆེ་བར་གྲགས་པ་དེ་དང༌། བོད་ཡུལ་གྱི་མི་ཕྱུགས་དང་རྩི་བཅུད་ལོ་རྟོག་གི་བདག་པཽ་ཀླུ་རྒྱལ་མི་མགོན་དཀར་པོའི་ཕོ་བྲང་མཚམས་ཀྱི་ཆུ་མིག་དཀར་མོ། བར་ན་ཐང་ཡིག་ལས། དེ་ནས་ཁམས་ཀྱི་སིང་གེ་བྲག་དུ་བྱཽན། །མ་སང་གཡའ་སྤང་སྐྱེས་གཅིག་བྱ་བ་ནི། རྒན་པོའི་མགོ་ལ་སྤྲེའུའི་ཞྭ་གྱོན་པ། མགོ་བོ་སློབ་དཔོན་དཔང་དུ་བཞག་བྱས་ནས། རྐང་པ་ཁམས་ཀྱི་གཡེར་མོ་ཐང་ལ་བརྐྱངས། ཞེས་པའི་གཡེར་མོ་ཐང་དང༌། དེ་ནས་ཁམས་ཀྱི་བླ་བ་རྐང་གཅིག་བྱོན། །ཐེ་རང་མ་ལུས་ཐམས་ཅད་དམ་ལ་བཏག །ཞེས་གསུངས་པའི་བླ་བ་རྐང་གཅིག་གནས་པའི་བྲག་དང་གཡེར་མོ་ཐང་འདབས་འགྲེལ་དུ་ཡོད་པ། ཁྱད་པར་སྨར་ཕུར་པ་ཐང་དུ་སློབ་དཔོན་ཆེན་པོས་མཐའ་འདུལ་གྱི་གཙུགས་ལག་ཁང་བཞེངས་ཞིང་ཡུལ་ལྷ་རྡོ་རྗེ་ངང་དཀར་དམ་ལ་བཏག་ཞིང་ཕུར་པའི་བསྲུང་མར་མངའ་གསོལ་བའི་གནས་སྨར་ཐང་ཕུར་པའི་ལྷ་ཁང༌། སྨད་ན་ཐང་ཡིག་ཤེར་གྲག་མ་ལས། མཁའ་འགྲོ་ཕུག་པ་ཟླ་བགསུམ།  ཞེས་གསུངས་པའི་གླང་ལུང་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་བྲག་ཕུག་དུ་སྒྲོལ་མའི་སྐུ་རང་བྱོན་གསུང་འབྱོན་མ་གྲགས་པ་བཞུགས་ཞིང་གཞན་ཡང་གནས་དེའི་སྟོད་སྨར་བར་གསུམ་དུ་སྐུ་དང་ཡིག་འབྲུ་ཕྱ་མཚན་གཏེར་གནས་སོགས་བྱིན་རླབས་ཀྱི་གཟི་བྱིན་འབར་ཞིང་ངོ་མཚར་བའི་བསྐོད་པ་འབུམ་གྱིས་སྤྲས་པ་དེ་དང༌། གཞན་ཡང་ཐང་ཡིག་ལས། མདོ་སྨད་ཨན་ཆུང་གནམ་རྫོངས་བྲག་ཕུག་དུ། མ་སང་རྒྱལ་པོ་འགིང་པར་བཞུགས། རྨུ་བདུད་རྗེ་རྒྱལ་ཞེ་སྡང་ཆཻ་ཞེས་སོགས་གསུངས་པའི་མ་སང་སྤུན་དགུ་ཡང་གནས་འདི་དང་འདབ་འབྲཻལ་དུ་གནས་པ་ཡིན་ནོ། །དེ་ལྟ་བུའི་གནས་ཀྱི་གཙོ་བོ་གསུམ་ལ། ཡལ་ག་དང་ལོ་མ་ལྟ་བུའི་གནས་ཕྲན་ཤིན་ཏུ་མང་བ་ཨོ་རྒྱན་ཆེན་པོ་སོགས་རིགས་འཛིན་གྲུབ་ཐོབ་རྣམས་ཀྱི་ཞབས་ཀྱི་བཅག་ཞིང་བྱིན་གྱི་བརླབས་པའི་སྒྲུབ་གནས་ས་སྤྱོད་ཞིང་གི་མཚན་ཉིད་ཅན་གྱི་གང་བ་སྟེ། འགྲོ་བའི་རྒྱུད་ཀྱི་སྒྲིབ་གཉིས་སྦྱོངས་པའི་གནས་ཁྱད་པར་ཅན་ཡིན་ཏེ། འདུལ་བ་ལུང་ལས། བཅོམ་ལྡན་འདས་ཀྱི་བཀའ་རྩལ་པ། བྱང་ཕྱོགས་གང་རི་ཁྲོད་ན་ས་རྡོ་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པ་ཡོད་དོ་ཞེས་གསུང་པའི་ཕྱིར་རོ། །གཞན་ཡང་གནས་དང་ཡུལ་གྱི་བདག་པོ་རི་དབང་སྤུན་དགུའི་ཡ་གྱལ་སྨར་མོ་ལྷ་རྡོ་རྗེ་ངང་དཀར་ནི་དང་པོ་སློབ་དཔོན་ཆེན་པོས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་དམ་ལ་བཞག་ཏེ་ཕུར་པའི་བསྲུང་མར་མངའ་གསོལ། བར་དུ་གླིང་རྗེ་གེ་སར་རྒྱལ་པོ་མི་ཡུལ་དུ་ཕེབས་པའི་མ་ཡུམ་ཀླུ་མོ་ཡལ་ག་མཛེས་ལྡན་ཨོ་རྒྱན་ཆེན་པོ་ལ་དབང་ཡོན་དུ་ཕུལ་རྒྱུའི་གྲོག་དན་མཛད་ཅིང་ཀླུ་གཙུག་ན་རིན་ཆེན་གྱི་མཆོད་གནས་མཛད། ཐ་མ་མྱོས་ཀྱི་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་བཀའ་ཉན་ཅིང་ཕྲིན་ལས་སྒྲུབ་པའི་དཀོར་བདག་རྡོ་རྗེ་ངང་དཀར་ཞེས་དཀར་ཕྱོགས་ཀྱི་བསྟན་བསྲུང་ཆེན་པོ་དེས་ཡུལ་ལ་དབང་བྱེད་པ། དམ་པའི་ཆོས་དར་ཚུལ་གྱི་ངོས་ནས་བཤད་ན། སྤྱིར་བཀའ་བབས་ཀྱི་གྲུབ་མཐའ་ཆེན་པོ་བཞི་དང་ཁྱད་པར་དུ་སྔ་འགྱུར་ཡོ་ག་གསུམ་གྱི་བསྟན་པ་འཛིན་པའི་ཆོས་སྡེ་རྣམས་སུ་བསླབ་གསུམ་གྱི་ཕྱག་བཞེས་གཙང་ཞྀང་སྟན་འགྲོར་ཕན་པའི་མཛད་རྗེས་ཆེ་བའི་དགེ་འདུན་གྱི་གྲངས་མང་ལ་ཐམས་ཅད་ཀྱང་རྒྱལ་བསྟན་འཁོར་ལོ་གསུམ་ལ་གཅིག་དུ་གཞོལ་བས་ང་བདེན་ཁྱེད་རྫུན་དང༌། ཁ་ཤག་བཤད་རལ་ཙམ་ལ་བློ་མི་གཏོད་པ། ཀུན་ཀྱང་རྒྱལ་བའི་བསྟན་པ་ཉག་གཅིག་ཏུ་འཛིན་ཅིང༌། སྙིང་པོའི་བསྟན་པ་དར་བས་ཚོགས་བསགས་པའི་ཡུལ་ཁྱད་པར་ཅན་གྱི་གང་བ།  ཡུལ་གྱི་རྗེ་བོ་ལྡིང་དཔོན་བཅུ་གཉིས་ཀྱི་བཙན་རྗིད་ཁྲིམས་ཀྱི་བཞུང་སྲོང་ཏེ་བཟང་བྱས་ལ་ངོ་སོ་བསྟོད།  ངན་བྱས་ལ་ཆད་པ་བཅད། ཕྱིའི་དགྲ་འདུལ་ནང་གི་འཁོར་འབངས་སྐྱོངས་བས་ཁ་དྲག་བཙན་རྗིད་ཆེ་བའི་གོང་ན་དཔོན་གྱི་གདུང་རབ་ཀྱི་ལོ་རྒྱུས་ཆེ་ས། བློ་གྲོས་ཤེས་རྒྱ་ཅན་གྱི་རྒན་རབ་གྲལ་མགོ་ནས་བརྒྱན་ན་གཏམ་དང་གྲོས་ཀྱི་ཆུ་མགོ །དཔའ་རྩལ་བཏུལ་ཕོད་ཅན་གྱི་དཔའ་བོས་གྲལ་སྐེད་བརྒྱན་ན་དམར་ཡག་སྟག་གི་གདོངས་གྲལ། ཁོག་ཤེས་འཛངས་འཕྲུལ་ཅན་གྱི་མ་སྲུའི་གྲལ་མཐའ་ནས་བརྒྱན་ན་ལོངས་སྤྱོད་གཡང་གི་རྒྱ་མཚོ། ཤེས་རིག་མེ་ཏོག་བཀྲ་བའི་གཞོན་སྐྱེས་ཀྱི་རྩེ་ར་བརྒྱན་ན་རིག་གནས་ཀྱི་བང་མཛོད་དུ་གྱུར་པ་སྟེ་ཡ་རབ་གཤིས་བཟང་དང་རྒྱུ་འབྲས་དྲངས་བདེན་ཅན་འབངས་ཀྱི་མི་རབ་སོགས་ལོ་རྒྱུས་ཀྱི་འཕེལ་རིམ་མཐོ་ཞིང་དངོས་ཡོད་ཀྱི་དན་རྟག་མང་བའི་ཡུལ་ལྗོངས་འདི་ལ། ནང་ཤེས་བྱ་རིག་པའི་གནས་ལ་གོ་རྟོགས་བཟང་ཞིང༌། ཕྱི་དངོས་པོའི་ལོངས་སྤྱོད་གཏེར་དུ་འཇོ་བས་ན། གོ་འཇོ་ཞེས་མིང་དུ་ཆགས་སོ། །

རབ་དཀར་གངས་ཀྱི་རི་བོ་ཚར་དུ་མངར༌།

རབ་ཡང་སྔོ་ལྗང་རྩྭ་ཐང་ཕ་མཐའ་ཡས། །

རབ་མང་ཕྱུགས་ལུགས་དཀར་ནག་ཐང་མ་རྡལ། །

རབ་མཛེས་ཡ་མཚན་ཀུན་ལྡན་བོད་ཀྱི་ཡུལ། །

སྟེང་ན་རྗེ་ཡི་གདུང་རབ་རི་ལས་བརྗིད། །

བར་ན་འབངས་ཀྱི་མི་རབ་ཆུ་ལས་རིང༌། །

འཕགས་ཚོགས་དགེ་འདུན་འདུ་བ་མཚོ་ལྟར་རྒྱས། །

གཡང་ཆགས་འདོད་དགུའི་འབྱུང་གནས་མདོ་ཁམས་སྒང༌། །

དེ་ཡང་གོ་འཇོའི་ལོ་རྒྱུས་ཡོངས་གྲགས་ཀྱི། །དཔོན་ལ་སྔ་བ་བྲག་གླན་རྩེ་གསུམ་ཞེས་གྲགས་ཞིང༌། །སྨར་ཤོད་གོ་འཇོའི་ཡུལ་གྱི་སྟོད་ཀྱི་ཆ་ལ་དབང་བསྒྱུར་བའི་བྲག་མགོ་དཔོན་ཚང༌། །གོ་འཇོའི་བར་གྱི་ཆ་ལ་དབང་བསྒྱུར་གླན་ཆུང་དཔོན་ཚང༌། གོ་འཇོའི་སྨད་ཀྱི་ཆ་ལ་དབང་བསྒྱུར་རྩེ་རང་དཔོན་ཚང་ཞེས་ཡོངས་སུ་གྲགས་པའི་ནང་ཚན་མི་རྗེ་རྩེ་རང་དཔོན་བདེ་ཆེན་རྡོ་རྗེས་ཡུལ་འདིར་དབང་བསྒྱུར་བ་ནས་ད་ལྟའི་བར་དཔོན་རབ་ཉི་ཤུ་རྩ་ལྔ་བྱོན་པ་ཡིན་ཞིང༌།དཔོན་རབ་སྔོན་མ་རྣམས་ཀྱི་དུས་སུའང་མཆོད་གནས་གཙོ་བོ་སྔ་འགྱུར་རྙིང་མ་དང༌། བཀའ་བརྒྱུད་པ་ཡིན་པར་མངོན་ཏེ། སོག་པོ་གུ་ཤྲི་ཧན་གྱི་དམག་མ་བྱུང་བའི་སྔོན་དུ་རྩེ་རང་ཡུལ་ལྔ་འབྲོག་དང་ཚོ་ཁག་དྲུག་ལ་མཆོད་གནས་དགོན་པ་དྲུག་ཡོད་པ་ལོ་རྒྱུས་དག་ལས་གསལ་ལ། བོད་རབ་བྱུང་བཅུ་གཅིག་པའི་མགོ་ཙམ་ནས་གྲུབ་མཐའ་སྨྲ་བ་ཁ་གཅིག་གི་ཆགས་སྡང་གི་སྦྱོར་བས་སོག་པོ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་དམག་ཕབས་ཏེ། བོད་ཀྱི་ཆབ་སྲིད་པ་གཙང་པ་སྡེ་སྲིད་སོགས་མིང་གི་ལྷག་མ་བཅོམ་ཏེ་བོད་རང་དབང་གི་འཚོ་བའི་སྟོབས་འབྱོར་གཞན་དབང་ཅན་དུ་བསྒྱུར་བ་མ་ཟད།  བཀའ་བརྒྱུད་སོགས་དབུས་གཙང་ཕྱོགས་ཀྱི་དགོན་སྡེ་ཁག་ཅིག་གཏོར་བཅོམ་དང་ཁ་ཅིག་དགེ་ལུགས་སུ་བསྒྱུར་བཀོད་བྱས། དེ་མཚུངས་ཁམས་ཕྱོགས་སུའང་སོག་པོའི་དམག་གི་ཡུལ་སྡེ་བཅོམ་པ་དང་དགོན་པ་རྣམས་གཏོར་བརླག་དང་མེར་བསྲེགས་པ།  ཤིང་ནགས་མེར་བསྲེགས་བཏང་བ་སོགས་ངན་སྤྱོད་གི་དྲག་ལས་ཚབ་ཆེན་བཟོས་པ་ལྟར། ཡུལ་འདི་ཡང་གཉུག་མར་གནས་བཞིན་པའི་རྩེ་རང་ཡུལ་དགོན་ཚང་མ་སོག་དམག་གི་གཏོར་བཅོམ་བྱས་ནས་ཆགས་པའི་རྟེན་མེད་པ་གྱུར་རྗེས། ཡུལ་པ་རྣམས་གནས་མལ་སྤོས་པ་དང་འབྲོག་པ་སོར་གནས་ཐུབ་ཙམ་བྱུང༌། འཛོམ་རི་བདེ་ཆེན་དགོན་དང༌། གདོང་པིས་དགོན། ལྷ་ང་དགོན། བ་བཤའ་རུ་ལུ་དགོན། གདོང་གཉའ་ཐོང་ལུང་དགོན།  རྔམས་སེང་བྲག་དགོན་ཏེ་མཆོད་གནས་དགོན་པ་དྲུག་ལས་གདོང་པིས་དགོན་དང་ལྷ་ང་དགོན། གཉིས་ཀྱི་ཞིག་རོ་ཅུང་ཟད་ལུས་པ་ལས་གཞན་རྣམས་མེར་བསྲེགས་གཏང་ཏེ་རྩ་མཐོར་དུ་གྱུར། འོན་ཀྱང་ཀུན་གཟིགས་ལྔ་པ་ཆེན་པོ་སྲིད་ཁྲིར་ཕེབས་པ་ནས་རིས་སུ་མ་ཆད་པའི་བསྟན་འཛིན་སྤྱི་དང་ཁྱད་པར་ཐམས་ཅད་མཁྱེན་པ་ཟུར་ཆེན་ཆོས་དབྱིངས་རང་གྲོལ། རྡོ་རྗེ་འཆང་ཕ་ཝང་ཁ་པ་དཔལ་འབྱོར་ལྷུན་གྲུབ། རྡོ་རྗེ་བྲག་རིག་འཛིན་པད་མ་ཕྲིན་ལས། ཆོས་རྒྱལ་གཏེར་བདག་གླིང་པ། ཞ་ལུ་མཁན་ཆེན་སོགས་ངེས་དངོས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དག་རྩ་བའི་བླ་མ་རུ་བརྟེན་ཅིང༌། ཆགས་སྡང་ཕྱོགས་ལྷུང་སྨྲ་བའི་མཚན་ཉིད་པ་སྐམ་པོའི་གྲལ་ལ་མ་བཞུགས་པ། ཀུན་གྱི་སྤྱི་མིག་གཅིག་ཏུ་བཞུགས་ཤིང༌། ཆོས་ཀྱི་རྒྱལ་པོ་འཕགས་པའི་དུས་ལྟར་གྲུབ་མཐའ་སྨྲ་བ་ཀུན་ཀྱང་སྔར་བཞིན་རང་ལུགས་སྐྱོངས་རྒྱུའི་བཀའ་ཕེབས་པ་ནས། གུ་ཤྲི་རྒྱལ་པོས་ཀྱང་ཁས་བླང་ཐོག །ཆགས་སྡང་འོག་འགྱུའི་བསམ་སྦྱོར་ངན་པ་རྣམས་བག་ལ་ཞ་བར་གྱུར་ཏོ། །སྐབས་དེར་རྩེ་རང་དཔོན་ཆེན་ཀུན་དགའི་དུས་སུ་ཆོས་རྒྱལ་གཏེར་བདག་གླིང་པའི་དངོས་སློབ་རྩེ་རང་བླ་མ་ཡེ་ཤེས་འོད་ཟེར་རམ་དགེ་སློང་བློ་བཟང་ཡོངས་འདུ་ནས་བྲག་དགོན་གསང་སྔགས་ཆོས་གླིང་འདི་ཐོག་མར་ཕྱག་བཏབ་པ་ཡིན། དེ་ཡང་བདག་ཉིད་ཆེན་པོ་རྩེ་རང་བླ་མ་བློ་བཟང་ཡོངས་འདུ་ནི་ཡུལ་གླང་མདའ་ཞེས་པར། རིག་རུས་ལོངས་སྤྱོད་ཕུན་སུམ་ཚོགས་པ་བྲག་སྒང་ཚང་ཞེས་པའི་ཁྱིམ་དུ་ཡབ་ཉ་འཕེན་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ནང་དུ་སྐུ་འཁྲུང༌། མཚན་ཡེ་ཤེས་འོད་ཟེར་གསོལ། །དེ་ཡང་བདག་ཅག་གི་སྟོན་པའི་རྣམ་ཐར་དང་མཚུངས་པ་ཐོག་མར་འཁོར་དང་ལོངས་སྤྱོད་ཅན་གྱི་རིགས་སུ་འཁྲུང་པ་ལ་བརྟེན་རང་གི་གཅེན་པོ་དང་གཉིས་ཀས་ཚོང་དང་སོ་ནམ་སོགས་འཇིག་རྟེན་གྱི་བྱ་བ་བསྒྲུབ་བཞིན་པའི་སྐབས་ཞིག །གཅིག་དབུས་ཕྱོགས་དང༌། གཅིག་དར་མདོར་ཚོང་ལ་ཕྱིན་ནས། ཕྱིར་རང་ཡུལ་ལོག་དུས་གླང་སྟོད་འཛམ་གླིང་འབུར་གྱི་སླས་སུ་ཉིན་གཅིག་མཉམ་དུ་སླེབས། རྒྱ་དབུས་ཀྱི་ཚོང་པ་གཉིས་དུས་གཅིག་ལ་ཁྱིམ་དུ་འབྱོར་ན་མི་ལེགས་པ་བཤད་སྲོལ་ཡོད་པ་ལྟར། བྱད་ཁ་ལྟ་བུའི་གཅེན་པོ་མི་རིང་བ་ཚེ་ལས་འདས་པས་རྐྱེན་བྱས། ཐུགས་ལ་ངེས་འབྱུང་དྲག་པོ་སྐྱེས་ཏེ། དམ་པ་རྣམས་ནི་སེམས་གཏན་པ་མི་ལྡོག་པ་ཡིན་པས། དེ་མ་ཐག་ཚམ་ཚོམ་མེད་པ་དྲེའུ་བཅུ་ཡི་དངོས་ཟོག་དང་བཅས་པ་བསྣམ་ནས་དབུས་ཕྱོགས་སུ་བྱོན།  དབུས་སུ་འབྱོར་སྐབས་གཏེར་བདག་གླིང་པའི་མཚན་སྙན་ཐོས་པ་ཙམ་གྱི་མི་ལྡོག་པའི་དད་པ་སྐྱེས་ཏེ་ཚེ་རབ་དུ་མར་དགེ་བའི་བཤེས་གཉེན་དུ་བརྟེན་པའི་བག་ཆགས་སད་དེ་ལམ་ལ་ཉིན་མཚན་ལྟོས་མེད་དུ་ལྷོ་ཕྱོགས་གཡོ་རུའི་ཕྱོགས་སུ་བྱོན་ནས་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་ཞལ་དངོས་སུ་མཇལ་ཞིང་དངོས་འབྱོར་གང་ཡོད་མཎྜལ་དུ་ཕུནས་རྗེས་སུ་འཛིན་པར་ཞུས་པས་བླ་མས་ཀྱང་ཐུགས་རྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང༌། ཡོངས་རྫོགས་དགེ་བསྙེན་ཀྱི་སྡོམ་པས་གཞིར་བཟུང༌། བཀའ་གཏེར་སྨིན་གྲོལ་དང་བཅས་པ་གསན་བསམ་མཐར་ཕྱིན་མཛད་ཏེ་ཐུགས་ཀྱི་སྲས་སུ་གྱུར། ཁྱད་པར་གཏེར་ཆེན་རིན་པོ་ཆེས་མོན་ཤ་འུག་སྟག་སྒོའི་ཟབ་གཏེར་འདོན་པའི་དུས་སུ་རྟེན་འབྲེལ་གྱི་གནད་ལ་མེད་དུ་མི་རུང་བའི་ནང་འཁོར་བ་ཡིན་ཏེ། ཡང་བྱང་ལས། དེ་ལྟར་རྟེན་འབྲེལ་གནད་རྣམས་ཀུན༔ མ་འཆོལ་ལུང་བཞིན་འགྲིག་པ་ན༔ ཟབ་མོའི་གཏེར་འདི་འདོན་ལ་དབང་༔ དུས་ནི་འདུག་པ་སྤྲེའུའི་ལོ༔ དམ་ལྡན་སློབ་མའི་རྟེན་འབྲེལ་དང་༔ ཆོས་བདག་བསྐུལ་བྱང་འཛོམ་པ་ན༔ གཏེར་འདི་འདོན་པའི་དུས་ཡིན་ནོ། །ཞེས་འབྱུང་བ་ལྟར། ཤ་འུག་གི་་ཟབ་གཏེར་ཐུགས་རྗེ་ཆེན་པོ་བདེ་བཤེགས་ཀུན་འདུས་ཆ་ལག་དང་བཅས་པ་སྤྱན་དྲངས་བའི་ཐོག་མར་ཁམས་པ་ཡེ་ཤེས་སོགས་ནང་འཁོར་རྣམས་ལ་གཏེར་རྫས་ཀྱི་བྱིན་རླབས་མཛད་པ་ཡིན་ཞེས་གཏེར་ཆེན་ནང་རྣམ་ལས་གསལ་བ་ལྟར་རོ། །རྒྱལ་དབང་ལྔ་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་མཚན་བློ་བཟང་ཡོངས་འདུ་གསོལ། གཏེར་ཆེན་སྐུ་མཆེད་ལས་མདོ་སྔགས་དགོངས་འབྲེལ་དང་བཅས་པ་དཔག་ཏུ་མེད་པ་སྔ་ཕྱི་ཅི་རིག་པ་གསན་བསམ་མཛད་ཅིང་ཉམས་སུ་བླངས། གཞན་ཡང་གབ་རྒྱ་ཅན་གྱི་ལུང་བྱང་སྙིང་གཏམ་གསང་བའི་ཡི་གེ་ལས། ལས་ལྡན་ཆོས་ཀྱི་བདག་པོ་དང་༔ མཆུག་མེད་རྟེན་འབྲེལ་འགྲིག་གྱུར་ན༔ མཛད་པ་ཕྲིན་ལས་མཐར་ཕྱིན་ཞིང་༔ ཕན་དང་བདེ་བ་དཔག་མེད་འབྱུང་༔ འགྲོ་དོན་ལྷག་མ་ཀོང་ཁམས་དང་ཿ དབུ་རུའི་ཕྱོགས་རྣམས་ཀུན་ལ་དརཿ ཁྱད་པར་གཡོ་རུ་གཙང་མའི་སར༔ འདི་ཉིད་འཆད་ཅིང་སྒྲུབ་པའི་སྡེ༔ ཚོམ་བུ་གཅིག་ཏུ་འདུས་པ་དག །བཙོན་པས་བསྒྲུབ་ན་འགྲུབ་འགྱུར་ཞིང༌། །མ་འོང་བསྟན་པ་ཆེར་འཕེལ་ཏེ། བོད་ཀྱི་བདེ་སྐྱིད་གོང་དུ་སྤེལ༔ ཞེས་གསུང་པའི་དོན། གཏེར་ཆེན་ཉིད་ཀྱི་གཏེར་ཆོས་རྣམས་འཆད་ཉན་སྒོམ་སྒྲུབ་ཀྱི་ཉམས་སུ་ལེན་པའི་ཆོས་སྡེ་ཆེན་པོ་དཔལ་ཨོ་རྒྱན་སྨིན་གྲོལ་གླིང་དང༌། གཞན་ཡང་བོད་གངས་ཅན་གྱི་མཐའ་དབུས་ཀུན་དུ་ཆོས་བརྒྱུད་དང་སློབ་བརྒྱུད་ཀྱི་མ་ཁྱབ་པ་མེད་པ་ལྟ་བུ་འབྱུང་བ་དང༌། ཁྱད་པར་ཁམས་ཀོང་ཕྱོགས་སུ་ཤིན་ཏུ་དར་རྒྱས་འབྱུང་བ་ལུང་བསྟན་པ་ལྟར། སྨར་ཤོད་གོ་འཇོའི་ཡུལ་དུ་གཏེར་ཆེན་ཀྱི་དངོས་སློབ་འོད་ཟེར་མིང་ཅན་གསུམ་གྱི་དགོན་ས་གསུམ་བཏབ་པ་ཡང༌། ཤེས་རབ་འོད་ཟེར་ནས་འཁོར་ཁྱིམ་དགོན་དང༌། པད་མ་འོད་ཟེར་ནས་དུར་ཁྲོད་དགོན་པ། ཡེ་ཤེས་འོད་ཟེར་ནས་བྲག་དགོན་གསང་སྔགས་ཆོས་གླིང་བཅས་གསར་དུ་ཕྱག་བཏབ་པ་ཡིན་ལ། དེ་ཡང་ཙེ་རོང་བླ་མ་ཡེ་ཤེས་འོད་ཟེར་རམ་དགེ་སློང་བློ་བཟང་ཡོངས་འདུ་མཆོག་ནས་གཏེར་ཆེན་སྐུ་མཆེད་བརྙེས་པ་གསུམ་གྱི་ཡུན་རིང་བརྟེན་ནས་ཆོས་དང་གདམས་ངག་ཞུན་མཐར་བཅད་ཅིང་རང་ཡུལ་དུ་འབྱོན་ཁར་བླ་མས་ད་ཁྱེད་ཀྱི་ཕ་ཡུལ་དུ་རང་ལུགས་འཛིན་པའི་དགོན་པ་ཞིག་ཐོབ་དང་མ་འོང་པར་རང་བསྟན་ལ་ཕན་ཐོག་པ་ཞིག་འོང་ངེས་གསུངས། དེར་ཁོང་གི་རང་ཡུལ་གྱི་ས་ཆ་བཟང་ས་རྣམས་སྨོས་ཏེ་དགོན་གནས་གང་ལ་བྱེད་ཞུས་པས། གུ་རུ་སྟེང་དུ་དགོན་ས་མི་བཟང༌། རྒྱབ་ཀྱི་རི་དེ་མོ་རི་ཞིག་རེད་འདུག་པས་གསུངས། བྲག་ནག་ཐང་དུ་ཡང་མི་ཉན། བྱང་ཕྱོགས་ན་བྲག་ནག་པོ་སྦྲུལ་ནག་ཐུར་ལ་རྒྱུག་པ་འདྲ་བ་དེས་གནོད་གསུངས། ད་ལྟེ་ཁྱེད་རང་ཡུལ་དུ་འབྱོར་སྐབས་སྲུང་མའི་རྟེན་བཀལ་བའི་དྲེའུ་དེ་གང་ན་ཉལ་བྱུང་བ་དེར་དགོན་པའི་ས་ཡིན། ནོར་བའི་དོག་པ་མི་དགོས་ཤ་བ་ཡུ་མོས་ཤེའུ་བསྐུང་ས་འདྲ་ཞིག་ཡོད་གསུངས་ནས་གསལ་བར་ལུང་བསྟན་མཛད། ཁྱེད་རང་སྲུང་མ་གང་འདྲ་དགོས་གསུང་པ་ལ། ཚེ་འདིར་སྐྱོབས་ནུས་ལ་ཕྱི་མར་འདྲེན་ནུས་པ་ཞིག་དགོས་ཞུས་པས་དེ་འདྲ་དུར་ཁྲོད་ལྷ་མོ་ངན་ནེ་མ་འདིས་འོང་བ་ཡོད་གསུངས་ནས་སྐུ་རྟེན་དུ་གཏེར་ཆེན་ཉིད་ཀྱི་ཤང་འཚལ་ལས་ལོ་ཆེན་དྷརྨ་ཤྲིས་ཕྱག་བྲིས་གནང་བའི་དུར་ཁྲོད་ལྷ་མོའི་ཞལ་ཐང་ཤིན་དུ་བྱིན་ལྡན་དང་གཞན་ཡང་བསྟན་གསུམ་ཅི་རིག་པ་དགྱེས་རྩལ་མཛད། དེ་དང་ཆབ་ཅིག་གོང་ས་ནས་ས་ཡི་བདག་པོ་ཀུན་གཟིགས་ལྔ་པ་ཆེན་པོའི་འདྲ་འབག་ང་འདྲ་མ་སྨན་འདམ་ལས་གྲུབ་པ་ཞིག་རྟེན་སྐལ་དུ་རྩལ།  དེ་ནས་སྐུ་གསུང་ཐུགས་རྟེན་རྣམས་དྲེའུ་དཀར་མོ་ཞིག་ལ་བཀལ་ཏེ་རང་ཡུལ་སླེབས་སྐབས་ཕྱུག་སླས་ཐང་ཞེས་པ་དེར་དྲེའུ་ཉལ་བྱུང་བ་ལ་བླ་མས་ལུང་བསྟན་པའི་ས་གནས་ཡིན་པར་ཤེས་ནས། ད་ལྟ་བླ་བྲང་ཡོད་སའི་བྲག་དམར་པོ་ལྷ་ཐང་བཤམ་འདྲའི་འོག་དེར་སྔར་བོན་པོའི་རི་ཁྲོད་ཞིག་ཤུལ་ཡོད་པ་དེར་ཕེབས་པས་བྲག་རྩ་ན་མི་ཐོད་ལྕི་བས་གང་བའི་ནང་དུ་མེ་ཏོག་སེར་པོ་ཞིག་སྐྱེས་འདུག་པ་རྟེན་འབྲེལ་ལེགས་པ་དགོངས་ཞིང༌། འཁྲུལ་མེད་ཀྱི་ས་མིག་ཡིན་པ་ངེས་ཤེས་སྐྱེས། བྲག་ཕུག་གི་འདབ་རོལ་དུ་ཤིང་སྣ་ཚོགས་སྐྱེས་པ་ཤ་ཡུ་མོས་ཤེའུ་བཀུངས་ས་འདྲ་བ་དངོས་སུ་མཐོང་ཞིང༌། བླ་མ་ལ་དད་པ་ལྷག་པར་སྐྱེས་ཞིང་བསྟན་པ་མཐར་རྒྱས་འབྱུང་བའི་སྨོན་ལམ་དང་བཅས་རབ་བྱུང་བཅུ་གཉིས་པའི་ས་འབྲུག་ལོར་དགོན་འདི་ཐོག་མར་ཕྱག་བཏབ། དེ་ལྟར་དགོན་གནས་འདི་རྗེ་གཏེར་ཆེན་བླ་མས་སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་ནས་ལུང་བསྟན་པས་བྱིན་ཆེ་བ་མ་ཟད། ས་ཡི་དཔྱད་ཀྱང་ཤར་ཕྱེས། ལྷོ་དཔུང༌། ནུབ་འདན་པ་བྱང་ཡོལ་བས་བྲེས་པ་ལྟ་བུ་སྟེ་ས་ཡི་ཀ་བ་བཞི་ཚང་ཞིང༌། དབེན་ལ་ཉམས་དགའ་བ། རང་བཞིན་ཀྱི་ཤེས་པ་གསལ་ལ་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་སོགས་དབེན་པའི་ཡོན་ཏན་སྤྱི་དང༌། ཁྱད་པར་དུ་གནམ་འཁོར་ལོ་རྩིབ་བརྒྱད། ས་པདྨ་འདབས་བརྒྱད། ལོག་བཀྲིས་རྟག་བརྒྱད་ཀྱི་ཡོངས་སུ་བསྐོར་བ་སྟེ། དེ་ཡང་སྟག་རྩེའི་བྲག་གི་ཤུག་པ་དབུ་ལ་གདུག །གླང་ཆུའི་གཡས་གཡོན་གི་སྤང་ལ་གསེར་ཉ། ནིས་ཆུང་འབུར་གཏེར་གྱི་བུམ་པ། ལུང་པ་ཕན་ཚུན་རྣམས་མེ་ཏོག་གི་འདབ་ལྟར་དགྱེས་པས་པད་མ། ཆུང་མོའི་བྲག་འདི་གསུང་ལ་དུང་དཀར། མདུན་གྱི་ན་བ་ཐུགས་ལ་དཔལ་བེའུ། གསེར་མཁར་གདོང་མི་ནུབ་པའི་རྒྱལ་མཚན། གུ་རུ་ཐང་གསེར་གྱི་འཁོར་ལོ་ཏེ་བཀྲ་ཤིས་པའི་རྟག་བརྒྱད་དང༌། གདོང་ཞོ་ནི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་གདན་ལ་བཞུགས་འདྲ། རི་སྤུན་ནི་བློན་པོས་འཁོར་འབངས་བདེ་བར་སྐྱོང་འདྲ། དཀར་ཤམ་མ་བཙུན་མོས་བུ་ནོར་ལོངས་སྤྱོད་སྤེལ་འདྲ། ཉིན་གྱི་བྲག་ཅང་ཤེས་རྟ་མཆོག་གི་གོམ་འགྲོས་ངོམ་འདྲ། དབུ་ཀྲི་ནི་སྟོབས་ལྡན་དམག་དཔོན་གྱི་ཕ་རོལ་ཟིལ་གྱི་གནོན་འདྲ། སྲིབ་མཐའ་འདི་ཐེག་ཆེན་གླང་པོ་ལ་ནོར་བུ་བཀལ་འདྲ། དཀར་ཟེ་ནག་ཟེ་བསམ་འཕེལ་གྱི་ནོར་བུའི་དགོས་འདོད་རྩོལ་འདྲ་སྟེ་རྒྱལ་སྲིད་བདུན། ཤར་གྱི་སྲིབ་ལམ་འདི་རྒྱ་སྟག་འཛུམ་དྲུག་ངོམ་འདྲ། ལྷོ་ཡི་བྱེ་མ་སྔོ་ཉག་འདི་གཡུ་འབྲུག་གྱེན་ལ་རྒྱུག་འདྲ། བྱང་གི་དབང་ཚེའི་བྲག་འདི་རུས་སྦལ་གྱེན་ལ་འཛེག་འདྲ་སྟེ་ས་ཡི་བསྲུང་བཞི་དང༌། གཞན་ཡང་ཤར་གྱི་རི་འགེམ་འདི་སྤང་རི་འཇམ་ལ་གཞོལ་བས་ཞི་བའི་ལས་ཀུན་འགྲུབ་པའི་ས་དཔལ་དང༌། སྤང་རི་སུལ་མང་བ་ཆོས་གོས་གདོང་གཟར་གྱི་ཚུལ་དུ་ཡོད་པ་འདུལ་ཁྲིམས་ལ་བསྔགས་པའི་ས། ལྷོ་ཕྱོགས་ཀྱི་རི་རྣམས་བསམ་འཕེལ་གྱི་ནོར་བུ་དཔུང་འདྲ་རྩི་ཤིང་ནགས་ཚལ་རྒྱས་པས་ཚེ་བསོད་དབང་ཐང་རྒྱས་པའི་ས་དཔལ། ནུབ་ཕྱོགས་ས་གཞི་རི་བྲག་རྣམས་དམར་ཞིང་ཆུ་བོ་དབང་ཕྱོགས་ནས་འབབས་པས་དབང་གི་ལས་ཀུན་འགྲུབ་པའི་ས་དཔལ། བྱང་ཕྱོགས་བྲག་ནག་དཀྱིལ་གདོང་འདི་དཔལ་ཆེན་བཛྲ་ཀི་ལ་ཡ་རང་བྱུང་དྲག་ལ་རྩུབ་པ་དྲག་པོའི་ལས་ཀུན་འགྲུབ་པའི་ས་དཔལ། གཞན་ཡང་གཡས་རི་དུང་དཀར་གཡས་སུ་འཆིལ་འདྲ། གཡོན་རི་དར་དཀར་གྱི་རྒྱལ་མཚན་དགུང་ལ་ཕྱར་འདྲ། རྒྱབ་རི་གཡུ་འབྲུག་་མཁའ་ལ་འཕྱོ་འདྲ་སྟེ་སྙན་གྲགས་ཆེ་བའི་ས་དཔལ། སྟེང་ལ་རྨ་བྱའི་གདུག་དང༌། འོག་ན་སེང་གེའི་ཁྲི་སྟེ་དབང་ཐང་ཆེ་བའི་ས་དཔལ། འོག་གི་རྡོ་རྗེ་ལྕགས་ཕུར་འདི་ས་ཡི་གཏན་ཕུར། སྟེང་གི་ནམ་མཁའ་ལ་གནམ་ཀྱི་འཇུ་ཐག །ཤར་དུ་ཟམ་ཆུང་འགག་སྒོ་དང༌། ནུབ་ཏུ་རྫ་མོ་འཕྲང་སྒོ་གཉིས་འདི། ཕྱིའི་དགྲ་བགེགས་ནང་ལ་མི་འཇུག་ཅིང༌། ནང་གི་དངོས་གྲུབ་ཕྱི་ལ་མི་འཁྱོར་བའི་ས་དཔལ། གཞན་ཡང་དགོན་གནས་འདིའི་གཡས་གཡོན་རྒྱབ་མདུན་སོགས་སུ་སྐུ་དང་ཡིག་འབྲུ་ཕྱག་མཚན་སོགས་རང་བྱོན་ངོ་མཚར་བ་དག་གི་ཀུན་ནས་མཛེས་པར་སྤྲས་པའོ། །དགོན་གནས་འདིའི་ཉེ་ལོག་རྣམས་སུ། ཐང་ཤིང་དང་ཤུག་པ་སྟག་མ། བ་ལུ་དང༌།  ཉ་སྒྲིག་སོགས་བཟང་ཤིང་གི་རིགས་སྣ་ཚོགས་འདབ་ལོ་འཁྲིག་ཅིང་གཡུར་དུ་ལྡེམ་པ། གཟིག་དང༌། བྲེད་དང༌། དབྱི་དང༌། སྤྱང་ཀི་དང༌། ཝ་མོ་སོགས་གཏུམ་རྗིད་གཅན་གཟན་གྱི་ཚོགས་སྣ་ཚོགས་པ་བག་ཡངས་སུ་འཕྱོ་བ། ཤ་བ་དང༌། རྣ་བ་རྒོ་བ་བླ་བ་སོགས་རི་སྐྱེས་སྣ་ཚོགས་ཆུ་དང་ཆུ་བྱས་ཏེ་རྩེ་ཞིང་གནས་པ། བྱ་རྒོད་དང་གླག་ནག་དང༌། གོ་བོ་དང་གོང་མོ་དང༌། འཇོལ་མོ་དང༌།  བྱ་དཀར་སོགས་བྱ་རིགས་སྣ་ཚོགས་མཛེས་པའི་སྤུ་སྡུག་བཀྲ་ཞིང༌། སྙན་ཞིང་འཇེབས་པ་མགྲིན་པའི་རྫ་རྔ་ཅི་ཡང་འཁྲོལ་བཞིན་བག་ཕེབ་ཏེ་གནས་པ། ས་གཞི་ཐམས་ཅད་ལ་རྩྀ་ཐོག་དང༌། སེར་ཆེན་དང༌། གུར་ཀུམ་དང༌། ཨུཏྤལ་དང༌། ཨུག་ཆོས་དང༌། ཤང་དྲིལ་དང༌། གླང་སྣ་སོགས་མེ་ཏོག་དང་སྨན་སྤོས་རིག་མི་གཅིག་པ་སྣ་ཚོགས་གོ་མཚམ་མེད་པ་ཡོངས་སུ་ཁེང་ཞིང་མཛེས་སྡུག་གི་དཔལ་ངོམ་ཞིང་དྲི་བཟང་གི་ངད་འཐུལ་བ་སུམ་རྩེན་ལྷ་ཡུལ་གྱྀ་བཀོད་པ་མ་ལུས་པ་འདིར་འཕོས་པ་ལྟ་བུའོ། །

གཡུ་མདོག་ལང་ཚོ་རྒྱས་པའི་དབྱིག་འཛིན་མར། །

དཀར་དམར་མེ་ཏོག་མཛེས་པའི་དོ་ར་ན། །

རང་བྱུང་རི་སྐྱེས་སྣ་ཚོགས་བརྩེ་བ་ཅན།

ཉམས་དགའི་དབེན་པའི་རི་བྲག་ཀུན་ནས་མཛེས། །

སྣ་ཚོགས་ཚོན་མདང་འཛིན་པའི་རྐང་མཐུང་ཁར། །

སྙན་འཇེབས་མགྲིན་གླུུ་སྒྲོག་པའི་འདབས་ལྡན་དག །

དུས་བཞི་མགྲོན་དུ་འབོད་པའི་དུང་བརྡ་ཡིས། །

མི་རྟག་ངེས་འབྱུང་བསྐུལ་བའི་སློབ་དཔོན་འདྲ། །

བར་ཀྱི་ཚིགས་སུ་བཅད་པ་གཉིས་སོ། །དེ་ལྟར་དགེ་བའི་བཤེས་གཉེན་བློ་བཟང་ཡོངས་འདུའམ་ཡེ་ཤེས་འོད་ཟེར་འདི་ཉིད་ཐོག་མར་འཁོར་བ་ལ་ངེས་འབྱུང་དྲག་པོས་བཙན་ཕྱུག་དར་གསུམ་འཛོམ་པའི་ཡབ་བཞིས་བྲག་སྒང་ཚང་གི་འཁོར་བའི་བྱ་བཞག་མཆིལ་མའི་ཐལ་བ་བཞིན་བོར་ནས་རྗེ་གཏེར་ཆེན་ཡབ་སྲས་ཀྱི་ཞབས་པད་གཉེས་པ་གསུམ་གྱི་བསྟན་ཏེ་ཐུགས་ཀྱི་བཅུད་བླང༌། བླ་མས་ལུང་བསྟན་པའི་དགོན་གནས་ཁྱད་པར་བ་འདི་ཉིད་དུས་དང་རྟེན་འབྲེལ་འཆུག་མེད་དུ་བདག་གི་བཟུང་ནས་ཐོག་མ་བྲག་ཕུག་ལ་བརྟེན་པའི་མགོན་ཁང་འདི་ལ་རྟེན་གསུམ་བཞུགས་སུ་གསོལ་ནས་གཏན་ཆག་སུ་བཞུགས་པས་བྲག་དེའི་ངོས་ལ་མ་མོའི་སྲོག་ཡིག་ཡི་གེ་བྷྱོ་རང་བྱོན་དང༌། བྲག་ཁུང་དུ་ལྷ་མོའི་བླ་བྱ་ཀྱུང་ཀའི་ཚང་རྒྱུན་ཆགས་སུ་གནས་པ་བྱུང༌། དེས་ན་སྲུང་མ་དུར་ཁྲོད་ལྷ་མོ་འདི་ཕྱི་ལ་དཔའ་ཞིང་ནང་དུ་བཀྲ་ཤིས་གང་བཅོལ་བའི་ལས་ལ་མྱུར་བ་ཡིན་ནོ། བླ་མ་འདི་བཻ་རོའི་སློབ་མ་སྤང་མི་ཕམ་མགོན་པོའི་སྤྲུལ་པ་ཡིན་ཞེས་བཤད་སྲོལ་ཡོད། ཁོང་གི་ཡབ་ཉ་འཕེན་ཞེས་པ་དད་པ་དང་གཏོང་བ་ལ་གོམ་ཞིང་ལུགས་གཉིས་ལ་མཁྱེན་རྒྱ་ཆེ་བ་ཞིག་ཡོད་པ་དེས་དགའ་བ་དང་གུས་པ་ཆེན་པོས་བྲག་སྒང་ཚང་གི་ཕུ་འབྲོག་མདའ་ཞྀང་ཚོང་འགྲོན་གྱི་ཡོ་བྱད་ཅི་ཡོད་ཡོངས་རྫོགས་དགོན་པའི་ཐེབ་རྩ་རུ་ཕུལ་ཞིང་ཁོ་རང་ཡང་ཆོས་སྒོར་ཞུགས་ཏེ་དགོན་པ་གསར་འདེབས་ཀྱི་འགན་འཁུར་གནང་བ་ཡིན། སྐབས་དེར་རྩེ་རང་དཔོན་ཀུན་དགའ་དང་ཡུལ་མི་རྣམས་ཀྱང་སྔར་གྱི་མཆོད་གནས་གང་ཡོད་སོག་དམག་གི་གཏོར་བཅོམ་བྱས་པའི་ཉམས་རྒུད་ཀྱི་གོ་སྐབས་སུ་ཡོད་ཅིང་ད་རེས་བསམ་བཞིན་དུ་མཆོད་གནས་ཁྱད་པར་བ་ཞིག་བྱུང་བ་དགའ་ཚོར་ཆེན་པོས་དང་དུ་བླངས་ཐོག་ཕན་ཚུན་རམ་འདེགས་བྱས་ཏེ་འདུས་པ་ཡང་ཅི་རིག་པ་བསྡུ་བའི་དབུ་ཙམ་ནས་མཆོད་ཡོན་ཐུགས་ཡིད་གཅིག་འབྲེས་སུ་གྱུར་པས་བཀའ་ཤོག་ལས་ཀྱང་དཔོན་ཀུན་དགའ་དང་ཉ་འཕེན་གྱི་དུས་ལྟར་ཞེས་འབྱུང་བ་ཡིན། འདུས་པ་རྣམས་ཀྱང་ཇི་སྲིད་བར་དུ་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལྟར་ཕྱིའི་ཀུན་སྤྱོད་དང་ནང་གི་ཉམས་ལེན་གྱི་གནང་བཀག་ཚུལ་བཞིན་སྒྲུབ་རྒྱུའི་ཆོས་ཁྲིམ་ལུགས་མཐུན་བཞག་སྟེ་བསླབ་པའི་གནས་ལ་བཀོད། དུས་བཞིའི་སྒྲུབ་མཆོད་ཁག་ཀྱང་སྨིན་གླིང་ཕྱག་བཞེད་ཇི་བཞིན་འཆུག་མེད་གཏན་ལ་ཕབ་ཏེ་འདོན་ཆ་ཡོངས་རྫོགས་རང་དགོན་དུ་བརྒྱུད་སྤྲོད་དག་གཙང་ལན་གཉིས་རེ་དང༌། སྨིན་གླིང་དུ་གྲྭ་ས་བྱོན་སྐབས་ཡང་སྐྱར་ལན་གཉིས་རེ་འབུལ་དགོས་རྒྱུ། སྒྲུབ་མཆོད་ཁག་ལ་མཆོད་པ་དང་འདུས་པ་རྣམ་ལ་ཇ་ཚུལ་གསོལ་བ་ཆད་བུག་སྤུ་ཙམ་མེད་པ་ལོ་ལྟར་བཏན་ཁེལ། གྲྭ་པ་རྣམས་ལ་རྒྱུན་གྱི་ཡོངས་སྒོ་ལ་མཐུན་རྐྱེན་གང་ལེགས་སྦྱར་ཞིང་འཚོ་བས་མི་བྲེལ་བ་མཛད༌། དེ་དག་གི་བསྟན་རྩ་ཕར་ཆེར་ཡབ་གཞིས་བྲག་སྒང་ཚང་གི་འབྱཽར་བ་ཡིན་འདུག་ཅིང་སྟོད་སྨད་ཀྱི་ཚང་འགྲོན་ཡང་སྔར་ལྟར་འགྲོ་བཞིན་ཡོད་པ་མངོན་ཏེ། བཀའ་ཤོག་ལས་འདི་པའི་ཚང་འགྲོན་རྣམས་གར་སོང་ལ་བཀག་སྡོམ་མི་ཆོག་རྒྱུ་འཁོད་པ་དང༌། ཕྱིས་སུ་ཡང་གཉེར་རྩིས་སྤྲོད་སྐབས་སྔར་ཡོད་དངོས་ནོར་གྲས། ཀ་བ་ཁྲབ་གྱོན་མ། ནོར་གཡུ་རྐང་ཚེ་གང༌། ཇའི་ཐིས་ལུང༌། དྲེའུའི་གདོང་ཐག །སྟག་ཁུས། གཟིག་ཁུས་སོགས་ཡོད་ཞེས་གཉེར་རྩིས་སྤྲོད་མཁན་དེས་བརྗོད་དགོས་གི་ཡོད་པ་དང༌། དུས་ད་ལྟའི་བར་སྒྲིག་ལམ་ཕྲན་ཚན་མང་པོ་ཞིག་ལ་བྲག་སྒང་ཉ་འཕེན་གྱྀ་འཆར་གཞི་ཞེས་གྲགས་པ་ཡིན། དེ་ལྟར་བླ་མ་ཡབ་སྲས་འདི་གཉིས་ཀྱི་རིང་ལ་རབ་བྱུང་༡༢པའི་ས་ཕོ་འབྲུག་གི་ལོ་སྤྱི་ལོ་༡༦༨༨ལོར་དགོན་པ་གསར་འདེབས་དང༌། དེ་རྗེས་དགོན་པའི་ས་ཡུལ་བདག་དབང་སོགས་ཀྱི་ཐད་རྩེ་རང་ཡུལ་འབྲོག་གི་དཀོར་ས་དགེ་ཁོང་ལ་སུས་ཀྱང་རིས་ཆོད་བདག་བཟུང་དང་སྙེད་གཙེར་མི་ཆོག་པ་དང་བླ་དཔོན་ཕན་ཚུན་རམ་འདེགས་དང་གཅིག་གྱུར་གྱི་མཐུན་ལམ་་གང་ཆེ་ཡོང་རྒྱུ་དམིག་ནས་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་༡༦༩༥ལོ་སྟེ་རྒྱལ་མཆོག་ལྔ་པ་འདས་ནས་ལོ་བཅུ་བཞི་གསེར་གདུང་འཛམ་གླིང་རྒྱན་གཅིག་ལ་རབ་གནས་མཛད་པའི་ལོ་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཀའ་ཤོག་ཤེར་བམ་ཆེན་མོ་རྩལ། བླ་བྲང་དང་གྲྭ་ཤག་གསར་བཞེངས་སྐབས། ལྷ་ང་དགོན་པའི་གཏོར་ཤུལ་གྱི་ཤིང་ཆ་འདི་ལ་ཟླ་སྒྲིལ་བ་བཤད་སྲོལ་ཡོད་ལ།  བྲག་དགོན་དུ་ཕྱིས་ཀྱི་བར་ཀ་གཞུ་བསྐོས་མ་ཧ་ཅང་མི་མཛེས་པ་རེ་ཟུང་མཐོང་རྒྱུ་ཡོད་པ་ལྷ་ང་དགོན་པའི་ཤིང་རེད་ཟེར་སྲོལ་ཡོད། 

འཁོར་བའི་བྱ་བཞག་མཆིལ་མའི་རྡུལ་བཞིན་བོར། །

ངེས་འབྱུང་དཀའ་སྤྱད་ལུས་ཀྱི་གོས་བཞིན་བརྟེན། །

དམ་ཚིག་སྡོམ་པ་མིག་གི་འབྲས་བཞིན་བསྲུང༌།

དམ་པ་ཁྱེད་ནི་ས་མཐའི་བྱང་སེམས་ངེས། །

སོགས་དམག་དབྱར་གྱི་གནམ་རྒོད་འཁྲུག་པའི་དགྲས། །

དགོན་དྲུག་སྔོ་ལྗང་ལོ་ཏོག་གཏོར་ན་ཡང༌། །

བྲག་དགོན་ཡོངས་འདུ་ལྗོན་པའི་འབྲས་བཟང་འདི། །

གདུལ་བྱ་མདོ་ཁམས་འཛིན་མའི་རྒྱན་དུ་འཁྲུངས། །

༈གཉིས་པ་བསྟན་པ་འཛིན་པའི་སྐྱེས་བུ་ཇི་ལྟར་བྱོན་ཚུལ་ལ་གསུམ་ལས། དང་པོ་བླ་ཆེན་སྤྲུལ་སྐུ་རིམ་བྱོན་ལས། སྐུ་འཕྲེང་དང་པོ་བླ་མ་བཀྲ་ཤིས་ནི་གསེར་ཁ་ར་མ་མདོ་རུ་བྱང་ཕུག་ཚང་ཞེས་པའི་ཁྱིམ་དུ་སྐུ་འཁྲུང༌། ཁོང་སྐུ་ན་གཞོན་དུས་བྲག་དགོན་དུ་བེའུ་འཚོ་བའི་རྫི་བོ་བཞུགས་ཤིང༌། ཉིན་མོ་བིས་རྫི་དང༌། དགོང་ཞོག་རྣམས་སུ་གྲྭ་ཤག་ཁག་གི་རྩམ་པ་འཐག་པ་སོགས་བྲན་ཁོལ་གྱི་ཕྱག་ལས་གནང་དགོས་བྱུང་ཡང༌། དད་བརྩོན་སྙིང་རྗེ་སོགས་ལྷན་སྐྱེས་སུ་མངའ་བ་འཕགས་པའི་རིགས་སུ་ངེས་པ་ཞིག་ཡོད་ཅིང༌། རྩམ་པ་འཐག་སྐབས་རང་འཐག་གི་ཟུར་དུ་དཔེ་ཆ་བཞག་ནས་བློ་འཛིན་དང་ངག་སྐྱོར་མཛད། ཉིན་མོ་བིས་རྫི་བྱོན་སྐབས་ལམ་གྱི་འགྲུལ་པ་རྣམས་ལ་ཨ་ཕོ་ཁྱེད་ཀྱི་ཡི་གེ་ཨེ་ཤེས།  ང་ལ་ཡི་གེ་ཞིག་སླབས་རོག་གྱིས་ཞེས་རི་ནས་བབས་ཏེ་འོང་བ་དང༌། མཚན་མོ་ཐུར་མ་ལ་མར་མེའི་དོད་མཛད་ཏེ་དཔེ་གཟིགས་གནང་བ་སོགས་སློབ་གཉེར་བྱེད་དུས་དཀའ་སྤྱད་དང་སྙིང་རུས་དཔེ་མེད་པ་མཛད།  བྲག་དགོན་དུ་སྒྲིག་ཞུགས་གནང་ཏེ་གྲྭ་པ་དཀྱུས་མའི་གྲས་སུ་བཞུགས་ཞིང༌། དཔེ་ཆ་རྒྱུག་འབུལ་སོགས་ཚུལ་བཞིན་མཛད་ནས་སྨིན་གྲོལ་གླིང་དུ་གྲྭ་སར་བྱོན། ཁོང་སྨིན་གླིང་འབྱོར་སྐབས་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་སྐུ་འཚམས་བཞུགས་པ་དང་ཁེལ་ནས་རྒྱུན་གྱི་མཇལ་ཁ་མེད་པར་གྲགས།  དེ་ཉིན་ཁྲི་ཆེན་མཆོག་ནས་དེ་རིང་མགྲོན་པོ་གསར་པ་སུ་བྱུང་བ་དེ་ང་ཡི་འགྲམ་དུ་ཁྲིད་ཤོག་གསུངས། ཞབས་ཕྱི་པས་ཁམས་པའི་གྲྭ་རྒྱུན་འོང་བ་ཞིག་འདུག་ཞུས་པས།  འོ་དེ་ཁྲིད་ཤོག་གསུངས་ཏེ་མཇལ་ཁ་མནང་ནས།  འདི་གཡུ་ཐོག་ཡོན་ཏན་མགོན་པོའི་ཐུགས་ཀྱི་སྤྲུལ་པ་ཡིན་གསུངས་ནས་སྤྲུལ་སྐུ་སྒྲིག་ཞུགས་གི་གཏོང་སྒོ་ཡོངས་རྫོགས་དྲིན་ཆེན་ཉིད་ཀྱི་བླ་བྲང་ནས་རྩལ་ཞིང་མངའ་གསོལ་གཟིང་བསྟོད་གྲ་རྒྱས་མཛད། དེ་ཚུན་ཆད་བྲག་སྤྲུལ་འདི་པའི་སྤྲུལ་སྐུ་རིམ་བྱོན་རྣམས་སྨིན་གླིང་དུ་སྒྲིགས་སུ་ཕེབས་སྐབས་ཕྱོགས་ཕེབས་སྤྲུལ་སྐུ་གཞན་དང་མི་འདྲ་བའི་གྲལ་གདན་ཐོག་གྲུམ་རྩེ་ཁ་གང་མ་གཅིག་རྒྱག་སྲོལ་ཡོད་པ་ཡིན། དེ་ནས་རང་དགོན་དུ་ཕེབས་ཏེ་གསེར་ཁྲིར་མངའ་གསོལ་མཛད་པས་མཚན་ལ་དགོང་ཤོག་ཇོ་རུ་ཞེས་ཡུལ་མི་རྣམས་ཀྱི་བཏགས་སོ། །དེ་ཡང་སྔོན་དབུལ་ཞིང་དྲན་གཡོག་ལྟ་བུ་ཡོད་པ་ལ། བློ་བུར་དུ་གསེར་ཁྲིར་མངའ་གསོལ་བས། གླིང་ཇོ་རུ་དང་འདྲ་བའི་དཔེ་བྱས་སོ། །ཁོང་སྨན་གྱི་ཕྱག་ལས་ལ་མཁས་ཤིང་འགྲོ་བ་མང་པོ་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་པར་མཛད། སྐྱེད་རྫོགས་ཉམས་ལེན་གྱི་ཐུགས་རྒྱུད་ཡོངས་སུ་གྲོལ་བས་གྲུབ་པའི་མཚན་མ་མཐའ་ཡས། ཁྱད་པར་དུ་བླ་བྲང་གི་གཡོན་ཕྱོགས་བྲག་རྩ་དེར་སྒྲུབ་ཁང་ཆུང་ངུ་ཞིག་ནང་བཞུགས་ཞིང་ཐུགས་རྗེ་ཆེན་པོ་བདེ་བཤེགས་ཀུན་འདུས་ཀྱི་སྒྲུབ་པ་ལ་རྩེ་ཅིག་ཏུ་བཞོལ་བས་གར་དབང་ཚེ་དཔག་མེད་ཀྱི་ཞལ་ལན་གསུམ་གཟིགས་པའི་ཉམས་དང་བུམ་པའི་དམ་རྫས་ཁོལ་ཞིང་རྗེས་སུ་མི་བྲི་བ་སོགས་རྟག་དང་མཚན་མ་མངོན་དུ་གྱུར། དགུང་ལོ་བརྒྱ་དང་བརྒྱད་བཞུགས་པར་གྲགས་ཞིང༌། འབྲེལ་ཚད་དོན་ལྡན་གི་དགེ་བའི་བཤེས་གཉེན་ཆེན་པོ་བྲག་ནག་བླ་མ་བཀྲ་ཤིས་ཞེས་ཕྱོགས་འདིར་འབྲུག་ལྟར་གྲགས་པ་ཡིན། ཁ་ཅིག་གི་དགོང་ཤོག་ཇོ་རུ་ཞེས་པ་སྤྲུལ་སྐུ་གཅིག་བྲག་ཡབ་སུ་འཁྲུང་ཞེས་ཟེར་རུང་དེ་ནི་མ་ཡིན་ཏེ། བླ་མ་བཀྲ་ཤིས་ཀྱི་ཕ་རྒྱུད་ལ་དགོང་ཤོག་སྐོར་པ་ཟེར་བ་ཡིན། དྲིན་ཆེན་རྣམ་ཐར་ལས་རྩེ་རང་བདེ་ལེགས་ཞེས་འཁོད་འདུག་པའང་ཁོང་གི་མཚན་གྱི་བྱེ་བྲག་གཅིག་ཡིན་པར་མངོན་ཏེ། དུས་ཚོད་འགྲིག་པ་དང་ཁོང་གི་ཡང་སྤྲུལ་ལ་བདེ་ལེགས་བརྒྱ་མཚོ་ཞེས་མཚན་གསོལ་འདུག་པ་དེ་ཡང༌། སྤྲུལ་སྐུ་གོང་མ་རྣམས་ཀྱི་མཚན་གྱི་ཐོག་མཐའ་གང་རུང་ཡང་སྲིད་རྣམས་ལ་བཏག་སྲོལ་འདུག་པ་ལྟར་ཡིན་པར་ཐེ་ཚོམ་ནི་འདུག་སྙམས།

བླ་མེད་ཐིག་པའི་དགོངས་དོན་མངོན་དུ་གྱུར། །

མ་ལུས་འགྲོ་བ་སྡུག་བསྔལ་ནད་ལས་བསྐྱབས། །

གསང་གསུམ་མཛད་འཕྲིན་ས་ཆེན་ཁྱོན་ན་བཀྲ། །

མཚུངས་མེད་དགེ་བའི་བཤེས་ཀྱི་ཤིས་པ་རྩོལ། །

༈བླ་ཆེན་སྐུ་ཕྲེང་གཉིས་པ་བདེ་ལེགས་རྒྱ་མཚོ་ནི་བྲག་ཡབ་ཁོང་དམར་མདོར་ཡབ་ཆུང་ཚང་ཕྱག་མཛོད་མགོན་པོ་དབང་རྒྱལ་དང་ཡུམ་ཕར་ཞོག་བུ་མོ་བདེ་དགའ་དཔལ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། བྲག་སྤྲུལ་བླ་མ་བཀྲ་ཤིས་ཀྱི་ཡང་སྲིད་དུ་ངོས་འཛིན་བྱུང་ནས་བྲག་དགོན་དུ་གསེར་ཁྲི་མངའ་གསོལ། སྨན་དང་རྩིས་སོགས་རིག་གནས་ལ་མཁས་པར་གྲགས་ཤིང༌། སྨིན་གླིང་དུ་གྲྭ་སར་བྱོན་པའི་ལམ་ནས་སྐུ་རྒྱུ་རྡོ་ནག་གི་སྟེང་དུ་རྡོ་དཀར་ཀྱི་སྤྱན་རས་གཟིགས་ཕྱག་བཞི་པ་རང་བྱོན་འབུར་དུ་དོད་པ་ཤིན་དུ་ངོ་མཚར་ཆེ་བ་ཞིག་ཕྱག་དུ་སོན། ཞབས་ཕྱི་རྣམས་ལ་ངེས་རྙེད་པ་ཡིན་ཞེས་གསུངས། ཕྱིས་སུ་མཁྱེན་རྩེ་ཆོས་ཀྱི་བློ་གྲོས་མདུན་སྤྱན་འབེབ་ཞུས་པས།  བྲག་སྤྲུལ་བདེ་ལེགས་དེ་གཏེར་སྟོན་ཞིག་ཡིན་པ་འདུག་ཀྱང་ཁོང་གསང་བ་བསྲུང་བ་ལ་ཐུགས་སྒོམ་དྲག་པ་ཡིན་མ་ཏོག །རྫས་གཏེར་ངོ་མཚར་ཅན་འདི་འདྲ་དཀོན་པ་ཡིན་ཞེས་གསུངས་བར་གྲགས། གྲྭ་ས་ནས་རང་དགོན་དུ་ཕེབས་སྟེ་བཞུགས་པའི་སྐབས། ལོ་ཞིག་སོ་ག་ཆར་པ་དཀོན་ཞིང་ཡུལ་ཐམས་ཅད་ཚིག་པ་ཞིག་བྱུང་བས། ཁོང་གླང་ཆུང་མདར་བྱོན་ནས་ཆར་སློང་ཉིན་ཁ་ཤས་མཛད་ཀྱང་ཆར་མ་བབས། ཉིན་ཞིག་གྲྭ་པ་རྣམས་ལ་དེ་རིང་ངེད་རྣམས་རྟ་ཞོན་ནས་འགྲོ་གསུངས་ནས་ཕེབས། གླང་ཆུང་ནང་བྱོན་ནས་རྫ་འགག་ལ་སླེབས་སྐབས།  ཆིབ་གོང་ནས་ཕྱིར་ཉིན་ཕྱོགས་རི་སྤུན་ལ་གཟིགས་ཏེ་དེ་མ་ཐག་ཐུགས་རྒྱལ་བཞེས་པ་ལྟ་བུའི་ཆིབ་ཁ་བསྒྱུར་ཏེ་བླ་ལུང་ནང་ཕེབས་པས་གྲྭ་པ་རྣམས་ཀྱི་རྗེས་མ་ཟིན་ཙམ་སྔོན་ལ་བྱོན་སོང་ཟེར། གྲྭ་པ་རྣམས་རི་མགོར་སླེབ་པ་དང་ཁོང་གི་གསེར་མཁར་མཐུར་ལ་བཤིག་དར་ཅོག་རྣམས་གཡས་གཡོན་དུ་འཕང་གསེར་མཁར་གྱི་ཤུལ་དུ་གཤང་ཆབ་ཞིག་བསིལ་ཏེ། ཁོང་ནི་ལོག་ཞིག་ཏུ་དབུ་གཏུམ་ཏེ་བཞུགས་འདུག །དེ་ནས་བཟུང་ཉིན་མཚན་མང་པོ་ཆར་རྒྱུན་མ་ཆད་པར་བབས་པས་རི་སྤུན་ནས་ཆར་པ་བཀག་འདུག་ཟེར་བ་བྱུང༌། དེ་ནས་རབ་ཆུང་བཅུ་བཞི་པའི་ཆུ་བྱི་སྤྱི་ལོ་༡༨༥༢ལོ་བྲག་ཡབ་ནང་འཁྲུག་བྱུང་ནས་ཡབ་མགོན་པོ་དབང་རྒྱལ་ཁྲིམས་འོག་འདས། ཁོང་ཆབ་མདོར་ཕེབས་ཏེ། སྔར་འཕགས་ཆེན་སྐུ་ཕྲེང་ལྔ་པ་རྒྱལ་བ་རྒྱ་མཚོའི་དུས་གཏེར་ཆེན་སྐུ་མཆེད་བླ་མར་བརྟེན་པའི་ཆོས་རྒྱུད་ཀྱྀ་འབྲེལ་བས་འཕགས་པ་ལྷའི་སྐུ་མདུན་ཕེབ་ཏེ་ཤིན་དུ་ནང་བཤིན་སུ་མཛད་ཅིང་བྲག་ཡབ་ནས་ཡབ་གཞིས་ཕྱོགས་ལ་ཕན་པ་ཆེ་ཐང་མཛད། རྗེས་སུ་རིམ་བཞིན་འཕགས་པ་ལྷའི་ཕྱག་མཛོད་དང་གསོལ་སྨན་པ་གཅིག་ཅོག་གི་ཕྱག་ལས་གནང་ཞིང་ལུགས་གཉིས་ཀྱི་མཁྱེན་རྒྱ་ཤིན་ཏུ་ཆེ་བ་ཡིན་ཞིང༌། ཞོར་ལ་རང་དགོན་སྐྱོངས་བ་མཛད། དེ་རྗེས་འཕགས་པ་ལྷ་དབུས་སུ་འབྱོན་དགོས་ཀྱིས་བྲག་སྤྲུལ་ཡང་མཉམ་དུ་བྱོན།  ལམ་ནས་ད་ལྟ་དཔལ་འབར་རྫོང་ཁོང་གི་པུ་དེ་ལ་ཞེས་པ་དེར་འཕགས་པ་ལྷ་དང་བྲག་སྤྲུལ་གཉིས་ཀ་འདས།  རྗེས་སུ་རང་རིའི་ཨ་ཅོ་རྣམས་ས་དེར་སླེབས་དུས་དགུན་ལ་ཁ་བ་དང༌། དབྱར་ལ་ཆར་པ་འབབས་ཅིང་བླ་མ་ཐུགས་སྐྱོ་བའི་སྤྱན་ཆབ་རེད་ཟེར་སྲོལ་ཡོད་འདུག །སྐབས་དེར་སྤྲུལ་སྐུའི་འགུལ་ག་དང་དགོན་པའི་བཀའ་ཤོག་བཅས་རང་དགོན་གྱི་ཕྱག་སོན་མ་བྱུང་ནས་ཆབ་མདོ་དགོན་པ་དང་ཅུང་འཁོན་པ་བྱུང་ཞིང་འགུལ་ག་རྗེས་སུ་ཆབ་དགོན་ནས་ཚུར་སྤྲད་པ་དང༌། བཀའ་ཤོག་ཕྱིས་སུ་གྲྭ་ལུང་རིག་འོད་ཟེར་ཞེས་པ་གྲྭ་སར་བྱོན་སྐབས་ལྷ་སའི་བར་སྐོར་ནས་སྤྲང་པོ་ཞིག་གི་ཁྱེར་ཡོངས་བ་ཕྱག་དུ་བྱུང་བ་ཡིན། དོན་ལ་སྲུང་མས་ཚག་བྱས་པར་བཤད། གྲྭ་པ་དེ་ལ་དགོན་པས་གྲ་ཤག་ལས་སའི་ས་བཟང་པོ་ཞིག་དཔའ་དར་ལ་སྤྲད།  ཁོང་གི་སྐུ་གདུང་ནི་འདིར་གདན་དྲང་ཡོད་པ་མངོན་སྟཻ་ད་ལྟ་ཁྱམ་ར་གོང་གི་ཅང་མ་འདི་སྤྲུལ་སྐུ་བདེ་ལེགས་རྒྱ་མཚོ་བྱས་སུ་འདས་ནས་སྐུ་གདུང་འདིར་གདན་དྲངས་ཏེ་ཡུལ་སྡེ་ལ་མཇལ་ཁ་གཏོང་བས་ཤུལ་དུ་ཅང་མ་འདི་སྐྱེས་པ་རེད་ཅེས་གྲགས།  སྤྲུལ་སྐུ་བྱས་སུ་འདས་པས་དགོན་འདིར་ཡང་རིམ་བཞིན་ཉམས་རྒུད་དུ་གྱུར་སྟེ་གྲྭ་པ་ཉི་ཤུ་སྐོར་ལས་མེད་པ་དང༌། དགོན་ནང་གྲྭ་པ་བཞུགས་མཁན་ཉུང་དུས་གཙུག་ལག་ཁང་གི་ཕྱི་ཕྱོགས་འཁོར་ཁང་ནང་གི་འཁོར་ལོའི་ཕྱི་གཡོག་ཀོ་བ་རྣམས་སྤྱང་ཀིས་ཟ་འགྲོ་བ་བྱུང་བར་གྲགས།

བདེ་ལྡན་དགའ་བ་བརྒྱ་ཡིས་ཞྀང་མཆོག་ནས། །

ལེགས་པའི་དགེ་མཚན་འབུམ་གྱི་བརྒྱན་པའི་ཐུགས། །

རྒྱ་ཆེན་བརྒྱུད་ལྔའི་འགྲོ་ལ་གཟིག་ཡོད་ན། །

མཚོ་ལྟར་ཟབ་པའི་ཐུགས་བསྐྱེད་དུས་ལ་བབས། །

༈བླ་ཆེན་སྐུ་ཕྲེང་གསུམ་པ་འཇིག་མེད་ཆོས་ཀྱི་དབང་ཕྱུགས་ནི། བྲག་ཡབ་ཁོང་དམར་མདོ་ནུབ་ཚང་ཞེས་པ་སྐུ་འཁྲུང༌། བྲག་དགོན་དུ་གསེར་ཁྲིར་མངའ་གསོལ། །ཐུགས་ཀྱི་མཁྱེན་པ་ཆེ་ཞིང་ཡི་གི་འབྲི་ཀློག་དང་རང་ལུགས་གི་འདོན་ཆ་བློ་འཛིན་སྒྲུབ་འཕྲིན་གྱི་ཕྱག་བཞེས་སོགས་སྐུ་ཆུང་དུས་ནས་ཚེག་མེད་པར་མཁྱེན། ཨོ་རྒྱན་སྨིན་གྲོལ་གླིང་དུ་གྲྭ་སར་བྱོན་སྟེ་གཞུང་ལུགས་ལ་སློབ་གཉེར་མཐར་ཕྱིན་པར་མཛད།  དགུང་ལོ་བཅོ་བརྒྱད་པར་རང་དགོན་དུ་ཕྱིར་ཕེབས། ལམ་བར་ནས་འོ་རྒྱལ་ཆེན་པོ་བྱུང་ནས་ཞབས་ཕྱི་རྣམས་ལ་ང་རང་བྲག་དགོན་དུ་སླེབ་སོང་ན་རྟ་ཐོང་བིས་ཐོང་ཟེར་མ་བྱུང་བར་ཉལ་འདུག་དགོས་ཞེས་གསུང་བར་གྲགས། རང་དགོན་དུ་བཞུགས་པའི་ནུབ་གཅིག་ཁོང་གི་གཟིམ་ལམ་དུ་རྟ་ངང་སེར་བཞོན་པའི་མི་གཟི་བརྗིད་ཅན་ཞིག་མདུན་དུ་བྱུང་སྟེ། བདག་ནི་འཛོམ་རི་ཡིན། ཁྱེད་ལ་དངོས་པོ་ཞིག་འབུལ་རྒྱུ་ཡོད་པས་ཚོགས་སྡིས་ལ་བསྐུར་ཡོངས་བས་བཞེས་རོག་གྱིས་ཟེར་ནས་སོང་བ་རྨིས། སྤྲུལ་སྐུའི་ལུང་བསྟན་ཡིན་པར་དགོངས་ཏེ། གདོང་བྲག་དགོང་ཚང་གི་བུ་མོ་ཚོགས་སྡིས་ལ་ང་རང་ལ་འཛོམ་རི་ནས་བསྐུར་བའི་དངོས་པོ་དེ་ཁྱེར་ཤོག་གསུངས་པས། ཚོགས་སྡིས་ནས་ངེས་ད་ལྟ་གང་ཡང་རྙེད་མ་བྱུང་རྗེས་སུ་ང་ཡིས་ལག་ཏུ་བྱུང་ན་འབུལ་འོང་ཞུས། དེ་རྗེས་བུ་མོ་དེ་གདོང་ནང་ལྕི་བ་འཐུ་སྐབས་ལྕི་བ་སེར་ཁ་མ་ཞིག་གི་འོག་ནས་རྡོ་རྗེ་ཞིག་རྙེད་ཏེ་ཕུལ་བས་འཛོམ་རི་རྡོ་རྗེ་གྲགས་པ་ཡིན། ལོ་གཅིག་གྲྭ་མང་གཡར་སྐྱིད་སྐབས་ཁོང་གི་ཡར་མར་འདུས་པ་ཡོངས་ལ་གཟིགས་ཏེ། ཨ་འདྀ་དག་ནང་ན་ང་ལས་ཚེ་ཐུང་བ་གཅིག་ཀྱང་མི་འདུག་གསུངས་པ་སོགས་དུས་གསུམ་གཟིགས་པའི་གསུངས་ཅི་ཡང་འབྱོན་ཤིང༌། སྨན་ལ་ཡང་མཁས་པར་གྲགས། རྟེན་དགེ་སློང་སྐུ་བཙུན་པའི་མཆོག་ཏུ་གྱུར། དགུང་ལོ་ཉཻར་ལྔ་ལ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོ་ངོ་མཚར་བའི་ལྟས་དང་བཅས་ཏེ་བཤེགས་སོ། །

འཇིགས་མེད་ཆོས་སྐུའི་ཁྲི་འཕང་མཐོན་པོ་ནས། །

གང་འདུལ་སྒྱུ་འཕྲུལ་འབུམ་གྱི་དབང་ཕྱུག་ཁྱེད། །

དཔག་ཡས་ཕན་བདེ་འགྲོ་ལ་མི་འགྱེད་པར། །

ཁྱེད་ཐུགས་ཞི་བར་གཞོལ་བ་བདེན་ནམ་ཅི། །

༈བླ་ཆེན་སྐུ་ཕྲེང་བཞི་པ་ཆོས་གྲགས་རྒྱ་མཚོ་ནི། །བྲག་ཡབ་ལ་ཤིས་ནང་མ་ཡུམ་ཚང་ཞེས་པའི་ཁྱིམ་དུ་སྐུ་འཁྲུང༌། དེ་ཡང་བདག་ཉིད་ཆེན་པོ་འདི་དང་བྲག་སྤྲུལ་འཇིགས་མེད་ཆོས་དབང་བར་ལ་སྤྲུལ་སྐུ་སྐུ་བདག་མ་འཕྲོད་པ་ཅུང་ཟད་འགོར་ཡོད་ཚོད་འདུག་སྟེ། གང་ཞེ་ན་སྤྲུལ་སྐུ་འཇིགས་མེད་ཆོས་དབང་འདས་ནས་ཡང་སྲིད་བཙད་བཅོད་པར་རྗེ་འཇམ་དབྱངས་མཁྱེན་རྩེའི་མདུན་དུ་རྩེ་འགྲོག་རོ་ལ་ཚང་གི་བཀྲ་རྒྱས་ཞེས་པ་དེ་སོང་ནས་སྤྲུལ་སྐུ་ངོས་འཛིན་སྐོར་ཞུས་པས་ཉིན་ཁ་ཤས་ལ་གསུང་ལན་གང་ཡང་མ་གནང་བར་གྲགས། ཡང་ཡང་ཞུ་དུས་ཁོང་གི་གོ་འཇོའི་མི་འདི་ཚོ་ཧམ་པ་ཆེ།  ཁྱེད་ཚོ་དེ་ཙམ་བྲཻལ་བ་ཡོད་ན་དེ་ལས་སྔ་ཙམ་སྤྲུལ་སྐུ་བདག་པོ་མི་བྱེད་པ་གང་ཡིན་གསུངས་ནས་བཀའ་བཀྱོན་མཛད། ཡང་སྐྱར་ཞུས་དོན་ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་དབྱངས་མཁྱེན་རྩེ་རིན་པོ་ཆེས་དུས་གསུམ་ས་ལེར་གཟིགས་པའི་བཀའ་ལས། སྤྲུལ་སྐུ་འཇིགས་མེད་ཆོས་དབང་གི་ཡང་སྲིད་དེ་སྔར་ནས་འཁྲུངས་སོང་ཡང་ཁྱེད་ཚོས་སྐུ་བདག་མ་འཕྲོད་པས་བར་ཆད་ཀྱི་རྐྱེན་ལས་བུད་མེད་མྀ་གཙང་བ་ཞིག་གི་ལག་གྲིབ་ཀྱི་སྤྲུལ་སྐུ་འདས་ཤོར་སོང༌། དེའི་ཡང་སྤྲུལ་བྲག་ཡབ་ལ་ཤིས་ནང་རྒྱབ་རི་ལ་ཨ་ར་པ་ཙ་རང་བྱོན་ཡོད་པ་ཁང་པ་ཁ་ཤར་དུ་བལྟ་བ་ཡབ་ཡུམ་གྱི་མཚན་བཅས་གསལ་བ་ལུང་བསྟན་པ་ལྟར་རབ་བྱུང་༡༥པའི་ཆུ་ཁྱི་སྤྱི་ལོར༡༩༢༢ལོར་སྐུ་འཁྲུང། དེ་ཡང་སྤྲུལ་སྐུ་འདིའི་མཆེད་ཡ་ཆེ་བ་བྲག་ཡབ་སྤྱི་སྟོད་ཁྲི་བ་སྤྲུལ་སྐུ་དང༌། འབྲིང་པོ་བྲག་ཡབ་དཀར་མོ་སྤྲུལ་སྐུ་གཉིས་ཡིན། ཆུང་བ་བྲག་སྤྲུལ་འདི་ཡིན་ཏེ། བདག་ཉིད་ཆེན་པོ་འདི་ཡུམ་གྱི་ལྷུམ་སུ་ཞུག་སྐབས་ཡུམ་གྱི་རྣལ་ལམ་དུ་བླ་མ་སྐུ་ཟིལ་ཆེ་བ་ཞིག་གི་གསེར་གྱི་བུམ་པ་བཅུད་ཀྱི་གང་བ་ཞིག་གནང་ནས་འདི་ཁྱེད་ཀྱི་ཚག་གྱིས་ཞེས་གསུང་བར་རྨིས། གཞན་ཡང་རྟག་དང་མཚན་མ་ངོ་མཚར་བ་མང་པོ་བྱུང་བས། སྐུ་འཁྲུང་དུས་ཡུམ་གྱི་བུ་འདི་སྤྲུལ་སྐུ་ཆེ་བ་གཉིས་ལས་རྟག་དང་མཚན་མ་བཟང༌།  སྔར་གྱི་རྨི་ལམ་དུ་བླ་མ་ཞིག་གི་བུམ་པ་གནང་བར་རྨིས་པའི་བླ་མ་དེ་རྙིང་མའི་བླ་མ་ཞིག་རེད་སྙམས་པ་བྱུང་པས་འདི་རྙིང་མ་ཞིག་གི་སྤྲུལ་སྐུ་ཡིན་ཞེས་གསར་ཕྱོགས་ཀྱི་དགོན་པ་ཁ་ཤས་ནས་སྤྲུལ་སྐུ་འདི་སྐུ་བདག་མཛད་རྩིས་ཡོད་འདུག་ཀྱང་ཡུམ་གྱི་བསླུ་མ་སྟེར་བ་གྲགས།  སྐུ་གཞོན་ནུ་ནས་བྲག་དགོན་དུ་གསེར་ཁྲིར་མངའ་གསོལ།  དགུང་གྲངས་དྲུག་བདུན་ནས་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་དགེ་སློང་བློ་ལྡན་དང༌།  བསོད་དགེ་ཆོས་གྲགས་སོགས་ལས་ཡི་གེ་འབྲི་ཀླཽག་དང་རང་ལུག་འདོན་ཆ་བློ་འཛིན་ཆོག་སྒྲིག་ཕྱག་ལེན་གར་ཐིག་དབྱངས་རོལ་བཅས་རིམ་བཞིན་མཐར་ཕྱིན་པར་མཛད།  སྡེ་དགེ་ནས་མཁན་པོ་པདྨ་བསམ་གཏན་ཞེས་པ་ཆད་དུ་སྤྱན་དྲངས་ནས་ལོ་གསུམ་གྱི་བར་མདོ་སྔགས་རིག་གཞུང་ལ་སློབ་གཉེར་དཔྱྀས་ཕྱིན་པ་མཛད་པས་ཚིག་གི་ལོ་མ་ཙམ་ལ་མ་ལྟོས་པ་དོན་གྱི་གོ་བའི་གདེངས་ཆེན་པོ་རྙེད་ཏཻ་མཁས་པའི་གོ་སར་ཕྱིན།  གཞན་ཡང་སྨིན་གླིང་དུ་གྲྭ་སར་སྒྲིག་ཞུག་གནང་ཏེ། ཅུང་རིང་པོ་ཆེ་ངག་དབང་ཆོས་གྲགས་མདུན་དུ་བརྙེན་པར་རྫོགས་ཞིང་བཀའ་གཏེར་སྨིན་གྲོལ་མཐའ་ཡས་པ་གསན་ཏེ་ཐུགས་ཀྱི་སྲས་སུ་གྱུར། རྡོར་འཛིན་རྣམ་གྲོལ་རྒྱལ་མཚོ་དང་ངག་དབང་ནོར་བུ་སོགས་ལས་ཟབ་ཆོས་ཅི་རིག་པ་གསན།  ཁྱད་པར་དུ་སྨིན་གླིང་མཁན་རབ་བརྒྱད་པ་ངག་དབང་མཁྱེན་རྩེ་ནོར་བུ་ཉག་རོང་ནས་ཡར་ཆིབ་བསྒྱུར་གནང་སྐབས་རང་དགོན་དུ་ལོ་གཅིག་ལྷག་བཞུགས་ཞིང་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གྀ་དབང་ལུང་དང༌། ཨ་ཏི་ཟབ་དོན་རྙིང་པོའི་ཁྲིད་ཡིག་ཀུན་བཟང་དགོང་རྒྱན་སྟེང་ནས་སྨིན་ཁྲིད་ཟབ་རྒྱས་སོགས་སྨིན་གྲོལ་གདམས་ངག་དང་བཅས་པ་མཐའ་ཡས་པ་གསན་བསམ་མཛད་སྟེ་ཐུགས་ཀྱི་བུམ་པ་ཡོངས་སུ་ཁེངས་པ་མཛད། རྗེ་གོང་མ་རྣམས་ཀྱི་སྒྲུབ་ཁང་དང༌།  གཞན་ཡང་འཽ་ར་མ་དང་བླ་ལུང་ནང་སོགས་དབེན་གནས་རྣམས་སུ་བསྒྲུབས་པའི་རྒྱལ་མཚན་བཙུགས་པས་གནས་ལུག་གི་རྟོག་པ་མངོན་དུ་གྱུར་ནས་ཐོས་བསམ་བསྒོམ་གསུམ་ཡ་མ་བྲལ་བ་མཛད། དེ་ལྟར་མདོ་སྔགས་རིག་གཞུང་དང་བཅས་པ་ལ་ཚིག་དོན་ཡ་མ་བྲལ་བ་བློ་གྲོས་ལ་སྤོབས་པའི་གདེངས་ཆེན་པོ་བརྙེས། ཐུན་མོངས་གི་རིག་གནས་ལ་ཡང་རྩིས་དཀར་ནག་སྨན་དཔྱད་ལྷ་བྲིས་ལུག་སུ་བླུག་པ། མཆོད་རྫས་དང༌། གར་ཆས་སོགས་གོས་གཟོའི་གནས་སོགས་མྀ་མཁྱེན་པ་མེད་པ་ཡིན་པས།  སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་རྩེ་ནོར་བུའི་ཞལ་ནས། རྩེ་རང་སྤྲུལ་པའི་སྐུ་འདི་རིག་པའི་གནས་ལྔ་ལ་མཁས་པ་ཡིན་ཞེས་ཁྱད་དུ་བརྗོད་པ་དོན་ལ་གནས་པ་ཡིན། སྨན་གྱི་ཕྱག་ལེན་ཆེར་སྦྱོངས་མ་དགོས་པར་མཁྱེན་པ་ཡིན་ཞེས་བཤད་པར་སྣང་སྟེ། དེ་ཡང་གྲྭ་པ་ཚེ་ལྷ་ཞེས་པ་སྨན་པ་ཞིག་ཡོད་པ་དེས། སྤྲུལ་སྐུ་འདི་སྨན་གཞུང་ལ་སྦྱང་བརྩོན་མྀ་དགོས་པ་སྨན་དཔྱད་བྱེད་པ་འདིས་མི་བསོད་འོང་ཞེས་རྒྱུན་དུ་ཟུར་ཟ་བྱེད་པས། སྐབས་ཞིག་ཁོ་རང་ནད་ཀྱི་མནར་སྟེ་སྤྲུལ་སྐུའི་སྨན་གནང་དགོས་པ་བྱུང༌། སྤྲུལ་སྐུའི་རྩ་ཆུ་ངོས་འཛིན་དང་ནད་ཐོག་སྨན་གྱི་འཕྲོད་ཞན་སོགས་གཞུང་དང་གདམས་ངག་སྦྱར་ཏེ་སྨན་དཔྱད་མཛད་པས་ཁོ་ངོ་མཚར་དང་དད་པ་ལྡོག་མེད་སྐྱེས་ཏེ་ངེད་སྔོན་ཆད་ཉེས་པ་མང་པོ་བསགས་འདུག་བླ་མ་འདི་རང་བཞིན་བ་ཞིག་ག་ལ་ཡིན།  སྤྲུལ་སྐུ་གོང་རྣམས་ཀྱི་སྨན་གྱི་ཕྲིན་ལས་ཆེ་བས་འདིས་བསླབ་མ་དགོས་པ་མཁྱེན་པ་ཡིན་འདུག་ཟེར་བ་གྲགས། དབྱར་གྱི་དུས་སུ་སྨན་རྩྭ་བསྡུ་རུག་གནང་ཞིང་འགྲོ་བ་ཉམས་ཐག་པ་མང་པོ་ནད་ཀྱི་འཇིགས་པ་ལས་སྐྱབས། །ཁྱད་པར་དེ་སྐབས་འབྲུམ་ནག་ཞེས་པའི་ནད་ངན་དེས་ཡུལ་གྲུ་མང་པོ་ལ་འཇིགས་པ་ཆེན་པོ་ཡོད་པས། སྤྲུལ་སྐུའི་དེའི་འགོག་བྱེད་ཀྱི་སྨན་བསྡུ་བསྒྲུབ་མཛད་དེ། ཡུལ་ཕྱོགས་འདིའི་གཞོན་སྐྱེས་ཚང་མའི་སྣ་ལ་ནད་འགོག་བླུག་སྟེ་ཚེ་གཅིག་ལ་ནད་དེའི་འཇིགས་པ་མི་འབྱུང་བར་མཛད། དེ་ལྟར་མཁས་པའི་ཚུལ་དང༌། རྟེན་དགེ་སློང་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་གནང་བཀའ་ལས་ཉེས་བྱས་ཕྲ་མོ་ཙམ་གྱི་མི་གོས་པར་མིག་གི་འབྲས་ལྟར་བསྲུང་བས་ཚུལ་ཁྲིམས་དག་ཅིང༌། སྐུ་རྩེད་དང་བག་མེད་ཀྱི་སྤྱོད་པ་མི་མངའ་ཞིང༌། དམ་པའི་ཆོས་དང་མ་འདྲེས་པའི་འཇིག་རྟེན་པའི་ངག་འཆལ་གྱི་གསུང་མི་འབྱོན་པ་སྐུ་བཙུན་པའི་མཆོག་དུ་གྱུར་པ་སོགས་བརྟན་མཁས་ཡོན་ཏན་གཉིས་དང་ལྡན་པས་གཟི་རྗིད་ཆེ་བ་དང༌། སྐྱེ་བོ་ཕལ་པ་རྣམས་སྐུ་མདུན་དུ་དོན་མེད་རྒྱུ་འགྲུལ་དཀའ་བ། སྐད་གྲགས་ཅན་གྱི་མི་དཔོན་རྣམས་ཀྱང་རྗེའི་འདིའི་སྐུ་དྲུང་ནས་སྐད་ཆ་ཇི་བཞིན་སྨྲ་མི་ནུས་པ་སོགས་བཙུན་པའི་ཚུག་དང༌། རྗེ་རང་ཉིད་ལ་ལྟོས་པའི་བུ་སློབ་རྣམས་དང་ཡུལ་སྡེ་མངའ་འབངས་དང་བཅས་པ་ཐམས་ཅད་ཉེ་རིང་མེད་ཅིང་རྩེ་བའི་ཐུགས་རྗེས་ཡོངས་སུ་གཟུང་སྟེ་བླང་དོར་གི་གནས་རྣམས་དུས་ལས་ཡོལ་མེད་དུ་འདོམ་པས་བཟང་པོའི་རྣམ་མཐར་དང༌། གྲུབ་པའི་ཚུལ་དང་མཛད་པའི་ཕྲིན་ལས་ཡང་སྤྱིར་སྔ་འགྱུར་ཆེ་བ་དྲུག་ལྡན་གྱི་བསྟན་པ་འདི་དང་འཕྲད་པའི་དགོས་པར་ཁྱད་པར་བ་ནི། འདུལ་བ་སོ་སོར་ཐར་པའི་ཁྲིམས་ཀྱི་གཞི་བཟུང༌། བྱང་ཆུབ་སེམས་ཀྱི་རྒྱུད་སྦྱངས། བླ་མའི་མན་ངག་ཚད་མ་ལ་བརྟེན་ནས་ཚེ་འདི་ལ་མཆོག་གི་དངོས་གྲུབ་དམ་པ་བརྙེས་ཞིང་རྟོགས་པས་བདག་རྒྱུད་གྲོལ་ནས་ཐུགས་རྗེས་གཞན་བརྒྱུད་སྒྲོལ་དགོས་པ་ཡིན་ན་རྗེ་འདི་ཉིད་ཀྱི་དེ་ལྟར་དུ་ཕྱག་ལེན་ལ་ཐེབ་པ་ཡིན་ཏེ།  དེ་ཡང་དགོན་འདིས་སྒྲིགས་ཁོངས་སུ་མ་རྟོག་པ་སྔར་སྨིན་གླིང་དང་དམ་སེལ་སོང་བའི་གྲྭ་བཀྲ་ཤིས་རྒྱ་མཚོ་ཞེས་པ་དེ་ཆམ་རིམ་གྱི་འདས་ཏེ། དེ་རྗེས་དགེ་སློང་བླཽ་ལྡན་གྱི་རྒྱབ་ཕྱོགས་ན་འདས་པ་དེ་འགྲོ་བའི་མཐོང་སྣང་བྱུང་ནས་བློ་ལྡན་ཡང་ཆམ་རིམ་གྱི་འདས་ཏེ་དགོན་ནང་དུ་གྲྭ་པ་རྣམས་ཀྱང་མཐོང་སྣང་དང་འཇིགས་སྐྲག་བྱུང་ནས། རྗེ་འདི་ཉིད་ཀྱི་བཀའ་བརྒྱད་གྲི་འདུལ་གྱི་ལས་ཀྱི་སྦྱོར་བས་རྟག་དང་མཚན་མ་མངོན་སུམ་བྱུང་ནས་ནད་ཡམ་རྒྱུན་ཆད་པ་དང་འདས་པ་གཉིས་ཀྱང་ལམ་ལ་བསྐོད་པ་ཡིན། ཡང་གསེར་ཁ་རུ་གཙང་དེང་རི་དམག་སྐར་བཅའ་སྡོད་སྐབས། རུ་དཔོན་བློ་གྲོས་ཞེས་པའི་ཕ་ཤི་ནས་རྗེ་འདི་པ་སྤྱན་དྲོང་ཏེ་བཅོད་འདུལ་ཞིག་གསུང་སྐབས་ཁོ་ཚོའི་གསོལ་དཔོན་དེས་འདུལ་གཡོག་བྱས་ནས་སྒོ་ཕྱི་ནང་ཐམས་ཅད་གཤེད་སྒྲོས་བྲབ་ཅིང་སོང་བས་སྐས་མགོ་དེ་ན་རུ་དཔོན་ཕ་རྒན་འདས་པ་དེ་རྟ་གོས་སེར་པོ་ཞིག་གྱོན་ནས་དངོས་སུ་སླེབ་འདུག་པ་ཁོ་འཇིགས་སྐྲག་བྱུང་ནས་གུས་འདུད་ཞུ་ཚུལ་བྱས་པས་གར་སོང་ཆ་མེད་དུ་གྱུར། གཤིན་པོ་དེ་ཡང་གཤེད་དང་ཕྲལ་ཏེ་བདེ་བར་བཀོད་པ་ཡིན། དེ་ཕྱིན་རུ་དཔོན་ཚང་གི་དབུའི་བླ་མར་བསྐུར་སྟེ་དངོས་ནོར་འབུལ་སྐྱེས་གྱ་ནོམ་པ་དུས་ལས་མ་འདས་པ་ཕུལ་ཞིང༌། རུ་དཔོན་གི་ཅམ་དང་ཞལ་ཏ་མ་རྣམས་ཀྱི་གྲལ་གདན་ཆེད་འཐག་བྱས་ནས་ཕུལ་བ་དང། བྲག་དགོན་གྱི་སྒྲུབ་མཆོད་ཁག་ལ་མཇལ་ཁ་ཕེབས་ཞིང་དད་འདུན་དང་གཟིགས་གཟོས་དཔེ་མེད་བྱུང༌། ཡང་རྩེ་རང་སྨད་པའི་དོན་འགྲུབ་ཚང་གི་ཕ་ཀརྨ་ཞེས་པ་དེ་ཕྱི་འབྲོག་དུ་ཚོང་ལ་ཕྱིན་པ་དགྲས་བསད་ཏེ་ཕྱིར་མ་འཁོར་བ་ཡུན་རིང་སོང་ནས། རྗེ་འདི་པས་གཅོད་འདུལ་གསུང་པའི་སྐབས་རྩེ་རང་སྟོད་སྨད་ཀྱི་ཡུལ་མི་ཕལ་མོ་ཆེས་ཁོ་གསོན་པོའི་ཆ་ལུགས་ཇི་བཞིན་དུ་འགྲོ་བར་མཐོང་རྒྱུ་ཡོད་པ་མངོན་སུམ་བཀུག་ཏེ་རྗེ་ཉིད་སྙིང་རྗེ་ཆེན་པོས་ཆང་དང་སྣ་ཐ་སོགས་གསུར་ནང་ཐོབ་གསུང་ཞིང་གནས་སྤར་བ་མཛད། ཡང་སྐབས་ཞིག་རྩེ་རང་འབྲོག་པའི་རི་ལ་རྩྭ་མི་སྐྱེ་བ་དང༌། ནོར་ཕྱུགས་གོད་ཁ་ཆེ་བ་སོགས་ས་ཡུལ་སྤྱིར་རྒུད་པའི་མཚན་མ་ཆེན་པོ་བྱུང་ནས་ལྷ་ཞིག་པ་ཁ་ཅིག་ནས་གདོང་ཞོ་ཡུལ་བུད་ཚར་འདུག་ཟེར་བ་བྱུང༌། རྗེ་འདི་ཉིད་ཞབས་གྲས་གྲྭ་པ་ཁ་ཤས་བཅས་གདོང་ཞོའི་བྲག་རྩར་ཕེབས་ཏེ། གསེར་བུམ་མ་ཞེས་བྲག་དོ་ཆད་གཅིག་ཡོད་པའི་མདུན་ངོས་བྲག་ལ་སེར་ཁ་ཞིག་འདུག་པའི་བར་ནས་གཡག་ར་རེ་བས་ཁ་བཅད་པ་ཞིག་གཏོན་ཏེ་དེ་མ་ཐག་གཟན་འོག་ཏུ་བཅུག་པར་མཛད། དེ་གཏོན་ཤུལ་དུ་བཟོང་གི་བརྐོས་པའི་མཚན་མ་ཡང་འདུག་ཟེར། གཏད་ཀྱི་རྫས་ངན་དེ་ཁུག་རུ་མའི་ལ་ཁ་ན་ཕ་ཝང་དཀར་པོ་ལེབ་མོ་ཞིག་ཡོད་པའི་སྟེང་དུ་མེ་ལ་བསྲེགས་པས་དུ་བ་ནུབ་ཕྱོགས་སུ་སོང་བས་གཏད་རྒྱག་མཁན་ནུབ་ཕྱོགས་ནས་ཡིན་པར་བཤད་ཀྱང་སྤྲུལ་སྐུ་ནས་ཅི་ཡང་མི་གསུང༌། ཕྱི་ཉིན་ཞོག་སྔ་སྐུ་བཞེངས་སྐབས། མདང་ནུབ་ང་ཡི་རྨི་ལམ་དུ་བཻ་རུ་ཡིན་ཟེར་བའི་བྱིས་པ་མང་པོ་ཞིག་གི་ང་ཡི་ག་འུ་ལ་ཤིག་མང་པོ་བཏབ་སོང་བར་རྨིས་གསུངས་ནས་མགུལ་ག་ལ་ཁྲུས་མཛད། དེ་ནི་གཏད་རྫས་དེ་གཞན་གྱི་མཐོང་དོག་ནས་གཟན་འོག་བཅུག་སྐབས་མགུལ་ག་ལ་རེག་པས་མནཽལ་གྲིབ་ཕོག་པ་ཡིན་པ་འདྲ་ཟེར་བ་བྱུང༌། དེ་ཕྲལ་ས་བཅུད་གསོ་བ་དང་མནོལ་གྲིབ་གསང་ཕྱིར་གདོང་ཞོའི་རྒྱབ་མདུན་གཡས་གཡོན་རྣམས་སུ་ཉིན་གཅིག་ལ་བྲག་དགོན་ནས་བླ་གྲྭ་གཉིས་རེ་དང༌། རྩེ་འབྲོག་གི་དུད་ཚང་ཆེ་ཆུང་གཉིས་རེ་བཅས་ཆོག་ཁག་བཅུ་གསུམ་མཛད་ཏེ། རྒྱག་བརྔན་བཅུ་གསུམ་འབུལ་བ་དང༌།  གཏེར་བུམ་གཅུ་གསུམ་སྦ་བར་མཛད། སྤྱི་ཁྱབ་ཏུ་ཁུག་རུ་མའི་སླས་ཐོག་ཏུ་རྗེ་ཉིད་དབུ་བཞུགས་མཛད་ཏེ། རྨ་སྤོམ་རའི་གཡང་སྐྱབས་བདུན་བསྒྲུབས་ཅིག་མཛད་ཅིང་རྩེ་འབྲོག་པའི་གཡང་རྫས་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཀོད་ཅིང་ཞག་བདུན་བསྒྲུབས་པའི་ཉིན་གཅིག་ཆོ་གའི་སྤྱན་འདྲེན་སྐབས་གུར་གྱི་ཡ་ཕུག་ཕྱེས་ཞིག་གསུངས་ནས་ཐུགས་དགྱེས་ཉམས་ངང་བྱིན་འབེབས་དང་སྤྱན་འདྲེན་གསུང༌། དེ་སྐབས་བླ་ས་གཡོག་པོ་དོན་རྒྱལ་ཞེས་རྒྱུན་དུ་ལྷ་འདྲེ་མཐོང་སྣང་ཅན་ཞིག་ཡོད་པ་དེས། རྟ་ངང་པ་དང༌། བྲ་བོ་བཞོན་པའི་མི་ཆེན་གཟི་བརྗིད་ལྡན་པ་གཉིས་བྱུང་ཏེ་གཡང་རྫས་ཀྱི་ཕྱོགས་སུ་བྱོན་པ་མངོན་སུམ་མཐོང༌། དོན་རྒྱལ་ནས་དེ་ལྟར་མཇལ་ཚུལ་ཞུས་པས། ཐང་ལྷ་དང་སྤོམ་ར་གཉིས་ཡིན་པ་འདྲ་གསུངས།  གདོངས་ཞོ་མཐོང་བྱུང་ངམ་གསུངས། ཡང་མི་དཀར་པོ་ཞིག་གི་ཟོ་ཁྲ་ཞིག་གི་ནང་རིལ་བུ་འདྲ་མང་པོ་འཕེན་འདུག་པ་མཐོང་ཞུས་པས། ད་ཏེ་ཁོ་གནས་ཡོད་པའི་རྟག་ཡིན་གསུངས། དེ་ལྟར་གཡང་བསྒྲུབ་མཛད་ནས། སྤྲུལ་སྐུའི་ཞལ་ནས་གདོང་ཞོ་འདི་དཀར་ཕྱོགས་སྐྱོངས་བའི་ཡུལ་ལྷ་བཟང་པོ་ཞིག་ཡིན་ཡང༌། ད་ལན་གཏད་མི་གཙང་བས་མནོལ་གྲིབ་བྱུང་བས་མ་ཟད། ཡུལ་སྡེ་རྣམས་ཀྱི་རྐུ་དང་རྔོན་སོགས་སྡིག་ལས་ཚབ་ཆེན་བྱས་པར་བརྟེན། མི་ཕྱུགས་མི་འཕེལ་ཞིང་བྱ་བ་ལམ་དུ་མི་འགྲོ་བ་ཡིན་པས། ད་ནས་གཟུང་ཇི་སྲིད་བར་རམ་ཐ་ན་ལོ་གསུམ་བར་རྐུ་རྔོན་སྤང་རྒྱུ་དང་འབུ་རྫ་བིས་གསུམ་མི་རྐོ་རྒྱུ་ཁས་ལེན་གྱིས་དང༌། སྔར་དང་མི་འདྲ་བའི་འབྱོར་བ་རྒྱས་པ་ཞིག་འོང་བ་ངེད་ཁག་ཁུར་ཆོག་ངེས་ཡིན་གསུངས་པས། དེ་ལྟར་མངོན་སུམ་བྱུང་ཞེས་རྒན་རབ་རྣམས་ཡང་ཡང་གླིང་ངོ༌། །ཡང་གསེར་འབྲོག་གང་རྒྱས་ཚང་ལ་ཕུག་ལྷ་རྒྱལ་པོ་གདུག་རྩུབ་ཤིན་དུ་ཆེ་བ་ཞིག་ཡོད་པ་ལ། རྗེ་འདི་པས་རྒྱལ་མདོས་ཞིག་གསུང་ཞིང༌། མདོས་བསྐྱལ་ཁ་མདོས་ཀྱི་མདུན་དུ་མི་ཞིག་ཁུར་པོ་ཁུར་ནས་འགྲོ་ཆས་བྱེད་འདུག་པ་མངོན་སུམ་མཐོང་བ་བྱུང༌། ཁོ་རང་ཚང་གི་ཕ་ཨ་ཤེར་ཞེས་པ་དེ་ཕང་སེམས་སྐྱེས་ཏེ་བླ་མ་ལགས་ད་ཁོ་ངོ་མ་ཕུད་བཞག་པ་ཨེ་ཡིན། ངེད་ཚང་གི་ལུག་ལ་མགོན་སྐྱབས་ཡག་པོ་བྱེད་ཅིང་ཡོད་པས་ཞེས་བློས་མ་ཐོངས་བའི་གཏམ་དེ་བཤད་པས་ཁོ་གར་སོང་ཆ་མེད་དུ་གྱུར་ཏེ་རྟེན་འབྲེལ་དབང་གི་རྒྱལ་པོ་ལུས་པར་གྲགས། ཡང་ཐེ་ཁེ་གྲ་མ་ཚང་གི་བུ་མོ་ཞིག་ས་ཕུག་སྡིབ་འོག་ཏུ་ཤི་ནས་སྤྲུལ་སྐུ་འདི་བས་བཅོད་འདུལ་གསུངས་ནས་ཐུན་ཁ་ཡར་གཏོང་ཡང་བྱང་བུ་མ་ཁུག་པས་ཁོང་ཐུགས་རྒྱལ་བཞེངས་པ་ལྟར་མཛད་ནས་གྲྭ་པ་རྣམས་ལ་ད་གང་འདྲ་བྱེད་རྒྱུ་ཡིན་ཞེས་བཀའ་ཀྱོན་མཛད། ཡང་སྐྱར་ཐུན་རིམ་བཞིན་བཏང་བས་ཁང་པ་འགུལ་ཞིང་ཤིང་རྣམས་ཚག་ཚག་གི་སྒྲ་གྲགས་པ་དང༌། བག་རྡུལ་ཐུལ་ཐུལ་བྱུང་ཞིང་གཤེད་ཁུག་པའི་མཚན་མ་མངོན་དུ་བྱུང་ནས་གཤིན་པོ་གཤེད་དང་ཕྲལ་ཏེ་གནས་སྤར་བ་མཛད་དོ། །གཞན་ཡང་མངོན་ཤེས་དང་ལུང་བསྟན་གསུངས་ཚུལ་དང་ཐ་ན་ཆར་འབེབས་བཅོད་ཡན་ཆད་འཕྲིན་ལས་གང་བསྒྲུབ་ལ་རྟག་ཐོན་ཁོ་ན་མཛད་ཚུལ་རེ་རེ་ནས་བརྗོད་པར་མ་ནུས་ལ་འདིར་ས་བོན་ཙམ་བཀོད་པ་ཡིན་ནོ། །མདོར་ན་དུས་གསུམ་གྱི་ལྐོག་གྱུར་མ་ལུས་པ་གཟིགས་པའི་མཁྱེན་པ། ཉམས་ཐག་པའི་འགྲོ་བ་རྣམས་སྙིང་རྗེས་མི་འདོར་བའི་བརྩེ་བ། མི་དང་མི་མིན་སོགས་ཞི་བས་མི་ཐུལ་བ་རྣམས་མངོན་སྤྱོད་དྲག་པོས་ཚར་བཅད་པའི་ནུས་པ་སྟེ་རྣམ་ཐར་རྒྱས་པ་བརྗོད་ཀྱི་མི་ལང་ལ། གཞན་ཡང་དད་རྫས་སུ་ཕུལ་བའི་དངོས་པོ་རྣམས་དོན་མེད་ཆུད་ཟོས་སུ་མི་གཏོང་བར། བསྟན་བཞེངས་དང༌། མཆོད་ཐེབ་གནད་སྨིན་མཛད་ཏེ། དེ་ཡང་གཙུག་ལག་ཁང་གསར་བཞེངས་མཛད་ཏེ་རིག་གསར་མ་བྱུང་གོང་དུ་ཤིང་ཚོན་སྤྲུས་ལེགས་སྟེང་ཤོད་ཡོངས་རྫོགས། སྒོ་ཁང་ལྷ་རིས་ཞིབ་ཆ་ཅན་ཁམས་སྤྲུལ་དོན་བརྒྱུད་ཉི་མས་ཀྱང་བསྔགས་བརྗོད་མཛད། སྒྲུབ་ཁང་དངོས་གྲུབ་འདོད་འཇོ་གླིང་གསར་བཞེངས། གནས་རྟེན་བཅུ་དྲུག་དང༌། གུ་རུ་མཚན་བརྒྱད་སོགས་ཞལ་ཐང་སྤུས་ལེགས་གྲངས་མང༌། བཀའ་བརྒྱད་བདེ་བཤེགས་འདུས་པའི་སྒྲུབ་ཆེན་གསར་འཛུག་མཛད་ཅིང་ཐོད་སྐུ་དང༌། ལྷ་ཕུར་ཡན་ཆད་མཆོད་ཆས་ཡོ་བྱེད་ཚང་བ་དང༌། ཚེས་བཅུ་གསར་འཛུག་ལ་འབག་དང་འཆམ་གོས་ཡོངས་རྫོགས་གསར་བཟོ། བྱིན་འབེབས་ཀྱི་གསེར་འབག་འདི་རྣམས་རྗེ་ཉིད་ཀྱི་ཕྱག་བཟོ་ཡིན་པར་གྲགས། འདུ་ཁང་གི་གནམ་རྒྱན་རྒྱལ་མཚན་དང་ཀ་འཕན་ཡན་ཆད་འབད་པ་ཆེན་པོས་སྔར་མེད་གསར་བཟོ་དང༌། སྔར་ཡོད་ཉམས་གསོ་མཛད་ཏེ་བསྟན་པ་གཞིར་བཞེངས་སུ་སློངས་བར་མཛད། ཡུལ་སྡེ་རྣམས་རྐུ་བརྔོན་སོགས་སྡིག་ལས་ཀྱི་འཕྲོ་བཅད། བསྙུང་གནས་དང་དུང་སྒྲུབ་སོགས་དགེ་བའི་དུས་ཆེན་གཙུག །དགེ་འདུན་ཀྱི་ཞལ་གྲངས་ཡང་འདི་དུས་ལས་མང་བར་སྔར་མ་བྱུང་བར་གྲགས། རྗེ་ཉིད་ཀྱི་མཛད་པའི་བསྐྱེད་རིམ་གྱི་དམིགས་གནད་ཟིན་བྲིས་སོགས་ཡིག་ཆ་ཁ་ཤས་ཡོད་པར་བཤད་འདུག་ཀྱང༌། ད་ལྟ་ཞལ་གདམས་རེ་ཟུང་ལས་མཇལ་རྒྱུ་མེད། མདོ་ཁམས་པ་དོན་བརྒྱུད་ཉི་མ་ལས་ཀྱང་ཆོས་དང་གདམས་པ་ཅི་རིག་པ་གསན་ཞིང་ཕན་ཚུན་ཐུགས་ནང་ཤིན་ཏུ་བཤིན་པས་ཁམས་སྤྲུལ་འདི་བྲག་དགོན་དུ་ཐེངས་གཉིས་ཕེབས། བྲག་སྤྲུལ་ཁོང་ཁམས་སྒར་དུ་གདན་འདྲེན་ཞུས་ཐོག །མཆོད་ཆས་སོགས་འབུལ་སྐྱེས་གྱ་ནོམ་པ་ཕུལ། ཐམས་ཅད་མཁྱེན་པ་རྒྱལ་དབང་བཅུ་བཞི་པ་རྒྱ་ནག་ནས་ཡར་ཆིབ་བསྒྱུར་གནང་སྐབས་འཇོ་མདའ་རུ་མཇལ་ཏེ་ཐམས་ཅད་མཁྱེན་པའི་ཞལ་ནས་སྤྲུལ་པའི་སྐུ་ཁྱེད་གང་ནས་ཡིན། བསྟན་པ་ཡར་རྒྱས་ཡིན་ནམ། བསྟན་པ་ཡར་རྒྱས་ཡག་པོ་ཞེ་དྲག་མཛོད་ཤོག་ཨ་ཞེས་སོགས་ཐུགས་དགྱེས་པའི་ཞལ་གྱི་བདུད་རྩི་མང་དུ་སྩལ། སྐབས་དེར་རྡོ་རྗེ་འཆང་ཅུང་ངག་དབང་ཆོས་གྲགས་དང་མཇལ་ཏེ་ལུགས་གཉིས་ཀྱི་ཞལ་གདམས་མང་དུ་རྩལ་ཐོག །བཀྲས་འཐག་གི་ཕོད་ཆེན་ཆ་གཅིག་སོགས་གནང་སྦྱིན་རྒྱ་ཆེན་མཛད། དེ་ལྟར་ཕྲིན་ལས་རླབས་ཆེན་བསྐྱང་ཏེ་དགུང་གྲངས་སོ་དྲུག་བཞེས་པའི་སྣོན་ཟླའི་ཚེས་བཅུའི་གསེར་སྐྱེམས་ཀྱི་འཆམ་དཔོན་ཕེབས་སྐབས་ཞབས་ཅུང་ཟད་འགྱུར་བ་ལྟ་བུའི་བསྙུན་གཞིའི་རྐྱེན་བྱས་ལོ་གཉིས་ཙམ་བསྙུན་གྱིས་བཏབ་ཏེ་བཞུགས་པའི་སྐབས་སུའང་མཁར་ལེགས་མཆོག་སྤྲུལ་པདྨ་བདེ་ཆེན་སོགས་ཞལ་སློབ་རྣམས་ལ་ལོ་ཆེན་བཀའ་འབུམ་གྱི་ལུང་སོགས་དབང་ལུང་ཁྲིད་གསུམ་གྱི་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད། དེ་སྐབས་དམར་ཤོག་ཀྱི་བསམ་སྦྱོར་ངན་པའི་དུས་ཀྱི་འཚུབས་མ་ཆེར་ལོངས་སྐབས་སུ་སོང་ཞིང་བོད་ཀྱི་མི་དཔོན་དང་བླ་ཆེན་རྣམས་ཉ་ཁ་ཟས་ཀྱི་བསླུ་བ་ལྟར་དངུལ་ཕོག་སྤྲད་པའི་སྐབས་ཡིན་བཤིན།  རྗེ་འདི་ཉིད་ཀྱང་ཕོག་ཐོབ་མཐོ་ཤོས་ཀྱི་གྲས་སུ་ཡོད་པ་གྲགས།  མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་སོགས་ཞལ་སློབ་ནང་འཁོར་རྣམས་ལ་ད་ནི་དུས་ཚོད་བཟང་པོ་ཡོངས་རྒྱུ་མེད། ང་རང་མི་ཞྭ་བོ་ལ་འོང་རྒྱུ་ཅི་ཡང་མེད། ཁྱེད་རྣམས་རྒྱ་གར་ཕེབས་དགོས་ཞེས་པའི་བསླབ་བྱ་མང་པོ་སྩལ་ཡང༌། ཁོང་རྣམས་ནས་ཁྱེད་བསྙུང་གཞི་འདི་ལྟ་བུ་ལ་ངེད་རྣམས་འགྲོ་བ་མི་འོས་ཞེས་ཞལ་གྱི་མ་བཞེས། མཐར་དགུང་གྲངས་སོ་བརྒྱད་ཕེབས་པའི་རབ་བྱུང་༡༦སྤྱི་ལོ་༡༩༥༩ས་མོ་ཕག་གི་ལོ་ངོ་མཚར་བའི་ལྟས་དང་བཅས་འོག་མིན་གྱི་ཞིང་དུ་བཤེགས་སོ། ། 

ཆོས་ཀུན་མ་འདྲེས་གཟིགས་པའི་མཁྱེན་པ་ཡིས། །

སྙན་པའི་གྲགས་དཀར་ས་ཆེན་ཁྱོན་ན་ལྡིར། །

གཡོ་མེད་ཏིང་འཛིན་རྒྱ་མཚོ་དྭངས་པའི་ངོགས། །

རྣམ་བཞི་ཕྲིན་ལས་ནོར་བུའི་བང་མཛོད་བལྟམ། །

༈བྲག་སྤྲུལ་སྐུ་འཕྲེང་ལྔ་པ་འགྱུར་མེད་བསླབ་གསུམ་རྒྱལ་མཚན་ནི། །བྲག་ཡབ་ཁོང་དམར་མདོ་ཕར་ཞོག་ཚང་དུ་ཡབ་ངག་དབང་ལྷ་རྒྱལ་དང་ཡུམ་ཚེ་བསྟན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་༡༦སྤྱི་ལོ་༡༩༥༩ས་ཕག་ལོ་སྐུ་འཁྲུང༌། དེ་ཡང་སྔར་བྲག་སྤྲུལ་བདེ་ལེགས་རྒྱ་མཚོ་དང༌། འཇིགས་མེད་ཆོས་དབང་གཉིས་འཁྲུང་སྐབས་ཀྱི་མཚན་མ་དང་མཐུན་པར་ཡབ་ཚང་གི་ཁང་སྟེང་དུ་སིས་ཤིང་ངོ་མཚར་ཅན་སྐྱེ་བ་ད་ལྟ་མཇལ་རྒྱུ་ཡོད། གཞོན་ནུའི་དུས་ནས་སྙིང་རྗེ་ལྷན་སྐྱེས་སུ་མངའ་བས་བྱིས་པ་གཞན་གྱི་འབུ་བསད་པ་མཐོང་དུས་བཤུམ་ཞིང་དེ་ལས་ལྡོག་པའི་ཉེས་པ་བརྗོད་ཅིང་སྲོག་སྐྱོབས་པར་མཛད་པ་སོགས་དམ་པའི་རང་རྟག་མངོན། །བྲག་སྤྲུལ་ཆོས་གྲགས་རྒྱ་མཚོ་སྐུ་བཤེགས་རྗེས་ཕྱག་མཛོད་དགེ་སློང་ཨ་འདས་སྨིན་གླིང་དུ་དགོངས་རྫོགས་མཆོད་འབུལ་དང་ཅུང་རིན་པོ་ཆེའི་མདུན་དུ་ཡང་སྲིད་ངོས་འཛིན་ཞུ་བར་ཕེབས་ནས་སྤྲུལ་སྐུ་འདི་པ་ངོས་འཛིན་མཛད་ཅིང་རེ་ཞིག་ཁྲི་འདོན་མཛད་སྒོ་སོགས་མི་དགའ་ཚུལ་གསལ་བ་གསུང༌། དེ་རྗེས།  ཤིང་སྟག་༡༩༧༤ལོར་དགེ་སློང་ཨ་འདས་བཙོན་ཁང་ནས་གློད་དཀྲོལ་བྱུང་མ་ཐག་ཅུང་རིན་པོ་ཆེའི་གསུང་འཕྲིན་འབྱོར་དོན། ཞག་ཉི་ཤུའི་ནང་ཨ་འདས་ལྷ་སར་འབྱོར་ཐབས་གྱིས། དེའི་ནང་ཚུད་མ་སླེབས་ན་ཡོངས་མ་ཡོངས་མེད་ཅེས་པའི་གསུང་འཕྲིན་འབྱོར་བས། ཨ་འདས་ཁྲིམས་འོག་ཡུན་རིང་མནར་བས་སྤྱན་སྒྲིབ་པ་དང་ཞབས་མི་བདེ་བ་ཡོད་ཀྱང་ཐུགས་རུས་ཀྱི་ལྷ་སར་ཕེབས་ཏེ་ཅུང་རིན་པོ་ཆེ་འཇམ་དབྱངས་ཤར་དུ་བཞུགས་པ་དང་མཇལ་ནས་སྤྲུལ་སྐུའི་ཡང་སྲིད་འཕྲུལ་བྲལ་ཡིན་ཚུལ་དང་བར་ཆད་སེལ་བྱེད་སྐུ་རིམ་དགོས་ཚུལ་ཁྲི་འདོན་སོགས་ཀྱི་བཀའ་སློབ་མཐར་རྒྱས་གནང་ཞིང་ཨ་འདས་ཕྱིར་མ་ཕེབས་གོང་ཞག་ཉི་ཤུའི་ནང་དུ་ཅུང་རིན་པོ་ཆེ་ངག་དབང་ཆོས་གྲགས་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །གཞན་ཡང་དམ་པ་དུ་མས་བྲག་སྤྲུལ་ཆོས་གྲགས་རྒྱ་མཚོའི་ཡང་སྲིད་དུ་མགྲིན་གཅིག་ཏུ་ཐུགས་ཐག་བཅད་སྟེ་མཚན་འགྱུར་མེད་བློ་གྲོས་མཆོག་ལྡན་གསོལ། སྤྱིར་འདི་སྐབས་རྣམས་སུ་ནག་ཕྱོགས་ཀྱི་དབང་བསྒྱུར་འོག་ཏུ་སོང་ཞིང་ཆོས་བྱེད་དུ་མི་གཏེར་མོད། སྐྱེ་བ་རྣམས་སུ་ཚོགས་གཉིས་བསགས་པའི་འཕགས་ཆེན་རྣམས་ནི་རྐྱེན་ལ་རག་མ་ལུས་པར། དགེ་བའི་བཤེས་དང་དམ་པའི་ཆོས་འཚོལ་བ་ལ་བློ་བརྟན་པ་མི་ལྡོག་པ་ཡིན་པའི་ཕྱིར། རྗེ་འདི་ཉིད་ཀྱང་དུས་དང་གང་ཟག་གི་རྗེས་སུ་མ་འབྲང་བར། ཨ་འཇོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཐུགས་སྲས། བྲག་ཡབ་བླ་མ་ཨ་བློ་ཞེས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཆེན་པོ་དེ་ཉིད་ཡོངས་སུ་འཛིན་པའི་དགེ་བའི་བཤེས་སུ་བརྟེན་ཏེ། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཉཻར་འཁོ་ཅི་རིག་གསན་སྦྱངས་མཛད། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་བསགས་སྦྱང་དང་འགྲེལ་བའི་ཆོས་བཀའ་ཅྀ་རིག་པ་གནོག་ཆོས་སུ་གསན་ཞིང་ཐུགས་ཉམས་སུ་བཞེས། རབ་བྱུང་༡༦པའི་ས་རྟ་སྤྱི་ལོ་༡༩༧༨བོད་ཟླ་༤པའི་ཡར་ཚེས་ལ་རྗེ་ཉིད་དགུང་ལོ་ཉི་ཤུའི་ཐོག་བྲག་དགོན་དུ་གསེར་ཁྲིར་མངའ་གསོལ། བྲག་སྤྲུལ་བསྟན་པའི་རྒྱལ་མཚན་མདུན་གཙུག་ཕུད་ཕུལ་བས་མཚན་འགྱུར་མེད་བསླབ་གསུམ་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ་གསོལ། དེ་ལྟར་དུས་ཀྱི་རྐྱེན་པས་སྐུ་ན་ཆེར་སོན་སྐབས་ཁྲི་ལ་འཁོད་པ་ཡིན། ཅུང་ངག་དབང་ཆོས་གྲགས་ནས་མཛད་པའི་བྲག་སྤྲུལ་ཆོས་གྲགས་རྒྱ་མཚོའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་ལས། འབྲེལ་ཚད་དོན་ལྡན་དགོངས་པའི་རྩལ་ཆེན་རྫོགས་ཞེས་གསུང་པས་འདི་ལ་དགོངས་པ་ཡིན་ཞེས་གྲྭ་རྒན་རྣམ་ཡངཡང་གླེང༌། མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་ནས་ཀྱང་སྤྲུལ་སྐུ་འདིའི་ཡོན་ཏན་གྱི་ཆོག་པ་འདུག་ཞེས་ཐུགས་དགྱེས་ཚོར་ཆེན་པོ་མཛད། འདི་སྐབས་ཆོས་དད་རང་མོས་ཀྱི་གུ་ཡངས་གསར་དུ་བྱུང་ནས་གྲྭ་པ་གསར་དུ་འཇོག་རྒྱུའི་ཐད་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་ཁོང་དུས་ཚོད་ངན་པའི་རྐྱེན་གྱི་འཁོར་གྱི་ལོག་བསྒྲུབ་སོགས་ལ་ཐུགས་སྐྱོ་སུན་ལྟར་གྱུར་ནས། དམ་ལྡན་གྱི་སློབ་མ་གསུམ་བཞི་ཙམ་ལས་གྲྭ་པ་མང་བས་ཕན་པ་ནི་འདུག་གསུངས་པ་ལ། རྗེ་འདི་པས་བསྟན་པའི་རྩ་བ་བཤད་བསྒྲུབ་ཡིན་ན་གྲྭ་པ་མེད་པས་མི་འོང་ང་ཡང་འདིར་ཡོངས་བའི་དོན་གྲྭ་པ་མང་ཙམ་བསྡུ་རྒྱུ་བྱུང་ན་སྙམས་གསུངས་ཞིང་རིམ་བཞིན་འདུས་པ་དབྱར་གྱི་ཆུ་གཏེར་ལྟར་འཕེལ་བ་བྱུང༌། དེ་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་བྲག་སྤྲུལ་བསྟན་པའི་རྒྱལ་མཚན་སྐུ་མདུན་ནས་སྨིན་ལུགས་ཡིག་ཆ་ཕལ་མོ་ཆེའི་དབང་ལུང་ཁྲིད་གསུམ་དང༌། ཆོ་གའི་ཕྱག་ལན་དབྱངས་རོལ་ཅེས་པ་གསན། གཞན་ཡང་བླ་མ་ཨ་བློ། བྲག་ཡབ་ཡང་དགོན་སྤྲུལ་སྐུ་དབང་ཆེན། རྫོང་གསར་མཁན་ཆེན་པདྨ་དམ་ཆོས། དེལ་མགོ་མཁྱེན་རྩེ། དཔལ་ཡུལ་པད་མ་ནོར་བུ། ཨ་འཛོམ་འབྲུག་པ་ཡབ་སྲས། ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་རྩ་བའི་བླ་མ་ཁྱད་པར་ཅན་མང་དུ་བརྟེན་ནས་མདོ་སྔགས་ཆོས་ཚུལ་མཐའ་ཡས་པ་གསན་ཞིང་དགོང་བརྒྱུད་བྱིན་རླབས་ཀྱི་ཕ་ཕོག་ཡོངས་སུ་ཐོབ་ཅིང་ཐུགས་ཀྱི་རྟོགས་པ་མངོན་དུ་གྱུར། སྨིན་གླིང་གྲྭ་སར་བྱོན་སྐབས་དད་འབུལ་བྱུང་བའི་ཕྱག་རྫས་རྣམས་ལས་གསེར་ཟང་ལས་གྲུབ་པའི་གུ་རུའི་སྐུ་མཐོང་གྲོལ་ཆེན་མོ་ཐོག་བརྩེགས་མ་དང༌། མཁན་ཆེན་དང༌། ཆོས་རྒྱལ་སྐུ་མི་ཚད་ལྷག་བཅས་སྐུ་རྟེན་གསར་བཞེངས། སྡེ་དགེ་སྤར་མའི་བཀའ་འགྱུར་དང༌། གསར་རྙིང་མཁས་གྲུབ་མང་པོའི་གསུངས་འབུམ་སོགས་གསུངས་རྟེན་ལྟོས་ཆེ་བ་སོགས་བསྟན་བཞེངས་དང༌། སྔར་དགོན་པས་བཤས་བྱེད་སྲོལ་ཡོད་པ་ཡང་སྤྲུལ་བསྟན་པའི་རྒྱལ་མཚན་དང་བཀའ་འགྲོས་ཐོག་སྲོལ་ངན་རྒྱུན་བཅད། ཁྱད་པར་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པ་ཡིན་ཞིང༌། དེ་འཛིན་པ་ལ་དམ་པའི་ཆོས་འཆད་ཉན་ལ་རག་ལུས་ཡོད་ཞེས་རྒྱུན་དུ་སྐུ་མདུན་དུ་སུ་ཡོད་ལ་གསུང་གི་ཡོད་ལ། བཤད་གྲྭ་མེད་དུ་མི་རུང་བ་ཡིན་གསུངས་ནས་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་ལ་བཀའ་འདྲི་ཞུས་ཞིང་ཁོང་རྣམས་གཉིས་ཐུགས་བློ་གཅིག་མཐུན་ཐོག་བཤད་གྲྭ་གསར་འཛུག་མཛད་པ་བཅས་བསྟན་པ་ལ་སྨན་ངེས་ཀྱི་མཛད་པ་རླབས་ཆེན་བརྐྱང༌། ཁམས་སྤྲུལ་བཤད་སྒྲུབ་ཉི་མ་ཁམས་སྒར་དུ་ཐོག་མར་ཕེབས་སྐབས། རིག་གསར་དུས་ཁམས་པ་དགོན་གཏོར་བཤིག་བྱེད་སྐབས་བྲག་དགོན་དུ་ཕྱག་སོན་བྱུང་བའི་བཀའ་བརྒྱུད་སེར་ཕྲེང་གི་ཞལ་ཐང་རྣམས་འབུལ་བ་མཛད་པས་ཐུགས་དགྱེས་པའི་རྩེར་སོན་ཐོག་ཁམས་དགོན་ནས་འབྲི་བརྒྱ་དང་ལུག་བརྒྱ་ལེགས་སྐྱེས་སུ་གནང་ཡང་མ་བཞེས་ཞིང་སྐུ་གོང་མ་རྣམས་ཀྱི་དུས་ལྟར་ཐུགས་ཡིད་གཅིག་འདྲེས་མཛད། དགུང་གྲངས་བཞི་ཅུ་ཞེ་ལྔ་ཕེབས་སྐབས་གསང་ཡུམ་བཞེས་ཤིང་སྤྱོད་པ་མི་ལེགས་ཙམ་བྱུང་སོང་ཡང་གང་ཟག་གི་ཚོད་གང་ཟག་གི་བཟུང་མི་རུང་གསུངས་ན་དམ་པ་རྣམས་ཀྱི་མཛད་པ་ལ་ཚད་བཟུང་དེ་བས་ཀྱང་ག་ལ་རུང༌། ཡུལ་དགོན་ཚང་མས་དད་མདུན་སྔར་རྒྱུན་བཞིན་བྱེད་པ་མ་ཟད། དགོན་པའི་སྐྱིད་སྡུག་གང་བྱུང་བློ་འབྲི་ཡུལ་དུ་བཞུགས་དགོས་པའི་རེ་བ་ནན་ཆེར་ཞུས་ཀྱང༌། ཁོང་གི་ང་རང་ལུས་བརྟེན་འདི་ལ་དགོན་པའི་མགོ་མཛིན་མི་ཡོངས་བ་རེད་ཚར་དུས་འདི་བཞིན་བསྡད་པས་ག་ལ་འོང་ཕྱི་རབ་དགོན་པའི་འདུལ་ཁྲིམས་མིག་ལྟོས་ལ་གནོད་གསུངས་ནས་ཟུར་བཞུགས་མཛད།  མཁྱེན་རྩེ་ནུས་གསུམ་བསམ་གྱི་མི་ཁྱབ་པ་འབྲེལ་ཚད་དོན་ལྡན་དུ་ད་ལྟ་དགུང་གྲངས་༥༢ཕེབས་པ་སྐུ་འཚོ་ཞིང་བཞེས་ལ་སླད་མར་ཡང་འཆི་མེད་ཚེ་ལྷའི་ངོ་བོར་བཞུགས་ནས་བསྟན་འགྲོའི་དོན་རླབས་ཆེན་སྐྱོངས་བར་སྨོས་མ་དགོས་པ་ཡིན།

འགྱུར་མེད་ཆོས་སྐུའི་རང་ཞལ་མངོན་སུམ་གཟིག །

སླབ་གསུམ་འཕགས་ནོར་བདུན་གྱི་ཐུགས་བརྒྱུད་བལྟམ། །

བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྲིད་ན་བསྒྲེངས། །

ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་ཁྱེད་འདུད། །

༈གཉིས་པ་བླ་ཆུང་སྤྲུལ་སྐུ་རིམ་བྱོན་ལས། སྐུ་ཕྲེང་དང་པོ་དགེ་སློང་ཨ་འཕྲིན་ན། གླང་མདའ་ཀིས་ཆང་ཚང་དུ་སྐུ་འཁྲུངས། བྲག་དགོན་དུ་སྒྲིག་ཞུག་མཛད་ཅིང་རང་ལུགས་གི་ཡིག་ཆ་འདོན་སྒྲིག་ཕྱག་ལེན་ལ་བྱང་ཆུབ་པར་མཛད། སྨིན་གླིང་དུ་གྲྭ་སར་བྱོན་ཏེ་བླ་མ་མང་དུ་བརྟེན། རྟེན་དགེ་སློང་མཁས་བཙུན་བཟང་གསུམ་ཁྱད་དུ་འཕགས་པ་བྱུང་ཞིང་སྐུ་བསོད་དབང་ཐང་ཆེ་ལ་ལོངས་སྤྱོད་ཀྱི་འབྱོར་བ་རྒྱས་པས་ཛམ་བྷ་ལའི་སྐྱེ་བ་གྲགས། མཁྱེན་རྩེ་ནུས་གསུམ་ཕུན་སུམ་ཚོགས་པས་གཞན་ཕན་འཕྲིན་ལས་རྒྱ་ཆེ་བས་ཀུན་གྱི་གཙུག་ཏུ་བསྐུར་བ་ཡིན། 

སྔོན་བསགས་བསོད་ནམས་སྐྱ་རེང་ཕྲག་པ་ནས།

སྤང་རྟོགས་དཀྱིལ་རྒྱས་འོད་ཟེར་བརྒྱ་པའི་བདག །

ཐུབ་བསྟན་པདྨའི་ཚལ་དུ་འཛུམ་པའི་མོད།

ཚུལ་ཁྲིམས་པད་དཀར་དྲི་གསུངས་ཕྱོགས་སུ་ཁྱབ། །

   ༈བླ་ཆུང་སྐུ་ཕྲེང་གཉིས་པ་ཐུབ་བསྟན་རྒྱ་མཚོ་ནི་གླང་མདའ་རྒྱལ་མོ་ཚང་དུ་སྐུ་འཁྲུངས། འདིའི་དུས་སུ་བླ་ཆུང་སྤྲུལ་སྐུ་ཞེས་པའི་མཚན་གྱི་ཅོད་པན་གསོལ་ཞིང་བྲག་དགོན་དུ་སྤྱན་དྲངས། སྐུ་ཆུང་ངུ་ནས་ཐུགས་ཀྱི་མཁྱེན་པ་དང་སྙིང་རུས་ཤིན་ཏུ་ཆེ་བས་ལུང་རྟོགས་བསྟན་པའི་མངའ་བདག་གཅིག་ཏུ་གྱུར། སྨིན་གྲོལ་གླིང་དུ་གྲྭ་སར་ཕེབས་ཏེ་མདོ་སྔགས་རིག་གཞུང་ལ་སྦྱང་བརྩོན་མཐར་ཕྱིན་མཛད། རྗེ་ཉིད་ཀྱི་མཆེད་ཡ་བུ་དཀར་ཞབས་འབྲིང་བ་ཁྲིད་ཏེ་རྒྱ་ནག་མཐའ་བསྐོར་དུ་ཕེབས་ཞིང་དུར་ཁྲོད་བརྒྱ་དང་ཆུ་མིག་བརྒྱ་སོགས་གནས་ཡུལ་དུར་ཁྲོད་གཉན་ས་རྣམས་སུ་བརྟུལ་ཞུག་གི་ཞབས་ཀྱི་བཅག་ཞིང་དམ་ཆོས་སྡུག་བསྔལ་ཞི་བྱེད་ལ་ཉམས་ལེན་གཙོ་བོ་མཛད་ཅིང་རྟོགས་པའི་དབང་ཕྱུག་ཆེན་པོ་གྱུར། དེ་ཡང་རོ་སྙམ་དང་ལུས་སྦྱིན། བདག་པས་གཞན་གཅེས་ཀྱི་སྤྱོད་པས་ས་ཆེན་པོ་ཡོངས་སུ་བསྐོར་ཞིང་མི་དང་མི་མིན་གྱི་འགྲོ་བ་མཐའ་ཡས་པའི་དོན་མཛད་ཅིང་ཚོགས་གཉིས་རྒྱ་མཚོ་ལྟ་བུ་བསགས། གནས་ཆེན་ཁ་བ་དཀར་པོའི་ནང་གནས་ཀྱི་གནས་སྒོ་གསར་དུ་ཕྱེས་ཞིང་གྲུབ་པའི་རྟག་མཚན་ཅི་ཡང་བསྟན། བོད་ཀྱི་གནས་ཆེན་ཙ་རི་ཏྲ་ཕེབས་སྐབས། ཐོག་མར་དག་པ་ཤེར་རི་སྤྲིན་དང་སྨུག་པས་བསྒྲིབ་ཏེ་མ་མཇལ་བས། རྗེ་འདི་རྟོགས་པའི་གདེངས་དང་ལྡན་པས་ཐུགས་ཉམས་འུར་བ་ལྟ་བུའི་ཞབས་གཉིས་གར་དང༌། ཕྱག་ཌ་བྲིལ་བཅས་གཅོད་གསུང་པས། དེ་ཡོད་ཨ་ཅོ་གནས་སྐོར་བ་ཚང་མ་ཧ་ལས་ཞིང་འཇིགས་སྐྲག་བཅས་བླ་མ་སྨྱོན་པ་འདིས་གཉན་ས་འདི་ལྟ་བུ་ལ་སུས་ཀྱང་སྐད་ཆེན་པོ་འདོན་མི་ཕོད་པ་ལ་ད་ནི་ཐོག་དང་སེར་བས་བཅོམ་ཏེ་ཕྱིར་ཐར་རྒྱུ་མ་རེད་ཟེར་འདུག་པ་གྲགས། རྗེ་ཉིད་ཀྱི་གཅོད་འདོན་ཚར་བ་དང་ཉི་མ་ཚ་ལྷག་གེ་བ་ཞིག་ཤར་ནས། སྤྲིན་དང་ན་བུན་ཡལ་ཏེ་ཀུན་འདུས་རྡོར་སེམས་ཕོ་བྲང་མངོན་སུམ་མཇལ་ཞིང་དེ་ཡོད་ཀུན་མི་ལྡོག་པའི་དད་པ་ལ་བཀོད། ཁོང་གི་ཞལ་ནས་ངེད་བོད་ཡུལ་གྱི་གནས་ཆེན་ཕལ་མོ་ཆེ་བསྐོར་ཡང་ང་རང་གི་གདན་ས་དངོས་དེ་ལ་སླེབས་མ་སོང་ཞེས་འབྲུག་ར་ལུང་དུ་མ་ཕེབས་པར་གྲགས་ལ། འབྲུག་པ་ཀུན་ལེགས་ཀྱི་སྤྲུལ་པ་ཞལ་གྱི་བཞེས་པ་ཡིན། དེ་ལྟར་དཀའ་སྤྱད་དང་ཐུགས་རུས་དཔེ་མེད་པས་གནས་ཆེན་རྣམས་སུ་ཕེབས་ཏེ་བསྒྲུབས་པ་ལ་གཞོལ་བ་མཛད་པས་འཁོར་འདས་དག་མཉམ་གྱི་རྟོག་པ་མངོན་དུ་གྱུར་ནས། མྱོ་བ་དང་གདོན་གྱི་ཉེན་པའི་འགྲོ་བ་རྣམས་ལ་སྤྱན་གྱི་ལྟ་སྟང་མཛད་པ་ཙམ་གྱི་ནད་ལས་གྲོལ་བ་སོགས་མཐུ་སྟོབས་ནུས་པའི་དབང་ཕྱུག་གཅིག་ཏུ་གྱུར་ནས་བྲག་ནག་འདྲེ་འདུལ་རྒྱ་བོ་ཞེས་མཚན་དུ་ཆགས་སོ། །སྐུ་ཚེའི་སྨད་དུ་ཉག་བླ་བྱང་ཆུབ་རྡོ་རྗེ་དང་ཐུགས་ཡིད་གཅིག་འདྲེས་ལྟ་བུའི་ནང་བཤིན་མཛད། མདོ་སྡེ་སྐལ་བ་བཟང་པོ་རྡོ་ལ་བརྐོས་པ་སོགས་བསྟན་འགྲོའི་དོན་རླབས་ཆེན་བསྐྱོངས་ཏེ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ།

ཐུབ་བསྟན་སྙིང་པོ་ཤེས་རབ་ཕར་ཕྱིན་ཀྱིས། །

བདུད་བཞི་བཙད་ནས་བཅོད་པའི་བརྟུལ་ཞུག་གྲུབ།

རྒྱ་མཚོའི་གོས་ཅན་བསྐོར་བའི་རྣལ་འབྱོར་པ། །

དཔལ་ལྡན་བླ་མ་བདག་སོགས་འགྲོ་བའི་སྐྱབས། །

   ༈བླ་ཆུང་སྐུ་ཕྲེང་གསུམ་པ་བྲག་སྤྲུལ་བསྟན་པའི་རྒྱལ་མཚན་མཆོག་ནི། རོང་མི་རྒྱ་དཀར་ཚང་ཞེས་པ་ཡབ་ཕུན་ཚོགས་རབ་རྒྱས་དང་ཡུམ་ཨ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་༡༦སྤྱི་ལོ་༡༩༣༢ཆུ་ཕོ་སྤྲེལ་གྱི་ལོར་སྐུ་འཁྲུངས། ཡུམ་ཨ་འཛོམས་སྐུ་ན་ཆུང་དུས་སུ། གནས་པོའི་མཚོ་ཁར་ཕེབས་སྐབས་བློ་བུར་དུ་མདུན་ནས་རྡོ་དཀར་པོ་རྩེ་མོ་གསུམ་ཡོད་པ་ཞིག་རང་གི་མདུན་ཕྱོགས་ནས་གྱེན་དུ་འཕག་བཞིན་འདུག་པ་རྙེད་པའི་རྟེན་འབྲེལ་ལས། ཉིད་ལ་སྤྲུལ་སྐུ་གསུམ་འཁྲུང་པའི་རྟེན་འབྲེལ་ཡིན་པར་གྲགས། དེ་ཡང་གཅེན་པོ་རྒན་པ་སྨར་ཁམས་གསེར་ལྡན་སྤྲུལ་སྐུ་དང༌། ཆུང་ཤོས་འཛི་ཐོ་བྲག་ནག་སྤྲུལ་སྐུ་ཡིན་པར་བཤད་ཀྱང་ས་ངན་རྣམས་མི་རྩིས་ཆེ་དྲག་པས་བསླུ་མ་སྟེར་བ་གྲགས །འབྲིང་པོ་བྲག་སྤྲུལ་འདི་རྫོགས་སྤྲུལ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས། སྤྲུལ་སྐུ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་གནང་ནས་སྐུ་ན་ཕྲ་མོ་ནས་ཡུམ་ཨ་འཛོམ་གྱི་རུམ་དུ་བསྣམས་ནས་བྲག་དགོན་དུ་གདན་དྲངས། བྲག་སྤྲུལ་ཆོས་གྲགས་རྒྱ་མཚོའི་མདུན་དུ་གཙུག་ཕུད་ཕུལ་ཞིང་མཚན་ཆོས་ཀྱི་རྒྱལ་མཚན་གསོལ། དགུང་གྲངས་དྲུག་བདུན་ནས་ཡི་གེ་འབྲི་ཀློག་དང༌། རང་ལུགས་འདོན་ཆ་བློ་འཛིན་དང་ཆོག་སྒྲིག་སོགས་ཚེག་མེད་པ་ཐུགས་སུ་ཆུད། དགུང་གྲངས་བཅུ་གསུམ་ཕེབས་སྐབས་བསམ་རི་མཁན་ཆེན་ཀརྨ་བཀྲ་ཤིས་ཀྱི་མདུན་དུ་བྱོན་ཏེ་མདོ་སྔགས་གཞུང་ལུག་ལ་ཐོས་བསམ་མཐར་ཕྱིན་མཛད་ཅིང་མཁས་པའི་རྩེ་མོར་ཕྱིན། ཨོ་རྒྱན་སྨིན་གྲོལ་གླིང་དུ་གྲྭ་སར་ཡུན་རིང་བཞུགས་ཞིང༌། གར་ཐིག་དབྱངས་རོལ་སྒྲུབ་འཕྲིན་ཕྱག་བཞེས་ལ་མཁས་པའི་ཐོག་ཆོད་པ་མཛད། སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་རྩེ་ནོར་བུའི་མདུན་དུ་བསྙེན་པར་རྫོགས་ཞིང་བརྙེས་པ་གསུམ་གྱི་རྩ་བའི་བླ་མ་རུ་བརྟེན་ནས་བཀའ་གཏེར་སྨིན་གྲོལ་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་ཐུགས་ཀྱི་སྲས་སུ་གྱུར། ཁོང་སྨིན་གྲོལ་གླིང་ནས་གྲྭ་ས་འཁོར་སྐབས་བྲག་སྤྲུལ་ཆོས་གྲགས་རྒྱ་མཚོ་ཐུགས་དགྱེས་ཚོར་ཆེན་པོས་སྤྲུལ་སྐུ་འདིས་མ་འོང་པར་བསྟན་པ་ལ་ཕན་པ་ཆེན་པོ་འོང་གསུང་གསེར་ཁྲི་མངའ་གསོལ། སྤྲུལ་སྐུ་ཆོས་གྲགས་རྒྱ་མཚོས་ཁོང་ལ་ཆུང་དུས་ནས་ཐུགས་རྩིས་དང་བྱམས་སྐྱོང་གཞན་དང་མི་འདྲ་བ་མཛད་པར་གྲགས་སྟེ་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱི་ཞལ་ནས་སྤྲུལ་སྐུ་ཆོས་གྲགས་མཆོག་ནས་ང་ལ་བྱམས་སྐྱོང་ཚད་མེད་གནང་མྱོང་ཁོང་གི་བཟའ་བཏུང་སྐབས་ང་སྤང་དུ་བསྡད་ནས་མཉམ་དུ་བཟའ། ངེད་ཁོང་གི་འགུལ་ནས་རྟ་བཞོབ་བཞོན་བྱས་ནས་ཉེས་པ་མང་པོ་བསགས་མྱོང་ཞེས་ཕྱིས་སུ་ཡང་གསུངས། དེ་རྗེས་རིམ་བཞིན་ལྔ་བདོའི་འཚུབ་མ་དང་མི་བསུན་པའི་དུག་སྤྲིན་ཀྱི་རྒྱལ་བསྟན་ཉི་མ་གཞོན་ནུ་ཆུ་ལྷའི་གྲོང་དུ་བཞུད་ལ་ཉེ་སྐབས་སུ་ཡང༌། དབེན་པའི་གནས་རྣམས་སུ་ཟབ་མོའི་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ་སྟེ་རྐྱེན་ངན་གྲོགས་སུ་འཆར་བ་མཛད་པས་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་རྩོལ་མེད་ཀྱི་དོན་ལ་དབང་འབྱོར་བ་ཡིན། སྤྱིར་རྗེ་འདྀ་མཁྱེན་རབ་ཤིན་ཏུ་ཆེ་བས་སྨིན་གླིང་དུ་གྲྭ་ས་བཞུགས་སྐབས་ཉིན་རེ་ལྡེབ་མ་མདའ་ཚད་མ་བཅུ་ཁ་ཙམ་རེ་བློ་འཛིན་ཐུབ་ཀྱི་ཡོད་གསུངས། དོན་གྱི་གོ་བའི་གནད་ཟབ་ཅིང་རྡོ་རྗེ་སློབ་དཔོན་གྱི་དེ་ཉིད་ལ་མཁས་པ། རིག་གསར་ཀྱི་རྐྱེན་པས་སྨིན་གླིང་རང་ལུགས་ཀྱི་འདོན་རྟ་དབྱངས་རྣམས་ཀྱང་སྟོད་སྨད་ཀུན་ནས་ཇི་བཞིན་པའི་ཕྱག་ལེན་ཉམས་ཏེ་ཡིད་སྟོན་ཕེར་བ་དཀའ་བར་གྱུར་ཀྱང་རྗེ་འདི་པའི་ཐུགས་ལ་མི་བརྗེད་པའི་གཟུངས་བརྙེས་པས་དགོན་འདིར་འདོན་རྟ་དབྱངས་སོགས་སྔར་རྒྱུན་ཉམས་མེད་བཞུགས་པའི་སྟོབས་ཀྱི་སྨིན་གྲོལ་གླིང་དང་འཁོ་ཁྱིམ་དགོན་སོགས་ཀྱི་ཀྱང་རྗེ་འདི་ཉིད་ཁུངས་སུ་མཛད་སྟེ་རང་ལུགས་ཉམས་མེད་སྐྱོངས་ཐུབ་པ་བྱུང་བ་ཡིན། བྲག་དགོན་ཉམས་གསོ་སྐབས་སུ་སྔར་གྱི་གྲྭ་ཤག་ཡོད་མེད་ལ་མ་ལྟོས་པར་གསར་བཞེངས་གྲྭ་ཤག་ཚང་མ་གཞུང་གི་ལས་ཐོག་རྒྱུ་ངོ་ཟས་དྲིན་རིག་རུས་མཐོ་དམན་མེད་པར་གསར་བཞུགས་གྲྭ་བཙུན་ཚང་མ་བཞུགས་ཤག་གཞུངས་ནས་སྤྲོད་རྒྱུ་མཛད། སྔར་གྲྭ་པ་རྣམས་ལ་རྟ་དང་གསོལ་འཛོ་མ་རེ་གཉིས་ཙམ་འཇོག་གསོལ་ཡོད་པ་ཡང༌། འདིས་སྤང་ཀློག་ལ་གནོད་པ་ཡོད་གསུང་ནས་མེད་པར་མཛད། བླ་བྲང་ནས་བཤས་བྱེད་གསོལ་ཡོད་པ་ཡང་སྤྲུལ་བསླབ་གསུམ་དགོངས་བཞེད་ལྟར་སྲོལ་ངན་དེ་ཡང་མེད་པར་མཛད། སྨིན་གླིང་ཉམས་སོའི་སྐབས་བསྟན་ཐེབས་སུ་དམིགས་ནས་སྦུག་སིལ་དང་རྒྱ་གླིང་སོགས་དགོན་པར་སྤྱི་འཇོག་སུ་ཕུལ་བ་དང༌། འབྲི་ཉི་ཤུ་ལྷག་གི་ནོར་མ་འདི་ནས་བལྟ་སྐྱོང་བྱས་ཏེ་ལོ་ལྟར་མར་སྐྱུར་འབུལ་སྐྱེལ་ལ་རྗེ་ཉིད་ནས་ཐུགས་ཁུར་བཞེས། སྨྀན་གླིང་ནས་གདན་ཞུས་ལྟར་ལོ་ཆེན་བཀའ་འབུམ་ཀྱི་ལུང་གནང་བ་སོགས་ཆོས་དང་ཟང་ཟིང་གཉིས་ཀས་རང་ནུས་གང་ཡོད་ཀྱི་ཞབས་ཕྱི་སྒྲུབ། ཁྱད་པར་དུ་བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་བསླབ་ཁྲིམས་ཀྱི་ཐར་འདོད་རྣམས་ཀྱི་གཉེན་གཅིག་ཏུ་གྱུར་པ་ཡིན་སྟེ། དེ་ཡང་རང་དགོན་དང༌། འཁོ་ཁྱིམ་དགོན། བདེ་གྲོལ་དགོན་དང༌། དགོན་བདེ་ཆེན་ཆོས་གླིང་གི་བཙུན་མ་རྣམས་དང་སྔ་འགྱུར་བསྟན་པའི་ཆུ་མགོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དང༌། ཐུབ་བསྟན་རྡོ་རྗེ་བྲག་སོགས་སུ་དགེ་ཚུལ་སློང་གི་སྡོམ་པ་ཕོག་སྟེ་སྐལ་ལྡན་མང་པོ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བཀོད། །བསྟན་པའི་རྩ་བ་བཤད་བསྒྲུབ་ཡིན་པར་དགོངས་ནས་སྤྲུལ་སླབས་གསུམ་དང་ཐུགས་བློ་གཅིག་མཐུན་ཐོག་བཤད་གྲ་གསར་འཛུག་དང༌།  གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་བཤད་གྲྭའི་མཁན་པོ་གདན་དྲངས་རྒྱུ་དང༌། བཤད་གྲྭ་ཁང་པ་གསར་བཞེངས་གི་བཀོད་པ་དང༌། བསྟན་འགྱུར་སོགས་སྐུ་གསུང་ཐུགས་བསྟན་གྲངས་མང་བཤད་གྲྭའི་ནང་གསར་འཇོག། བཤད་གྲྭ་རྣམས་གྱི་གསོལ་ཕོག་དོད་སུ་སྔར་བླ་ཆུང་ཚང་གི་ས་ཞིང་གང་ཡོད་བསྟན་བཞག་གནང་བ་དང༌། སྒྲུབ་གྲྭ་ནང་དཀར་མེ་རྒྱུན་འཛུག་སོགས་མཆོད་འབུལ་གནད་སྨིན་མཛད།  སྒྲུབ་གྲྭ་གསར་གཞུགས་རྣམས་ལ་བློ་ལྡོག་རྣམ་བཞི་ནས་བསྐྱེད་རྫོགས་ཀྱི་སྨིན་ཁྲིད་ཟབ་རྒྱས་དང༌། གཞན་ཡང་སྐྱ་སེར་སུ་ཡིན་ཡང་རང་རང་གི་འདོད་བློ་དང་མཐུན་པའི་ཆོས་ཀྱི་ཕན་གདག་པར་མཛད་པ་སོགས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་མཐའ་དག་བརྗོད་པར་མ་ནུས་ཡང་འདིར་ས་བོན་ཙམ་དུ་བསྐོད་པ་ཡིན་ནོ། །དེ་ལྟར་བསྟན་པ་ཡང་དར་གྱི་སྐབས་སུ་སྒོ་ཀུན་ནས་བསྟན་པ་ལ་བཀའ་དྲིན་འགྲན་ཟླ་མེད་པ་སྐྱོངས་ཏེ་རྗེ་ཉིད་དགུང་གྲངས་དྲུག་བཅུ་རེ་བཞི་ཕེབ་པ་རབ་བྱུང་༡༧པའི་ས་བྱི་སྤྱི་ལོ་༡༩༩༦ལོར་མཁའ་སྤྱོད་ཟང་མདོག་དཔལ་བཤེགས་སོ། །ཤུལ་ལུས་བུ་སློབ་རྣམས་ཀྱི་གསེར་ཟང་གི་བྱང་ཆུབ་མཆོད་རྟེན་རྩེག་གཅིག་མ་བཞེང་ཞིང་སྐུ་གདུང་རིན་པོ་ཆེ་མ་རྨས་པ་བཞུགས་སུ་གསོལ་བ་ཡིན་ནོ། །

རབ་གནག་མི་བསྲུན་དུག་སྤྲིན་འཐུལ་བའི་ཁྲོད། །

རྒྱལ་བསྟན་བཤད་སྒྲུབ་བ་དན་འགྱེལ་ཉེའི་སྐབས། །

མ་སྨད་ཐུགས་སྐྱེད་བཙན་པོའི་དཔུང་པ་ཡིན། །

མི་ནུབ་བསྟན་པའི་རྒྱལ་མཚན་སྲིད་ན་བསྒྲིངས། །

༈ཞར་བྱུང་རྗེ་འདི་ལ་བརྒྱུད་པའི་སོ་ཐར་སྡོམ་རྒྱུན་ནི། དང་པོ་རྒྱ་གར་དུ་དར་ཚུལ་ལ། སྟོན་པ་འདས་པའི་རྗེས་སུ་ཉན་ཐོས་རྩ་བའི་སྡེ་བཞི་གྱེས་པ་བཞིན་དུ་སོར་ཐར་ཀྱི་སྡོམ་རྒྱུན་ཡང་རྒྱུད་པ་བཞིར་བྱུང་པ་ཡིན་སྟེ། དང་པོ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་ནི་རྩ་བའི་མཁན་པོ་རྒྱལ་རིག་སྒྲ་གཅན་འཛིན་ལས་བརྒྱུད། གཉིས་པ་ཕལ་ཆེན་པའི་སྡོམ་རྒྱུན་གནས་བརྟན་འོད་སྲུང་ལས་དར། གསུམ་པ་གནས་བརྟན་སྡེ་བའི་སྡོམ་རྒྱུན་ནི་འཕགས་པ་ཀཱ་ཏ་ཡ་ན་ལས་བརྒྱུད། བཞི་པ་མང་པོས་བསྐུར་བའི་སོར་སྡོམ་ནི་རྩ་བའི་མཁན་པོ་ཉེ་བ་འཁོར་ལས་བརྒྱུད་པ་ཡིན། བོད་གངས་ཅན་ལྗོངས་སུ་སྔ་ཕྱི་དར་བ་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་ཡིན་ལ།

 

༡  དེ་ལ་དམ་ཆོས་མ་ལུས་པ་འབྱུང་བའི་གནས་ནི་སྟོན་པ་ཆོས་ཀྱི་རྗེ་ཉིད་ཡིན་པས་དང་པོའོ། །

༢  དེ་ལས་ཤེས་རབ་ཅན་མཆོག་ཤ་རི་བུའི་གསན། 

༣  དེ་ལས་རྒྱལ་རིག་སྒྲ་ཅན་འཛིན། 

༤  བྲམ་ཟེ་ས་ར་ཧ་པའམ་བྲམ་ཟེ་སྒྲ་ཅན་འཛིན།

༥  རྒྱལ་བས་ལུང་བསྟན་འཕགས་མཆོག་ཀླུ་སྒྲུབ། 

༦  དབུ་མ་རང་རྒྱུད་པའི་སློབ་དཔོན་ལེགས་ལྡན་འབྱེད།།

༧  རང་རྒྱུད་གོང་མའི་སྒྲུབ་མཐའ་འཛིན་པ་སློབ་དཔོན་དཔལ་སྦས། 

༨  དབུ་མ་རང་རྒྱུད་པའི་སློབ་དཔོན་ཡེ་ཤེས་སྙིང་པོ།

༩  འཕགས་ཡུལ་འདུལ་འཛིན་ཀུན་གྱི་གཙུག་རྒྱན་བསིལ་ལྡན་ལྗོངས་སུ་བསྟན་པའི་སྒྲོན་མེ་ཐོག་མར་གསལ་བར་མཛད་པའི་བདག་ཉིད་ཆེན་པོ་མཁན་ཆེན་བྱང་ཆུབ་སེམས་དཔའ་བཅས་དེ་རྣམས་ནི་རྒྱ་གར་འཕགས་པའི་ཡུལ་དུ་ཡོད་སྨྲའི་ལུགས་ཀྱི་འདུལ་འཛིན་ཆེན་པོ་རྣམས་སོ། ། 

༡༠  མཁན་ཆེན་ལས་བོད་ཀྱི་སད་མི་བདུན་རབ་ཏུ་བྱུང་བའི་ཐོག་མར་མངོན་ཤེས་དང་ལྡན་པས་རྒྱལ་པོ་བརྙེས་ནས་དེའི་ཞབས་སྤྱི་བོར་བླངས་ཏེ་ཁྱེད་ནི་བོད་ཀྱི་ནོར་བུ་ཡིན་ནོ་ཞེས་གསུངས་པས་རྦ་རརྣར་གྲགས་སོ། །བོད་ཀྱི་རབ་བྱུང་སྔ་ཤོས་དེ་ཡིན་ནོ། །

༡༡ དེ་ལས་བསྟན་པ་ཕྱི་དར་ཀྱི་རྩ་བ་གཙང་རབ་གསལ་གཡོ་དགེ་འབྱུང་སྨར་ཤཱཀྱ་མུ་ནི་གསུམ་གྱིས་བསྙཻན་པར་རྫོགས། 

༡༢  དེ་ལས་བདག་ཉིད་ཆེན་པོ་བླ་ཆེན་དགོང་པ་རབ་གསལ་ནི་གཙང་རབ་གསལ་གྱི་མཁན་བུ་ཡྀན། 

༡༣  དེ་ལས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་གསན། 

༡༤  དེ་ལས་མཁས་གྲུབ་ཆེན་པོ་གཟུས་རྡོ་རྗེ་རྒྱལ་མཚན་གྱིས་གསན། 

༡༥  དེ་ལས་འདུལ་བའི་སྡེ་སྣོད་ལ་མཁས་པའི་སྣེ་པོ་གྲགས་པ་རྒྱལ་མཚན་གྱི་གསན། ༡༦  དེ་ལས་འབྲེ་ཤེས་རབ་འབར་གྱི་གསན། 

༡༧  དེའི་མཁན་བུ་ཡུལ་གཙང་རོང་དུ་འཁྲུང་པ་བརྩོན་འགྲུས་འབར། 

༡༨  དེ་ལས་གཞོན་ནུ་སེང་གེས་གསན། 

༡༩  དེ་ཡི་མཁན་བུ་གྲོ་སྟོན་བདུད་རྩི་གྲགས། 

༢༠  དེའི་མཁན་བུ་མཆིམ་ནམ་མཁའ་གྲགས།

༢༡   དེའི་མཁན་བུ་གྲགས་པ་ཤེས་རབ། 

༢༢  དེའི་མཁན་བུ་མཆིམ་སྟོན་བློ་བཟང་གྲགས་པ། 

༢༣  དེའི་མཁན་བུ་ཀུན་དགའ་རྒྱལ་མཚན། 

༢༤  དེ་ལས་སྣར་ཐང་པ་གྲུབ་པ་ཤེས་རབ་ཀྱི་གསན།

༢༥  དེ་ལས་འཕགས་མཆོག་སྤྱན་རས་གཟིག་དངོས་རྒྱལ་བ་དགེ་འདུན་གྲུབ་པས་གསན། 

༢༦  དེ་ལས་གནས་སྙིང་པ་ཀུན་དགའ་དགེ་ལེགས་ཀྱི་གསན། 

༢༧  དེའི་མཁན་བུ་ཐམས་ཅད་མཁྱེན་པ་དགེ་འདུས་རྒྱ་མཚོ། 

༢༨  དེའི་མཁན་བུ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང༌། 

༢༩  དེའི་མཁན་བུ་རྒྱལ་ཁང་རྩེ་བ་དཔལ་འབྱོར་རྒྱ་མཚོ། 

༣༠  དེའི་མཁན་བུ་འཇམས་དབྱངས་དཀོན་མཆོག་ཆོས་འཕེལ། 

༣༡  དེའི་མཁན་བུ་དཀོན་མཆོག་བསྟན་འཛིན། 

༣༢  དེའི་མཁན་བུ་དཔལ་ལྡན་མྱོས་ཀྱི་རྒྱུད་ལས་འཁྲུང་ཤིང་མདོ་སྔགས་རིག་གནས་མ་ལུས་པ་ཐུགས་སུ་ཆུད་སྟེ་ལོ་ཆེན་གྱི་མཚན་གྱི་བཅོད་པན་འཆང་བའི་བདག་ཉིད་ཆེན་པོ་ངག་དབང་ཆོས་དཔལ་རྒྱ་མཚོ་འམ་སྨིན་གླིང་ལོ་ཆེན་དྷརྨ་ཤྲིས་གསན། 

༣༣  དེའི་མཁན་བུ་སྨིན་གླིང་རབ་འབྱམས་པ་འགྱུར་མེད་ཨོ་རྒྱན་ཆོས་གྲགས། 

༣༤  དེའི་མཁན་བུ་སྨིན་གླིང་རྡོར་འཛིན་འགྱུར་མེད་ཆོས་ལྡན། 

༣༥  དེའི་མཁན་བུ་སྨིན་གླིང་མཁན་རབ་གསུམ་པ་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། 

༣༦  དེའི་མཁན་བུ་སྨིན་གླིང་མཁན་ཆེན་རིག་འཛིན་བཟང་པོ། 

༣༧  དེ་ལས་རྫོགས་ཆེན་མཁན་པོ་པདྨ་བཀྲ་ཤིས་ཀྱི་གསན།

༣༨  དེའི་མཁན་བུ་ཐུབ་བསྟན་པདྨ་ཉིན་བྱེད།

༣༩  དེའི་མཁན་བུ་རྒྱལ་སྲས་གཞན་ཕན་མཐའ་ཡས། 

༤༠  དེའི་མཁན་བུ་རྫོགས་ཆེན་གླིང་སྤྲུལ་པ་ཐུབ་བསྟན་རྒྱལ་མཚན། 

༤༡  དེའི་མཁན་བུ་ཚུལ་ཁྲིམས་རྡོ་རྗེ། 

༤༢  དེའི་མཁན་བུ་སྨིན་གླིང་རྡོར་འཛིན་ངག་དབང་ནོར་བུ། 

༤༣  དེ་ལས་བདག་ཉིད་ཆེན་པོ་སྨིན་གླིང་མཁན་རབ་བརྒྱད་པ་ངག་དབང་མཁྱེན་རྩེ་ནོར་བུ་དང་རྡོ་རྗེ་འཆང་ཅུང་ངག་དབང་ཆོས་གྲགས་མཆོག་གཉིས་ནས་གསན་སྟེ་བསྟན་པའི་རྩ་ལག་གཅིག་ཏུ་གྲུབ་བོ། །

༤༤  ཅུང་རིན་པོ་ཆེ་ངག་དབང་ཆོས་གྲགས་ཀྱི་མཁན་བུ་བྲག་སྤྲུལ་ཆོས་གྲགས་རྒྱ་མཚོ་དང༌། མཁན་ཆེན་ལས་བྲག་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས་གསན། སྔ་མས་རང་དགོན་ཙམ་ལས་གཞན་ལ་རྒྱ་ཆེན་སྤེལ་བ་མི་སྣང་ལ། བྲག་སྤྲུལ་བསྟན་པའི་རྒྱལ་མཚན་མཆོག་ནི་ཕྱོགས་འདིས་འདུལ་བསྟན་འཛིན་པའི་རྩ་ལག་གཅིག་ཏུ་གྲུབ་པ་ཡིན་ནོ། །

༈བླ་ཆུང་སྐུ་ཕྲེང་བཞི་པ་འགྱུར་མེད་བློ་བཟང་ཡེ་ཤེས་ནི། རབ་བྱུང་བཅུ་བདུན་པའི་ས་སྟག་སྤྱི་ལོ་༡༩༩༨ལོ་རག་ཟངས་བླ་རུ་ཚང་དུ་ཡབ་མགོན་པོ་སྟོབས་ལྡན་དང་ཡུམ་ཤེས་རབ་དཔལ་མོའི་སྲས་སུུ་སྐུ་འཁྲུང༌། བདག་ཅག་གི་སྟོན་པ་སྐུ་འཁྲུང་སྐབས་ལྟར་ལོ་འདིར་ཁོང་གི་ན་མཉམ་ཕྲུ་གུ་མང་བ་དང༌། ཕལ་ཆེར་བུ་ཡིན་པ་དང་ཐམས་ཅད་སྐྱེད་མཆེད་ལེགས་པ། སྐུ་འཁྲུང་སྐབས་སུ་ཡང་སྣོད་བཅུད་ལ་དགེ་བའི་མཚན་མ་མངོན་སུམ་དུ་བྱུང་ཞིང་དམ་པ་དུ་མས་མགྲིན་གཅིག་ཏུ་བྲག་སྤྲུལ་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་མཛད།དགུང་གྲངས་བཞི་སོན་སྐབས་བྲག་དགོན་དུ་གདན་དྲངས། ཁྲི་འདོན་མཛད་སྒོའི་སྐབས་སྨིན་གླིང་དབུ་འཛིན་ཆོས་མཛད་འཇམ་དཔལ་ལག་ཁྱད་དུ་ཕེབས་ཏེ་མངའ་གསོལ་དང༌། དེ་མཚུང་ཁམས་པ་དགོན་དང༌། སྦྲ་ནག་དགོན། བསམ་རི་དགོན། ཁམས་མདོ་སྒར་བཅས་ནས་མཎྜལ་འདེགས་འབུལ་གྱི་རྟེན་འབྲེལ་མཛད་སྒོ་ལ་ཕེབས་ཞིང་མི་འཇིག་གདོངས་ལྔས་གཏེགས་པའི་གསེར་ཁྲི་མངའ་གསོལ། ཁྲི་ཁར་བཞུགས་སྐབས་འཇིག་སྐྲག་ཀྱི་སྣང་བ་མེད་ཅིང༌། དད་ལྡན་མཇལ་ཁ་བ་རྣམས་ལ་ཕྱག་དབང་འཇོག་སྐབས་སྤོབས་པ་ཆེ་བ་དང༌། དེ་ཉིན་ནམས་མཁའ་བཻཌྱུའི་དཀྱིལ་འཁོར་ལྟར་གསལ་བ་ལ་འཇའ་སྤྲིན་གྱི་དྲ་བས་ཕྱོགས་ཐམས་ཅད་ཁེབས་ཞིང་ཉི་མའི་འོད་མི་སྒྲིབས་པ། ས་གཞི་ཐམས་ཅད་དྲོ་འཇམ་དང་ལྡན་ཞིང༌། རྡུལ་རླུང་དང་འཚུབ་པ་མེད་པ་ཀུན་ལ་དགའ་བདེ་སྟེར་བ་སོགས་བཀྲ་ཤིས་པའི་རྟགས་མངོན་སུམ་བྱུང༌། གསེར་ཁྲིར་མངའ་གསོལ་བ་ནས་བཟུང་བྱིས་པ་ཕལ་པའི་སྤྱོད་ཡུལ་ལས་འདས་པ་གཅིག་པུར་གཟིམ་བཞུགས་མཛད་ཅིང་སྐྱོ་སུན་གྱི་སྣང་བ་ཙམ་ཡང་མེད་པར་དབེན་པའི་གནས་སུ་བཞུགས་ཚུག་པ་འདི་ཁོ་ནའི་ཡོན་ཏན་གྱིས་ཀྱང་དམ་པའི་རང་རྟག་མངོན་གསུམ་དུ་གྱུར། དགུང་གྲངས་དྲུག་ནས་ཡིག་གེ་འབྲི་ཀློག་དབུ་ཙམ་ནས་ད་ལྟ་དགུང་གྲངས་བཅུ་གསུམ་ཕེབས་ཞིང༌། འབྲི་ཀློག་མཐར་ཕྱིན་མཁྱེན་ཞིང་དཔེ་ཆ་བློ་འཛིན་མཛད་བཞིན་པ་བཞུགས་པ་ལགས་ན། སླད་ཀྱང་སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་ཅིང༌། བསྟན་དང་འགྲོ་བའི་དཔལ་མགོན་དུ་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་གྱི་བདག་པོ་འགྱུར་བ་གདོན་མི་ཟ་བ་ཡིན་ནོ། །

བློ་ལྡན་པདྨའི་ཚལ་ཆེན་རྒྱས་པའི་དབུས། །

བཟང་པོའི་ཕྲིན་ལས་ཟེ་འབྲུ་རབ་འཐུག་པས། །

བསྟན་འགྲོའི་ཕན་བདེ་སྤེལ་བའི་ཡེ་ཤེས་འཕྲུལ། །

མདོ་ཁམས་འཛིན་མའི་རྒྱན་དུ་སླར་ཡང་འཁྲུངས། །

༈དགེ་བའི་བཤེས་གཉེན་ཁ་ཅིག་གི་ངོ་སྤྲོད་རག་བསྡུས། །བྲག་དགོན་གཏེར་སྟོན་དོན་ཕྱུག་ནི། གདོང་བྲག་སྒང་ཚང་ཞེས་པ་ཡབ་འཇོ་དོན་དང་ཡུམ་ཚོགས་སྡིས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྗེ་འདི་ཐོག་མར་ཡུམ་གྱི་ལྷུམས་སུ་ཞུགས་སྐབས་ཡུམ་གྱི་རྨི་ལམ་དུ་བྲག་དགོན་མགོན་ཁང་ནང་ནས་སྦྲུལ་དཀར་པོ་ཞིག་འཕུར་བྱུང་ནས་རང་གི་སྤང་དུ་བབས་པ་རྨིས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་སྟེ་མཚན་དཔེའི་དཀྱིལ་འཁོར་བཞད།  སྐུ་ཆུང་ངུ་ནས་འབྲི་ཀློག་སོགས་ཚེག་མེད་པར་མཁྱེན། བྲག་དགོན་དུ་གྲྭ་ས་ཞུགས་ཞིང་རང་ལུགས་འདོན་སྟ་དབྱངས་བཅས་བྱང་ཆུབ་པར་མཛད། བྲག་སྤྲུལ་ཐུབ་བསྟན་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་རྣམས་ལས་བཀའ་གཏེར་སྨིན་གྲོལ་དང་བཅས་པ་མང་དུ་གསན། འདི་སྐབས་རྣམས་སུ་རེས་འགའ་ཐུགས་ཉམས་འུར་བ་ལྟ་བུའི་མགོན་ཁང་ནང་ནས་མདའ་གཞུ་ཁྱེར་ཏེ་མདའ་འཕེན་པ་དང༌། སྐབས་སྐབས་སུ་དུར་ཁྲོད་རྣམས་སུ་གཉན་ས་བཅད་པ་སོགས་མ་ངེས་པའི་གྲུབ་སྤྱོད་སྣ་ཚོགས་མཛད། སྐབས་སྐབས་སུ་གླང་ལུང་ནང་དང༌། གདོང་ནང་སོགས་སུ་བསྒྲུབས་པ་མཛད་ཅིང་བཞུགས། གླང་ལུང་ནང་དུ་བཞུགས་སྐབས་དབེན་ཆུང་བཤིས་སུ་མགར་བ་ཚང་གསར་ཆགས་ཀྱི་ས་འདུལ་ལ་སྤྱན་དྲངས། ཁོང་དེ་ཉིན་ཐུགས་དྲག་ཤུལ་གྱི་རྣམ་པས་བྱོན་ཏེ་གླང་ལུང་མདའ་ན་ཕ་བོང་ཞིག་ལ་མི་ལྤགས་གཡང་གཞི་བརྡབ་པས་སྡིར་སྒྲ་འབྲུག་གྲགས་པ་ལྟ་བུ་ལན་གསུམ་བྱུང༌། དེ་སྐབས་ས་བདག་ཡུལ་འདྲེ་ཐམས་ཅད་དམ་ལ་བཏག་ཡོད་པར་འདུག་ཟེར་ཞབས་ཕྱི་རྣམས་ཀྱི་གླིང་ངོ༌། །དེ་ནས་བཤིས་སུ་ཕེབས་ཏེ་སྦྲའི་གུང་མཐོང་ནས་གནམ་དུ་མདའ་ཞིག་འཕང་ཏེ་མདའ་དེ་གར་བབས་སུ་ཁང་པའི་ས་ཡིན་གསུངས་ནས་མགར་བ་ཚང་གིས་ས་འདི་ཐོག་མར་བཟུང་བ་ཡིན། གདོང་ནང་བཞུགས་པའི་སྐབས་ཞིག་འཛོམ་རིའི་རྫ་ཞོལ་དུ་ཕེབས་དུས་བློ་བུར་དུ་སེང་སྒྲ་གྲགས་པ་དང་མཉམ་དུ་ཁོང་གི་མདུན་དུ་གནམ་ལྕགས་ཀྱི་ཕུར་པ་ཞིག་མར་ནུད་ཏེ་བྱུང་བ་རྙེད་ཏེ། ཟབ་གཏེར་ལ་དབང་བའི་རྟེན་འབྲེལ་ཐོག་མར་འགྲིག་ཏེ་ཟབ་མོ་གཏེར་གྱི་སྒོ་འབྱེད་པའི་དུས་ལ་བབས་ཀྱང་གདུལ་བྱ་བསོད་ནམ་དམན་པ་དང༌། ལྔ་བདོའི་མཚན་མ་ལྷག་པར་བདོ་བས་ཨོ་རྒྱན་ཆེན་པོས། ང་སྤྲུལ་རྣམས་ལ་ཟོག་པོ་ཟེར་ཞིང་གཤེ། ཟོག་པོ་རྣམས་ལ་འདི་ཕྱིའི་བློ་གཏད་འཆའ་ཞེས་གསུངས་པ་ལྟར། རྗེ་འདི་ཡང་རིག་རུས་དམན་པ་སོགས་ལ་སྙད་བཏག་ཏེ་ལུང་ཟིན་གི་གཏེར་ལྕམ་བསམ་གསོག་སྐྱིད་མཚོ་ཞེས་པ་དེ་གྲོགས་སུ་མ་ཕུལ་བས་འགྲོ་དོན་རྟེན་འབྲེལ་ལ་གནོད་པ་ཆེན་པོ་བྱུང་བར་གྲགས།  འོན་ཀྱང་གླང་ལུང་གི་ཟབ་གཏེར་གཏོན་སྐབས་བསམ་གསོགས་སྐྱིད་མཚོ་ཡང་རྟེན་འབྲེལ་སྣ་འཛོམ་ཙམ་དུ་མདའ་དར་ཕྱེ་མར་བསྣམ་ནས་ཁྲོམ་བསེབ་ཏུ་ཕེབས་པར་གྲགས། དེ་སྐབས་ཡུལ་སྡེ་ཕན་ཚུན་གྱི་མི་ཚོགས་ཤིན་དུ་མང་པོ་མཇལ་ཁ་སླེབས་ཞིང༌། གཏེར་སྲུང་དགེ་བསྙེན་ནིས་རས་ཅུང་ཟད་འཁྲེན་ངོ་ལྟ་བུ་བྱུང་བ་ལ། ཁོང་གིས་བྲག་ལ་ཕུར་པ་བཏབ་པ་དང༌། གསོལ་ཆང་གི་དམ་བི་བྲག་ལ་བརྒྱབ་ཀྱང་ཆག་གས་མ་བྱུང་བ་སོགས་གྲུབ་པའི་རྟག་མངོན་དུ་མཛད་ཅིང༌། ཏིང་ངེ་འཛིན་ཀྱི་ཟིལ་གྱི་མནན་ཏེ། གླང་ལུང་སྒྲོལ་མ་ཕུག་པའི་སྒོ་གཡས་བྲག་མེ་ལོང་འདྲ་བའི་ངོས་ནས་གསེར་ནག་གི་རྡོ་རྗེ་ཀླུ་འདམས་དཀར་པོས་གཡོག་པ་ཞིག་ཁྲོམ་གཏེར་དུ་བཞེས།  དེ་སྐབས་རྗེ་འདིས་གཡས་གཡོན་དུ་བྲག་སྤྲུལ་ཐུབ་བསྟན་རྒྱ་མཚོ་དང་ཉག་བླ་བྱང་ཆུབ་རྡོ་རྗེ་གཉིས་བཞེངས་ཏེ་ཡོད་པ་བྲག་སྤྲུལ་ནས་ཕྱག་རྗེན་པ་ཟེད་པ་དང་ཉག་བླ་ནས་དར་ཚོན་སྣ་ལྔ་ཟེད་པས་རྡོ་རྗེ་དེ་ཉག་བླའི་ཕྱག་དུ་བཞག་པར་མཛད། རྗེས་སུ་རྡོ་རྗེ་དེ་ཕུར་པ་ཐང་གི་ལྷ་ཁང་དུ་གུ་རུའི་ཐུགས་ཀར་བཞུགས་སུ་གསོལ་བ་ཡིན་ལ། རིག་གསར་སྐབས་སུ་གཏོར་ནས་ད་ལྟ་གར་ཡོད་རྩད་ཆོད་མེད། དེ་ནས་བཟུང་རྩོད་བྲལ་གྱི་གཏེར་གཏོན་དུ་ཁས་བླང་ཞིང༌། ཐམས་ཅད་དད་པའི་གནས་ལ་བཀོད། གཞན་ཡང་ཨ་དཀར་ཕུར་ཁང་དུ་གཏེར་སྟོན་རིན་ཆེན་གླིང་པ་ཕེབས་ཏེ་དམ་སྲི་གནོན་སྐབས། རྗེ་འདི་པ་ཡང་ཕེབས་ཤིང༌། གཏེར་བཞེས་པ་གྲགས་ཀྱང་གཏེར་རྫས་གང་ཡིན་མ་ངེས། སྲ་འཁྲེག་ཀྱི་རྡོ་ལ་འདམ་ལྟར་བརྫིས་པའི་ཞབས་རྗེས་ཤིན་ཏུ་གསལ་བ་ད་ལྟ་བྲག་དགོང་ཚང་དུ་མཇལ་རྒྱུ་ཡོད། དེ་ནས་མདོ་དྲུག་རྒྱ་ཆུང་ཚང་གི་བུ་མོ་ཨ་གནང་ཞེས་པ་གྲོགས་སུ་བཀུག་ཞིང་དབུས་ཕྱོགས་སུ་ཕེབས། ཞབས་ཕྱི་དང་ཨ་ཅོ་མང་པོ་དང་བཅས་ལྷོ་གནས་རྣམས་སུ་ཞབས་ཀྱི་བཅག་ཞིང༌། སྒྲག་ཡོངས་རྫོགས་ཕེབས་སྐབས་གཞན་རྣམས་བསྒྲོད་འགྲིམ་དཀའ་བའི་བྲག་དཀྱིལ་ཕུག་པའི་ནང་ནས་ཤེལ་གྱི་མཆོད་རྟེན་འོད་འཕྲོ་བ་ཞིག་བསྣམས་ནས་དེ་ཡོད་ཀུན་ལ་མཇལ་ཁ་གནང་ཏེ་སླར་རང་གནས་སུ་བཞག་ནས་ཕེབས། གསང་ཡུམ་སོགས་ཀྱི་རྒྱུ་མཚན་ཞུས་པས། འདི་བདག་གི་གཏེར་སྐལ་མིན་མ་འོང་པར་བོད་དུ་མཐའ་དམག་གི་འཇིག་པ་ཆེན་པོ་འོང་བས་དེའི་དུས་ཁ་གསོ་བྱེད་ཀྱི་གཏེར་ཡིན་གསུངས། གཞན་ཡང་དུས་གསུམ་ས་ལེར་གཟིགས་པའི་འབྱུང་འགྱུར་ལུང་བསྟན་གནད་ལ་འཁེལ་བ་མང་པོ་ཞིག་ཡོད་པར་བཤད་ཀྱང་ཡིག་ཆ་རྩ་འཐོར་སོང་བས་མ་རྙེད། འདིར་རྒན་རབ་དག་གི་བློ་ཐོག་ཡོད་པའི་ཚིག་རེ་སཟུང་བཀོད་པ། རྡུལ་ཕྲན་ནག་པོ་ལྕགས་ཀྱི་གཤོག་པ་ཅན། ཕྱོགས་བཞི་ཀུན་ལ་འཕུར་ནས་ལྷ་སྲུང་དཀྲུག །འདམ་ར་ཐང་ལ་འཇའ་ཡི་རི་མོ་ཤར། ལྕགས་ཀྱི་གླང་པོ་འཕྱོར་འགྲོས་དབུས་སུ་སླེབས། ཨ་ཡི་རོང་དུ་ཤ་ཕོ་མཆན་མདའ་ཐེབས། དམུ་རི་མདུང་རྩེའི་ཤར་ཕྱོགས་ཐལ་བ་སློག །རྩེ་བའི་རོང་དུ་བུད་མེད་གཅེར་འཛིན་བྱེད་ཞེས་སོགས་ཚིག་ཁ་འཐོར་དག་གོ །དེ་ནས་ལྷ་ལྡན་དུ་བཞུགས་ཞིང་འགྲེལ་ཚད་དོན་ལྡན་གྱི་གདུལ་བྱ་མཐའ་ཡས་པ་སྐྱོངས། ཉིན་གཅིག་ཕྱི་རོལ་གླིང་ཁ་ལ་སྤྲཽ་སེང་ཕེབས་སྐབས་གལ་སྲིད་ང་ཤི་སོང་ན་རོ་དེ་ས་འདིར་མེ་ལ་བསྲེགས་དགོས་ཞེས་ཉང་བྲན་ཕོ་བྲང་ཁར་ཕྱག་འཛུབ་གཏད་པ་མཛད། ཐམས་ཅད་ཀྱི་བླ་་མས་དེ་ལྟར་མི་གསུངས་བར་གསོལ་བ་བཏབས་ཀྱང༌། ཡུན་རིང་མ་འགོར་བ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། ཁོང་གི་ཞལ་ཆེམ་ལྟར་ཕོ་བྲང་ཁར་སྐུ་གདུང་ཞུག་འབུལ་སྐབས། བློ་བུར་དུ་ཕག་སྒྲ་ཞིག་གྲགས་ཏེ་དབུ་ཐོད་ཅང་ལོ་དང་བཅས་པ་མེས་མ་གནོད་པ་ནམ་མཁའ་ལ་འཕགས་ཏེ་བྱང་ཕྱོགས་སུ་མིག་གི་མི་མངོན་པ་གྱུར་བ་སོགས་ངོ་མཚར་བའི་རྟག་བསམ་གྱི་མི་ཁྱབ་པ་བྱུང༌། གཞན་ཡང་ཕྱི་ནང་གསང་བའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ཞིག་ཡོད་པ་སྣང་ཡང་སྔར་གྱི་ཡིག་ཆ་མེད་པ་དང༌། ལོ་རྒྱུས་ཇི་བཞིན་ངེས་པའི་རྒན་རབ་རྣམས་འདས་ཟིན་པ་དང༌། ཚིག་ཟུར་ལ་སྒྲོ་བཏགས་པའི་ཡིག་གེ་མང་པོ་དགོས་པ་དབེན་པའི་ཕྱིར་ན། འདིར་ཡོང་གྲགས་ཀྱི་མཛད་པ་རེ་ཟུང་དཔྱད་གཞི་ཙམ་དུ་བྲིས་པ་ཡིན་ནོ། །དེ་ནས་རྗེ་ཉིད་དགོངས་པ་རྫོགས་ནས་གསང་ཡུམ་ཨ་གནང་ཁམས་སུ་ཕེབས། གཏེར་སྟོན་ཉིད་ཀྱི་ཅུང་དགེ་སློང་སྐལ་བཟང་ཚེ་རིང་རྫོང་གསར་དུ་རྗེ་མཁྱེན་རྩེའི་མདུན་དུ་ཡང་སྲིད་རྩད་གཅོད་ཞུ་བར་ཕེབས་ཏེ། གཏེར་རྫས་རྣམས་ཀྱང་སྤྱན་འབུལ་ཞུས་པས། ཁོང་གཏེར་སྟོན་ཚད་མ་ལ་འཁྲུལ་པ་མི་འདུག མཁའ་འགྲོ་དེ་ཡང་གཏེར་རྫས་རྣམས་མ་རླག་པར་ཚག་ཡག་པོ་བྱས་པ་གོ་ཆོད་འདུག འོན་ཀྱང་ཁོང་ལ་ཡངས་སྲིད་སྤྲུལ་སྐུ་མེད་གསུངས། དེར་དགེ་སློང་ཨ་དཀར་ཐུགས་ཕམ་པ་བྱུང་ནས་བཤུམས་པས། ཨ་ཁྱེད་རང་ཐེ་ཚོམ་མི་དགོས། ཁོང་ངན་ནས་ཡང་སྲིད་མེད་པ་མིན། ད་རེས་ཁོང་གི་སྤྲུལ་པ་དེ་བྱང་ཤམ་བྷ་ལར་ཐུགས་གཏད་འདུག་པ་གདུལ་བྱ་དེར་ཡོད་པ་ཡིན་ཞེས་གསུངས་གི་དབུགས་དབྱུང་བར་མཛད་དོ།།

༈དགེ་བའི་བཤེས་གཉེན་ཆེན་པོ་དགེ་སློང་ཨ་བདེ་ནི། གསེར་ཁ་ར་མ་མདོ་བྱང་ཕུག་ཚང་དུ་སྐུ་འཁྲུང༌། བྲག་དགོན་དུ་རབ་ཏུ་བྱུང་ནས་སྒྲིགས་སུ་བཞུགས། རང་ལུགས་ཡིག་ཆ་བློ་འཛིན་སོགས་མཐར་ཕྱིན་མཛད་ཏེ་སྨིན་གྲོལ་གླིང་དུ་གྲྭ་སར་ཕེབས་ཞིང་བླ་མ་མང་དུ་བརྟན་ཏེ་སྨིན་གྲོལ་རྒྱབ་བརྟན་དང་བཅས་པ་མཐའ་ཡས་པ་གསན། སྐུ་ཚེའི་སྟོད་དུ་བྲག་སྤྲུལ་འཇིག་མེད་ཆོས་དབང་གི་ཕྱག་མཛོད་ཆེན་པོའི་ཁུར་བཞེས་ཤིང་བསྟན་ལ་སྨན་པའི་མཛད་རྗེས་ཆེ། གྲུབ་ཆེན་ཤཱཀྱ་ཤྲི་ལས་ཟབ་མོའི་གདམས་པ་མང་དུ་གསན་ཞིང་སྐུ་ཚེ་ཧྲིལ་པོ་སྐུ་ཆིང་མ་ཀྲོལ་བ་ཉམས་སུ་བླང་བས་རྟོགས་པ་ཚད་དུ་ཕྱིན་པའི་རྣལ་འབྱོར་བ་ཆེན་པོར་གྱུར། ལྷག་པའི་ལྷ་དུ་མས་ཞལ་གཟིགས་ཞིང༌། ནད་པ་སོགས་གང་ཟག་གཞན་ལ་བྱིན་རླབས་མཛད་པ་སོགས་མཇལ་ཁ་གནང་སྐབས་ཁོང་གི་དབུ་གཙུག་དང་ཕྲག་གོང་སོགས་ནས་ཡི་དམ་གྱི་ལྷས་མངོན་སུམ་གཟིགས་པ་མཇལ་རྒྱུ་ཡོད་པ་སོགས་གྲུབ་པའི་རྟག་མཚན་མཐའ་ཡས་ཞིང་བྲག་ནག་ཨ་བདེ་ཞེས་ཕྱོགས་འདིར་གྲགས་པ་ཡིན།  སྐུ་འདའ་ཁར་ཅི་ཡང་བསྙུན་པ་མེད་པ་ཞབས་སྐྱིལ་ཀྲུང་དང་ཕྱག་ཆོས་འཆད་ཀྱི་རྒྱ་བཅས་བསམ་བཞིན་དུ་འོག་མིན་དུ་གཤེགས་སོ།།

༈རྟོག་པའི་དབང་ཕྱུག་རྨེ་ར་བླ་རྒན་དགེ་སློང་བློ་བཟང་བསྟན་འཛིན་ནི་རྩེ་འབྲོག་རྨེ་ར་ཚང་དུ་སྐུ་འཁྲུངས། བྲག་དགོན་དུ་རབ་ཏུ་བྱུང་ཞིང་སྒྲིགས་སུ་བཞུགས། སྨིན་གླིང་དུ་གྲྭ་སར་ཕེབས་ནས་ཐོས་བསམ་སྒོམ་གསུམ་ཡང་དག་པར་མཛད། ཁོང་དགུང་ལོ་ཆུང་དུས་སུ་དམ་སྲིའི་གནོད་པ་ལྟ་བུའི་འདོད་ཆགས་ཀྱི་རྟོག་པ་ཤིན་དུ་རག་པ་བྱུང་ནས་ཚུལ་ཁྲིམས་བསྲུང་དཀའ་བར་གྱུར་སྐབས་ཁོང་གི་མཚོན་གྱི་སྦྱོར་བས་མཚན་མ་བཅོད་པར་ཙམ་པས་དེ་ནས་བཟུང་ཆགས་སྲེད་ཀྱི་ཀུན་རྟོག་རང་སར་ཞི་ནས་ངུར་སྨྲིག་འཛིན་པའི་མཆོག་གཅིག་བྱུང་བ་ཡིན། འགའ་རེས་དེ་སྐབས་ཁོང་གི་ཆུ་ལམ་ནས་སྦྲུལ་ཞིག་དོན་ནས་དེ་ཕྱིན་འདོད་ཆགས་མེད་པ་གྱུར་ཞེས་བཤད་སྲོལ་ཡོད། རྗེས་སུ་གྲྭ་གསར་རྣམས་ལ་ཡང་ལོ་ན་ཆུང་དུས་ཁྱེད་རྣམས་ལ་ཡང་དཀའ་ངལ་ཅུང་ཟད་རེ་ཡོང་རྒྱུ་རེད། བདུད་ཀྱི་བར་ཆེད་རེད། དཀོན་མཆོག་ལ་གསོལ་བ་འདེབས་དགོས་ཞེས་ཚུལ་ཁྲིམས་བསྲུང་བའི་བསྔགས་པ་དང༌། དེ་ལས་ལྡོག་པའི་ཉེས་པ་རྒྱུན་དུ་ནན་ཏན་གསུང་བ་སོགས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་རྒྱ་ཆེ། གྲུབ་བརྒྱའི་གཙུག་རྒྱན་མདོ་མཁྱེན་རྩེ་ཡེ་ཤེས་རྡོ་རྗེའི་མདུན་ནས་ཁྲིད་དང་གདམས་ངག་མཐའ་ཡས་པར་གསན་ཞིང་སངས་རྒྱས་དངོས་མཐོང་གི་དད་པས་ཁོང་གི་མདུན་དུ་ཐེང་མང་ཕེབས་པར་གྲགས་ལ་བླ་མས་ཀྱང་ཐུགས་ཀྱི་སྲས་སུ་བཟུང་བ་ཡིན། ཐེང་རྗེས་མའི་སྐབས་བླ་མ་དང་ཞལ་གྱེས་ཁར། བླ་མའི་མདུན་ནས་ཕྱི་ཕྱཻད་བྱས་ནས་འོང་བས་སྐད་ཐོས་ཙམ་དུ་སླེབ་དུས་བླ་མས་ན་གཟའི་ཕུ་དུང་གཡུག་ནས་ཡར་ཤོག་གསུང་དབུ་ཐོད་གཏུག་ཞིང་སྨོན་ལམ་དང་ཞལ་གདམས་གསུངས་ཞིང་འབྲལ་མི་ཕོད་པ་ལྟར་མཛད། དེ་ལྟར་ལན་གསུམ་མཛད་པའི་རྗེས་སུ་ད་དུང་རྗེས་སུ་རང་གཉིས་མཇལ་རྒྱུ་ཡོད་དེ་དུས་ང་རང་གི་པདྨ་ར་ག་གཙོང་རྒྱུ་ཁུར་ཡོང་ཞེས་གསུངས། འོན་ཀྱང་མདོ་མཁྱེན་རྩེ་དངོས་དང་སྐུ་ཚེ་དེར་མ་མཇལ། དེ་རྗེས་ཁོང་སྐུ་བསྒྲེས་པའི་སྐབས་བྲག་དགོན་དུ་བཞུགས་དུས་ཉག་བླ་བྱང་ཆུབ་རྡོ་རྗེ་ཕྱོགས་འདིར་ཐོག་མར་ཞབས་བཅག་ཞིང༌། བྲག་དགོན་དུ་ཁོང་གི་ཤག་སྒོ་རུ་ཕེབས་ཏེ། པདྨ་ར་ག་ཨེ་ཉཽ་གསུངས་པས། སྔར་བླ་མའི་ཞལ་བཞེས་དེ་ཐུགས་ལ་ཤར་ནས་ཉག་བླ་འདི་མདོ་མཁྱེན་རྩེའི་སྤྲུལ་པ་ཡིན་པ་ཐུགས་ཐག་བཅད་དེ། །དད་གུས་དང་ཞབས་རྟོག་ཚད་མེད་མཛད་ཅིང་ཉག་བླ་བཞུགས་པའི་ཕྱོགས་སུ་ཉལ་བའི་སྔས་གཏད་པ་ལས་རྐུབ་སྟཽན་མི་རུང་ཞེས་གསུངས། ཁོང་སྐུ་འདའ་ཁར་གྲྭ་པ་རྣམས་ཀྱི་ཁྱེད་ཉག་བླའི་ཕྱོགས་སུ་དབུ་བཏོད་མི་དགོས་སམ་ཞུས་པས། ད་ནི་ཤར་ལྷོ་ནུབ་བྱང་ཐམས་ཅད་བླ་མའི་རང་བཞིན་ཡིན་པས་ཁྱད་མེད་གསུང་ནས་སྣང་གྲགས་རིག་པ་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་སུ་ཐག་ཆོད་པའི་གདེང་དང་བཅས་སྟེ་བཤེགས་སོ། །ཁོང་གི་དབུ་ཐོད་ལ་རིང་སྲེལ་སྲན་མ་ཙམ་ཞིག་བྱོན་པ། ཉག་བླ་ལ་མཇལ་ཁ་ཕུལ་བས། འདི་ང་རང་གི་སྐལ་བ་ཡིན་ཞེས་རིང་སྲེལ་དེ་ཉག་བླས་བསྣམ་སོང་བར་གྲགས་སོ།།

༈མདན་མ་དགེ་སློང་མགོན་བཀྲ་ནྀ་རག་ཟངས་མདན་མ་ཚང་དུ་སྐུ་འཁྲུང༌། དགུང་གྲངས་ཉི་ཤུའི་ནང་བར་ཡབ་གཞིས་ཀྱི་བྱ་བ་སྐྱོངས་ཞིང་བཞུགས། རྐྱེན་འགའ་ཞིག་ལ་བརྟེན་ནས་ཐུགས་ལ་ངེས་འབྱུང་གི་བསྐུལ་ཏེ་བྲག་དགོན་དུ་རབ་ཏུ་བྱུང༌།  ཤེས་རབ་དང་བརྩོན་འགྲུས་ཆེ་ཞིང་རང་ལུག་འདོན་ཆ་སོགས་ཀྱི་རྒྱུག་འབུལ་ཚད་ལྡན་ཐོག་སྨིན་གླིང་དུ་གྲྭ་ས་བྱོན་ནས་བཀའ་གཏེར་སྨིན་གྲོལ་མང་དུ་གསན། སྒྲུབ་རིའི་རྒྱལ་པོ་གངས་རི་ཐོད་དཀར་དུ་གཞུང་གི་ཞབས་རིམ་སྒྲུབ་དཔོན་དུ་སྨིན་གླིང་ནས་མངག་པ་དང་འབྲེལ་གནས་དེར་སྒྲུབ་པ་ཡུན་རྀང་མཛད། ཞོར་ལ་ཤུག་སེབས་རྗེ་བཙུན་རིག་འཛིན་ཆོས་ཉིད་བཟང་མོའི་མདུན་ནས་གཅོད་དབང་བརྒྱ་རྩ་དང་ཟབ་མོ་གཅོད་ཀྱི་གདམ་པ་ལག་ལེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་གཉན་ས་རྣམས་སུ་བརྟུལ་ཞུག་ཀྱི་སྤྱོད་པས་ཉམས་སུ་བླང་པས་བདག་འཛིན་སྙེམ་བྱེད་བདུད་ཀྱི་རྩ་བ་བཅད་སྟེ་རྟོག་ལྡན་ཆེན་པོ་གྱུར། རང་ཡུལ་ཕེབས་སྐབས་ཡི་གེ་པུ་སྟི་ཁ་ཤས་ལས་ཅི་ཡང་སྣམ་རྒྱུ་མེད་པ་སྤྲོས་མེད་བྱ་བཏང་བ་ཞིག་མཛད་དེ་བྱོན་པས། ནང་མི་རྣམས་ནས་ཁྱེད་ལ་ལག་རྟག་སྤྲོད་རྒྱུ་ཙམ་ཡང་མེད་པ་ངོ་ཚ་ཞུས་པས། ང་རང་གི་རྒྱུ་འདི་ཚོ་ཡིན་གསུངས་ནས་པུ་སྟི་རྣམས་བསྟན་པར་མཛད། རྒྱུན་

དུ་བསྒྲུབས་པ་ཉམས་ལེན་ལ་གཅིག་ཏུ་གཞོལ་ཞིང་སྤང་རྟོག་གི་ཡོན་ཏན་ཁྱད་དུ་འཕགས། འཕྲིན་ལས་གང་བསྒྲུབས་ལ་རྟག་དང་མཚན་མ་མངོན་དུ་མཛད་ཅིང་མཐུ་སྟོབ་ནུས་པའི་དབང་ཕྱུག་ཞིག་ཡིན། འདའ་ཁར་ཁོང་གི་ཉེ་གནས་དགེ་སློང་ཨ་འདས་སོགས་ལ་འཇུག་མཐའི་ཞལ་ཆེམ་རྩལ་ཞིང་ད་ཁྱེད་རྣམས་ཕྱི་རོལ་དུ་སོང་ལ་སྒཽ་ཆོད། ནང་དུ་ཅུང་ཟད་ཡོང་མི་དགོས་གསུངས། ཞབས་ཕྱི་རྣམས་ཀྱི་རོལ་དུ་བསྡད་སྐབས། ཀུན་གྱི་ཐོས་པའི་ཕཊ་སྒྲ་ཞིག་རྒྱག་འདུག་པས། ནང་དུ་སོང་དུས་སྐུ་དྲངས་པོར་བསྲོང་སྟེ་བཤེགས་ཚར་འདུག ། ཐུགས་དམ་ཞག་བདུན་བཞུགས་སྟེ་བྱང་སེམས་དཀར་དམར་འབབས་པ་སོགས་གྲོལ་བའི་རྟག་ཡང་དག་པར་བྱུང༌།།

༈དགེ་སློང་ཆོས་དབྱིངས་ལྷུན་གྲུབ་ནི་གདོང་རུས་ཁེ་ཚང་དུ་སྐུ་འཁྲུངས། སྐུ་ཆུང་ངུ་ནས་རབ་ཏུ་བྱུང་ཞིང་བྲག་དགོན་དུ་སྒྲིག་སུ་བཞུགས། རང་ལུགས་ཡིག་ཆ་བློ་འཛིན་དང་གར་ཐིག་དབྱངས་རོལ་སོགས་ཉེར་མཁོ་ཀུན་ལ་བྱང་ཆུབ་པར་མཛད་ཅིང༌། སྨིན་གྲོལ་གླིང་དུ་གྲྭ་སར་བྱོན། རྩིས་དཀར་ནག་ལ་ཤིན་དུ་མཁས་ཞིང་གཞན་ཡང་གཞུང་ལུགས་ལ་གསན་སྦྱོངས་ཡང་དག་པར་གནང༌། ཡོངས་ཀྱི་དགེ་བའི་བཤེས་གཉེན་དགའ་གཞི་རྡོར་འཛིན་ཤེས་རབ་བསྟན་དར་བརྙཻས་པ་གསུམ་གྱི་བརྟེན་ཏེ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཁོང་མི་གཞི་བཟང་ལ་ཀུན་དང་མཐུན་པ། ཁྱད་པར་ཟས་གོས་དང་གནས་མལ་སོགས་སྤྲོས་པ་ལ་ཐུགས་མི་གཏོད་པ་གང་བྱུང་ཙམ་གྱི་ཆོག་ཤེས་པའི་སྦྱངས་པའི་ཡོན་ཏན་བཅུུ་གཉིས་ལ་གནས་པའི་དགེ་སློང་ཡིན་བཤིས། སྨིན་གླིང་དུ་བཞུགས་སྐབས་ཏོ་ལོ་སྒོག་ལོ་ཞེས་མཚན་དུ་ཆགས་སོ། །གཡའ་མ་ལུང་དུ་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས་རིམ་ཚེ་སྒྲུབ་གི་བླ་བསྐོས་དུ་ཡུན་རིང་བཞུགས་ཤིང་ཐམས་ཅད་མཁྱེན་པ་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ལ་ཚེ་དབང་སོགས་འབུལ་བ་མཛད་ཅིང་ཐུགས་དགྱེས་པའི་རྩེར་སོན་བྱུང༌། རྗེས་སུ་གཞན་ལ་དབང་བསྐུར་མཛད་སྐབས་ངེས་རྒྱལ་བ་རིན་པོ་ཆེའི་དབུ་ཐོག་ཏུ་བུམ་པ་བཞག་མྱོང་ཁྱེད་ཚོ་ཙམ་ལ་དབང་བྱེད་རྒྱུ་དཀའ་ལས་མེད་ཅེས་ཞལ་འཚལ་གསུངས་བར་གྲག། དགའ་གཞི་རྡོར་རྗེ་འཛིན་སྒྲུབ་གྲྭ་ཐེག་མཆོག་ཆོས་གླིང་དུ་བཞུག་སྐབས་ཀྱི་ཉེ་གནས་མཛད་ཅིང་སང་རྒྱས་དངོས་མཐོང་གི་དད་པ་མི་ལྡོག་པ་ཡོད་ཅིང༌། དགའ་གཞི་རྡོར་འཛིན་ཞིང་བཤེགས་རྗེས་རང་དགོན་དུ་ཕེབས། ཁོང་དགུང་ལོ་མཐོ་ཙམ་ཕེབ་སྐབས་རྒྱ་དམག་རང་དགོན་དུ་འོང་ནས་དེ་སྔ་དགོན་པའི་དབུ་འཛིན་བླ་སྤྲུལ་གཙོ་བོ་སུ་ཡིན་ཞེས་གཤིན་རྗེ་མདུན་དུ་ཐོན་པ་ལྟ་བུའི་འཇིག་སྐྲག་བསྐུལ་སྐབས། ཁོང་གི་ཞུམ་པ་པུ་ཙམ་མེད་པ་སྤྲུལ་སྐུ་གཉེར་པ་དབུ་མཛད་ཚང་མ་ང་རང་ཡིན། ང་ལས་དབང་ཆེ་བ་གཅིག་ཀྱང་མེད། ཉེས་པ་གང་ཡོད་ང་རང་ཡིན་ཞེས་གཞན་གྱི་ཉེས་སྡིག་རང་གི་ལེན་ཐུབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཐེ་ཚོམ་མེད་པར་ཞུག་པས། ཀླ་ཀློ་དེ་ཚོས་ཁོང་ལ་ཉེས་རྡུང་དང་བརྩོན་འཇུག་གི་མནར་གཅོད་ཚད་མེད་བྱས་ཀྱང་བདག་བས་གཞན་བཅེས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ཕྱི་ཐམས་ཅད་དུ་བདེ་ནས་བདེ་བར་འགྲོ་བར་ཆོས་ཉིད་ཡིན་པས། བསྟན་དགོན་འདུས་པ་ཡོངས་ལ་ཕན་པ་ཆེར་བྱུང་བ་མ་ཟད། ཁོང་ལ་སྡུག་བསྔལ་གྱི་ཚོར་བ་ཆེར་མེད་པ་ལྟ་བུ་བཞུགས་པར་གྲགས། བརྩོན་ཁང་ནང་ནས་སྐུ་ཅུང་ཟད་བསྙུང་ནས་ཕྱི་ལུག་ཀྱི་སྨན་བཅོས་བྱེད་དགོས་བྱུང་དུས། སྨན་པ་རྒྱ་མོ་དེ་ཚོ་ཡག་ཆེ་ནས་ཡེ་ཤེས་ཀྱི་ལྷ་དང་འདྲ། མཛེས་ཆེ་ནས་མཆོད་པའི་ལྷ་མོ་དང་འདྲ་ཞེས་དགྲ་གཉེན་ཕྱོགས་རིས་བྲལ་བའི་གསུང་ཁོ་ནར་འབྱོན། རྒྱུན་དུ་དམར་ཟས་མི་གསོལ་བ་དང༌། ངོ་སྲུང་དང་ཚུལ་འཆོས་མི་མཛད་ཉམས་ཆུང་དང་དབུལ་པོ་ཐམས་ཅད་ཀྱི་མཆོད་གནས་སུ་གྱུར་པ་ཞིག་ཡིན་པར་གྲགས་སོ། དེ་ལྟར་གཞན་ཕན་གྱི་སྤྱོད་པ་རླབས་ཆེན་སྐྱོངས་ནས་གཟུགས་སྐུའི་བསྐོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ།།

༈དགེ་སློང་མཆི་མེད་རྡོ་རྗེ་ནི་ཤུག་ལུང་འཇོ་ཚང་དུ་ཡབ་འཇོ་དོན་དང་ཡུམ་ཨ་བསོད་གཉིས་ཀྱི་སྲས་སུ་སྐུ་ཁྲུངས། ཁོང་སྐུ་འཁྲུང་བའི་ཉིན་གྲོང་པའི་ཉེ་འཁོར་རྣམས་སུ་འཇའི་དྲ་བ་འགྲེལ་བ་བྱུང་བས། ཡུལ་མི་ཀུན་གྱི་བུ་འདི་སྤྲུལ་སྐུ་ཞིག་ཡིན་པ་འདྲ་ཞེས་གླིང༌། སྐུ་ན་གཞོན་དུས་ནས་བྲག་དགོན་དུ་རབ་ཏུ་བྱུང་ཞིང་སྒྲིགས་སུ་བཞུགས་པར་མཛད། རང་ལུགས་གི་འདོན་བཅའ་གཤོམས། གར་ཐིག་དབྱངས་རོལ་བཅས་བྱང་ཆུབ་པར་མཛད་སྟེ་དབུ་མཛད་ཆེན་མོའི་ཁུར་བཞེས། སྨིན་གྲོལ་གླིང་དུ་གྲྭ་ས་བཞུགས་སྐབས་གྲྭ་བརྒྱ་ཕྲག་མང་པོའི་ནང་ནས་ཁམས་པ་ཚོས་བསམ་ཞེས་མཁས་བཙུན་བཟང་པོའི་ཚད་དུ་བྱེད། སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་ཆེ་ནོར་བུ་དང༌། གྲག་སྤྲུལ་རྣམས་གཉིས་རྩ་བའི་བླ་མ་རུ་བརྟེན་ནས་ཨ་ཏི་ཟབ་དོན་སྙིང་པོའི་ཀ་ལྷུན་ཟུང་འཇུག་གི་ལམ་ནས་རང་བཞིན་རྫོགས་པ་ཆེན་པོའི་རྟག་སྣང་མཐར་ཕྱིན་པ་གྱུར། གྲུབ་ཆེན་སྐར་ནོར་རིན་པོ་ཆེས་ཀྱང་བྲག་ནག་གཅོད་ཆུང་མ་ཞེས་བསྔགས་བརྗོད་ཀྱི་མེ་གཏོག་འཐོར་བ་མཛད། རིག་གནས་གསར་བརྗེ་ཞེས་པ་ཀླ་ཀློའི་གདུག་རྩུབ་ཀྱི་སྐབས་སུ་ཡང་ཁོང་ལ་གནོད་པས་རྫི་བ་མ་ནུས་པར་དབེན་གནས་རྣམས་སུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཅིག་ཏུ་གཞོལ་བ་མཛད། དེ་རྗེས་ཀུང་ཧྲེ་བཅོས་བསྒྲིག་ཞེས་པའི་ལས་འགུལ་སྤེལ་སྟེ་དགོན་འདིར་བརྟན་དང་བརྟེན་པ་བཅས་པ་རྩ་གཏོར་བྱེད་རྒྱུའི་དྲག་པོའི་འཐབ་བརྡུང་འོག་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་དང༌། དགེ་སློང་ཨ་འདས་སོགས་དགོན་པའི་དབུ་འཛིན་རྣམས་འཛིན་བཟུང་བྱས་སྐབས། རྗེ་འདིའི་ཞལ་ནས་ད་ནི་ང་ཚོ་ལ་སྡུག་པོ་བཏང་ངེས་རེད་ཀྱང་ང་ནི་ཁོ་ཚོའི་མིག་གི་མཐོང་སར་འགྲོ་རེ་འབུམ་དམ་པ་ཞེས་དབུ་སྙུང་མཛད། ཁོང་འཛིན་བཟུང་བྱེད་རྒྱུ་གཏན་ཁེལ་བའི་སྔ་ཉིན་ཞོག་པ་ཉི་ཤར་སྐབས་སྐུ་ཅི་ཡང་བསྙུང་པ་མེད་བཞིན་ཉེ་གནས་རྣམས་ལ་ཕྱི་མཐའི་ཞལ་ཆེམ་རྩལ་ཞིང་སྐུ་སེང་གེ་ཉལ་སྟབས་སུ་བཞུགས་སྟེ་བསམ་བཞིན་དུ་མཁའ་སྤྱོད་ཟང་མདོག་དཔལ་རིར་གཤེགས་སོ། དེའི་ཕྱི་ཉིན་གཞན་གྱི་རྒྱུག་ཁྱི་བྲག་ཡབ་བསོད་ནམས་རྒྱ་མཚོ་ཞེས་པ་དེ་སེམས་འགྱོད་ཆེན་པོས་མདུན་ཅོག་ལ་ཁུ་ཚུར་བཞུས་ཤིང་གདོང་དམར་པོ་བྱས་ནས། ཨ་ཁ་ངེས་ཁོའི་ཨོག་ཚོམ་ནས་བཟུང་ནས་ར་ཐང་བཤའ་འདྲ་བྱེད་དགོས་པ་ཡིན་ཞེས་ངར་ངར་བྱེད་པ་ལས་ཐབས་གཞན་མ་རྙེད་དོ། །

ཚེ་དབང་རིག་འཛིན་མཁའ་ལ་འཕུར་བ་དང༌།།

འཆི་མེད་རྡོ་རྗེ་མཁའ་སྤྱོད་གཤེགས་པ་གཉིས། །

གཟུགས་སྐུ་སྣང་དང་མི་སྣང་ཆ་ཙམ་ལས། །

མཁའ་སྤྱོད་རང་དབང་མཛད་ལ་ཁྱད་པར་ཅི། །ཅེས་ཀྱང་སྨྲའོ། །དེ་ལྟར་བླ་སྤྲུལ་དགེ་བའི་བཤེས་གཉེན་འདྀ་དག་ནི་དགོན་འདིས་བསྟན་པ་ལ་མཛད་རྗེས་ཆེ་བའི་ལོ་རྒྱུས་ཐོག་གི་མི་སྣ་དྲག་ཅན་ཡིན་ཞིང༌། འདི་དག་གི་འཁྲུང་ཡུལ་དང་ཡབ་ཡུམ་ཀྱི་མཚན་དང་འཁྲུང་འདས་ཀྱི་ལོ་ཚིག །བླ་མ་གཙོ་བོ་སུ་འདྲ་བརྟེན་ཚུལ་དང༌། གཞུང་ལུག་ལ་ཐོས་བསམ་སྒོམ་པའི་སྦྱང་ཡོན་གི་ཚད་མཐོ་དམན་བཅས་ལོ་རྒྱུས་ཐོག་མེད་དུ་མི་རུང་བ་ཡིན་རུང༌། དཔྱད་གཞི་གྱུར་པའི་ཡིག་ཆ་མེད་པ་དང༌། དུས་ཚོད་ཡུན་རིང་འདས་ཟིན་པ། ལོ་རྒྱུས་ཇི་བཞིན་ངེས་པའི་རྒན་རབ་རྣམས་ཀྱང་བཤེགས་ཟིན་པ་བཅས་ཀྱི་ཇི་བཞིན་པའི་རྣམ་ཐར་འབྲི་ཐབས་བྲལ་ཡང༌། སྔར་གྱི་རྒན་རབ་རྣམས་ཀྱི་བཤད་སྲོལ་རྣ་བརྒྱུད་དུ་ལུས་པ་རྣམས་དང༌། རང་གི་མིག་མཐོང་ལག་ཟིན་གི་ངེས་པ་གང་ཡོད་དང་གཞན་ཡང་ལོ་རྒྱུས་ཤེས་མཁན་རྣམས་ལ་བཀའ་འདྲི་ཞུས་ཐོག །གོང་གི་བླ་སྤྲུལ་འདི་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་མཚོ་ལས་ཆུ་ཐིག་ཙམ་རེ་ལྷག་འདུག་པ་རྣམས་ཕྱོགས་གཅིག་དུ་སྡེབས་ཏེ་འཕྲི་བསྣན་སྒྲོ་བསྐུར་སོགས་རང་བློ་གང་འདོད་ཀྱི་སྐྱོན་གྱི་མ་སྦག་པར་བྲིས་པ་ཡིན། གཞན་ཡང་དགོན་འདིར་སྒྲིག་ཁོངས་སུ་རྟོགས་པ་ཞིག་ཡིན་ཕྱིན་ཆད་དགེ་ཚུལ་སློང་སྡོམ་ལྡན་ཁོ་ན་ལས་མཐོང་ཐོས་དོག་གསུམ་གྱི་སྐྱོན་ཅན་གནས་སྡོད་བྱེད་ས་མེད་པས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་ཕུལ་དུ་བྱུང་བའི་དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་བ་ལྟ་བུ་ཞིག་བྱོན་འདུག་ཀྱང་རེ་རེ་ནས་བྲི་བའི་གོ་སྐབས་བྲལ་ཞིང་དེ་ཙམ་གྱི་མཐུན་པ་བྱས་སོ། །འདིར་གྲྭ་བའི་ཐོན་ཁུང་ནི་རྩེ་རང་ལྡིང་འོག ། གསེར་ཁ་ཡུལ་འབྲོག །བསམ་འགྲུབ་གཞུང༌། སྦྲ་ནག །བྲག་ཡབ་འཁོར་ར་བཅས་ནས་སྔར་གྲྭ་པ་འཇོག་སྲོལ་ཡོད་པ་ཡིན། གྲྭ་པའི་སྤུས་ཚད་ཐད་ནས་ཟས་ཀྱྀ་སྤྱོད་ལམ་དང་ན་བཟའ་བསྒོ་ཚུལ་བྱོན་བཞུད་ཡན་ཆད་དམ་ཆོས་འདུལ་བ་ལས་ཇི་ལྟར་གསུང་བཞིན་ཕྱག་ལེན་ཐེབས་ངེས་ཡོད་པས་དུས་ཚོད་གསར་རྙིང་གང་ལ་ཡང་ཀུན་གྱི་བཟང་པོའི་མིག་ལྟོས་ཕེར་བ་ཡིན། །དགེ་འདུན་པའི་ཞལ་གྲངས་ལྔ་བཅུ་ནས་བརྒྱ་བར་ཙམ་ཕལ་ཆེར་རྒྱུན་ལྡན་དུ་བྱུང་ཡོད་པ་འདྲ། འདུས་པ་མང་ཉུང་ལ་མ་ལྟོས་པར་བསླབ་པ་གསུམ་གྱི་ཉམས་ལེན་ནི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་བཞིན་འདུལ་གྲྭ་ཁྲིམས་གཙང་ཁོ་ན་མ་གཏོགས་དགེ་འདུན་པའི་གྲལ་དུ་གནས་སྡོད་དང་སྤྱི་རྫས་ལོངས་སྤྱོད་མི་ཆོག་ལ་གལ་ཏེ་དོག་གཞི་ལྡན་པའམ་སྤྱི་རྒྱུག་ལོ་གསུམ་རེའི་འཚམས་སུ་འདུལ་ཁྲིམས་གཙང་གཤེར་བྱས་ནས་ལྷ་མི་དཔུང་སྡོམ་གི་དམ་བསྒྲགས་བྱ་རྒྱུ་དང༌།  གླིང་ནང་དུ་ཆང་ནག་བཀག་སྡོམ་བཅས་ཆོས་ཁྲིམས་རྒྱུན་ལྡན་རིག་གསར་མ་བྱུང་བར་དུ་ཉམས་མེད་ཡོད། རིག་གསར་སྐབས་སུ་གྲྭ་རིག་རྣམས་རང་རངགི་ཁྱིམ་དུ་ལོག་དགོས་པ་དང་ཆོས་ལུགས་བྱེད་སྒོ་བཀག་པ། མང་ཚོགས་དང་མཉམ་དུ་ཕྱུག་འཚོ་སྐྱོང་དང༌། ཞིང་ལས་སོགས་སྤྱོད་ལམ་ཕལ་ཆེར་མི་ནག་དང་འབྲེལ་ཏེ་དུས་ཡུན་རིང་པོ་འོ་རྒྱལ་གྱི་གནས་སུ་ལྷུང་རུང༌། སྐབས་དེ་དུས་ཡང་ཁོང་རྣམ་པས་རང་ནུས་གང་ཡོད་ཀྱི་རིག་དངོས་ལ་སྲུང་སྐྱོབ་དང༌། རང་བརྒྱུད་ཀྱི་བསླབ་པ་ལ་གཅེས་སྤྲས་དཔེ་མེད་མཛད་འདུག་པ་དཔེར་ན་དེ་སྐབས་ན་བཟའ་ཆོས་གོས་རྣམ་གསུམ་ཕར་ཞོག །ལྷན་པ་དམར་པོ་ཙམ་ཡང་སྐྱོན་ཆོག་མི་འདུག་ཀྱང༌། ད་དུང་ཁོང་རྣམས་པས་གོས་དང་སློག་པ་སྐྱ་ཧྲུལ་བ་རེ་གནབས་ཏེ་སྐ་རག་ཤུབ་ཤུབ་བཅིང་ནས་ཞལ་རས་སྣུམ་ཆི་ལེ་ཕེབས་གི་འདུག་པ་དོར་མ་གནབས་མཁན་སུ་ཡང་མི་འདུག །ཁྱད་པར་་གྲྭ་རྒན་ཁག་གཅིག་གི་དབུ་ཁྲིད་འོག་དབྱར་དུས་ལྐོག་དུ་དབེན་ས་རྣམས་སུ་གྲྭ་བ་རྣམས་བསྡུ་རུབ་བྱས་ཏེ་ཞག་ཁ་ཤས་སྐྱིད་སྐྱིད་བྱས་ནས་འདུལ་ཁྲིལ་གཙང་གཤེར་དང་དགུན་དུས་སྲུང་མའི་བསྐང་གསོ་གང་འཚམ་རེ་གཏོན་པ་བཅས་ཀྱི་འདུལ་ཁྲིམས་ཀྱི་ལྕགས་རི་ལྟ་བུ་ཞིག་གྱུར་ཡོད། འོན་ཀྱང་སེམས་ཅན་སྤྱི་མཐུན་གྱི་དཀར་མིན་ལས་ཀྱི་འབྲས་བུ་དུས་སུ་བདོ་བ་དང༌། ཕྱི་ནང་ཀུན་ནས་སྨོན་ལོག་བདུད་ཀྱི་ཕོ་ཉ་འབུམ་ཕྲག་མང་པོ་དུས་གཅིག་ཏུ་འཚར་ལོང་བྱུང་ནས། སངས་རྒྱས་ཀྱི་བསྟན་པ་རྨང་ནས་བཤིག་པའི་ནུས་པ་སྟོབས་སུ་གྱུར་པ་ལྟ་བུའི་སླར་ཡང༌། ༡༩༧༢ལོར་ཀུང་ཧྲེ་བཅོས་བསྒྲིག་ཞེས་པའི་འདུག་རྩུབ་ཀྱི་ལས་འགུལ་ཐཽག ། བྲག་ནག་དགོན་པས་ལྐོག་ཏུ་ས་འོག་དགོན་པ་སྒྲིགས་འཛུག་བྱས་ཞེས་པའི་རླུང་ཡན་ཞིག་གི་སྣ་དྲངས་བསྟན་དགོན་འདི་རྨང་ནས་བརླག་པའི་རྐྱེན་ངན་ཀྱི་རྡུལ་རླུང་ཕྱོགས་ཀུན་ནས་འཚུབ་སྟེ། ཡུལ་ཕྱོགས་འདི་དང་ཁྱད་པར་དགོན་འདིར་མི་དགེ་བའི་མཚན་མ་སྣ་ཚོགས་པ་བྱུང་བ་འདི་ལྟར། ནུབ་ཕྱོགས་གླང་ཆུ་ཁ་ནས་དགོན་པ་དང་པོ་འཇལ་དུས་མཎྜལ་འབུལ་སའི་ཕ་ཝང་དཀར་པོ་གཞོང་པ་འདྲ་ཞིག་ཡོད་པ་དེ་མཐུར་དུ་འདྲིལ།  རྒྱབ་རི་སྟག་རྩེའི་གསེར་མཁར་ཞིག །བླ་མ་ཚང་གི་བླ་ཤིང་ཞེས་པའི་འོག་གི་ལྕང་སྡོང་འདི་སྐམ།  མགོན་ཁོང་གི་སྟེང་གི་བྲག་ཁུང་ན་བླ་བྱ་ཅུང་ཀའི་ཚང་ཡོད་པ་ཁྲ་ཚང་བཅས། བླ་མ་ཚང་གི་ཁང་སྒོ་ལ་བྱ་གླག་སྡེར་འཛིན་ལྷུང༌། བྲག་ནག་ཐང་ནས་སྤྱང་ཀི་ངུ༌། དགོན་པའི་ཉེ་ལོག་གི་ཤུག་པ་སོགས་རྩི་ཤིང་རྣམས་སྐྱེ་ཚུལ་ཞན་ཅིང་ཉམས་པ་སོགས་བཀྲ་མི་ཤིས་པའི་ལྟས་སྣ་ཚོགས་བྱུང་ནས། མི་འསྲུན་པའི་དམ་སྲི་རྒྱལ་འགོང་སྙིང་ལ་ཞུགས་པའི་ཀླ་ཀློ་དེ་ཚོས། དགོན་པའི་འདུ་ཁང་ཆེན་མོ་དང༌། བླ་བྲང་ཚོགས་ཁང༌། སྒྲུབ་གྲྭ་ལྷ་ཁང་བཅས། འདུ་ཁང་ཆེ་ཆུང་གསུམ།གྲྭ་ཤག་ཡོངས་རྫོགས་བཅས་རྩ་གཏོར་བཟོས། སྔར་རིག་གནས་གསར་བརྗེ་སྐབས་ལྷག་ལུས་གྱུར་པའི་སྐུ་གསུང་ཐུགས་རྟེན། དེ་བཞིན་བླ་བྲང་ཁག་གི་སྤྲུལ་སྐུ་རིམ་བྱོན་གྱི་མཆོད་ཆས་ཡོ་བྱད་རྒྱུ་ནོར་བཅས་བསྒྲང་བྱའི་ཡུལ་ལས་འདས་པ་རྣམས་ཁྱེར་བ་དང་གཏོར་བརླག་བྱས། བླ་ཆེན་སྤྲུལ་སྐུ་གོང་མའི་ཕྱག་མཛོད་པ་ཚེ་དབང་ཀླ་ཀློའི་དྲག་ཤུལ་གྱི་བརྡུང་རྡཻག་མ་ཐེག་པ་གསོན་པོ་ཆུ་ལ་ལྕེབ་ནས་འདས། དགེ་སློང་ཨ་འདས་དང་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་རྣམས་གཉིས་སྐུ་ལུས་ལ་ཉེས་བརྡུང་ཚད་མེད་གཏོང་རྗེས། ཕྱག་ལ་ལྕགས་སྒྲོག་གི་བསྡམ་སྟེ་མེ་མདའི་ཁོག་ལྕགས་ཀྱི་བརྡུང་བཞིན་པ་ཁྲིམས་ཁང་དུ་དེད་སོང་བ་ངེས་མངོན་སུམ་མཐོང༌། སེམས་ཡི་ཡུག་གི་མིག་ཆུ་ཁོང་ནས་བཞུར་རུང༌། ངག་འོ་དོད་གི་འབོད་པ་བྱེད་པའི་དབང་ཆ་ག་ལ་ཡོད། གྲྭ་པ་བྱིང་རྣམས་ཕྱོགས་གཅིག་བསྡུས་ཏེ་སེམས་ཅན་རྭ་བ་ནང་བཅུག་པ་ལྟར་གཤང་ཅི་འདོར་བ་ལ་ཡང་རང་དབང་གི་གོ་སྐབས་མེད་པ་ཉིན་མ་རེ་ལ་ཉེས་བརྡུང་ལན་དུ་མ་རེ་བྱས་མཐར། སྐུ་ལུས་རྨ་ཤུལ་དང་ན་གཟའ་ལ་ཤིག་སྲོ་མ་ཏོག་མེད་པ་བྱས་ནས་རང་ཡུལ་ལ་ལོག་ཐུབ་ཙམ་བྱུང༌།  དེ་ལྟ་བུའི་གནར་གཅོད་དང་དཀའ་ངལ་བརྒྱ་ཕྲག་མང་པོ་ཐོག་དུ་བབ་རུང༌། ཁོང་རྣམ་པས་ཐུགས་ཀྱི་དམ་བཅའ་བརྟན་པོས་སླབས་པ་རིན་པོ་ཆེ་མིག་གི་འབྲས་ལྟར་བསྲུང༌། སྐུ་གསུང་ཐུགས་རྟེན་སོགས་རྩ་ཆེའི་རིག་དངོས་དུ་མ་སྲོག་དང་བསྡོས་ཏེ་མི་རབ་ཕྱི་མའི་མིག་གི་འབབ་སྟེག་སུ་བཞག །ལུང་དང་རྟོག་པའི་བསྟན་པ་གྲ་མ་ཉམ་པ་ཐུགས་ཀྱི་རྒྱན་དུ་འཆང་སྟེ། ད་ལྟ་ང་ཚོས་ལོངས་སྤྱོད་དུ་ཡོད་པ་འདི་ལ་བསམ་ན་ཁོང་རྣམས་ལ་དད་པ་ལྷག་པར་སྐྱེ་འོས་པ་ཞིག་ཡིན། 

སྤྱོད་པ་སོ་ཐར་ཁྲིམས་ཀྱི་རྩ་བ་བརྟན། །

གཞན་ཕན་བྱང་སེམས་ལོ་འདབས་ཕྱོགས་ཀུན་ཁྱབ། །

གྲོལ་ལམ་བསྐྱེད་རྫོགས་འབྲས་བུ་གཡུར་དུ་ཟ། །

ཆོས་ཀྱི་སྡེ་འདི་དཔག་བསམ་ལྗོན་པ་འདྲ། །

༈གསུམ་པ་བསྟན་པ་དམ་པའི་ཆོས་ཀྱི་ཉམས་ལེན་ལ་གསུམ་ལས། བཤད་གྲྭ་བླ་རུང་འོད་གསལ་ལྷུན་གྲུབ་གླིང་ན། སྤྱིར་སྔར་སྲོལ་ལྟར་ན་སྔ་འགྱུར་སྙིང་མའི་གྲྭ་ས་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་གྲགས་སྙན་གྱི་བ་དན་དཀར་པོ་ས་གསུམ་ན་གཡོ་བའི་ཆོས་ཀྱི་སྡེ་ཆེན་པོ་འདིའི་མཁན་རབ་དང་པོ་རྒྱལ་སྲས་བསྟན་པའི་ཉི་མ་དང༌། མཁན་རབ་གཉིས་པ་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སོགས་ཀྱི་སྐུ་དུས་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་ཤིན་ཏུ་གྲ་རྒྱས་པ་ཡོད་འདུག་རུང་བཤད་གྲྭ་ཟུར་འཛུག་མ་མཛད་པ་དགོན་པ་རང་དུ་མཆད་ཉན་མཛད་པ་དང༌། མཁན་པོའི་ཁྲི་ཐོབ་ཀྱང་གདུང་བརྒྱུད་གཅིག་གི་འགན་བཞེས་གནང་བ་ལས་གཞན་ལ་མཁན་པོ་ཞེས་པའི་མིང་འདོགས་སྲོལ་མེད་ཅིང༌། དེ་མིན་འདུལ་མངོན་ཕར་ཚད་དབུ་མ་སྡོམ་གསུམ་བཅས་གཞུང་བཀའ་པོད་དྲུག་དང་རྒྱུད་གསང་བ་སྙིང་པོ་རྩ་འགྲེལ་བཅས་རིག་ལམ་ནས་དྲངས་པའི་ལ་བཤད་སྦྱང་མཐར་ཕྱིན་པ་རྣམས་ལ་རབ་འབྱམས་པའི་མཚན་གནས་འབུལ་བ་ལས་མཁན་པོའི་མཚན་འདོགས་སྲོལ་མེད་ཀྱང་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱོང་ཡོན་གི་ཚད་ཤིན་ཏུ་མཐོ་ཞིང༌། ཚིག་

གི་ངེས་ཆ། ལུང་རིག་གི་འགྲོས། རྣམ་དཔྱོད་ཀྱི་སྤོབས་པ། བསྐྱེད་རྫོགས་ཀྱི་ཉམས་ལེན། བསྒྲུབ་ཕྲེང་ཕྱག་བཞེས་ཀྱི་གནད་གསང་བཅས་ཀུན་ལ་བྱང་ཆུབ་པས་གྲྭ་ས་ཆེན་པོའི་མཁས་པ་སུ་དང་བསྡུར་རུང་གཉའ་མི་ཞུམ་པའི་མཁས་པ་གནམ་ཀྱི་ས་བཀབ་པ་ལྟ་བུ་བྱུང་བ་ནི། སྔར་བྱོན་རབ་འབྱམས་པ་རྣམས་ཀྱི་ཡིག་ཆ་ད་ལྟ་ལྷག་ལུས་གྱུར་པ་རྣམས་ལ་གཟིགས་ན་ཟུར་བལྟས་པས་ལེགས་མཐོང་བ་ཡོད། གྲྭ་པ་བྱིང་ཀྱང་མཁས་པའི་མཚན་གནས་ཡོད་མེད་ལ་མ་ལྟོས་པར་མཁས་གྲུབ་གཉིས་ལྡན་དུ་གྱུར་པ་འདི། མདོ་སྔགས་འཆད་ཉན་དང་གསང་སྔགས་ཀྱི་ཚོགས་སྒྲུབ་ཟབ་མོའི་ཉམས་ལེན་ཟུང་འབྲེལ་དུ་སྤྱོད་པ་ལས་བྱུང་བ་ཡིན། ཁ་གཅིག་གི་བཤད་གྲྭ་རྣམས་སྒྲུབ་པ་འདོན་ས་འགྲོ་དགོས་ན་དཔེ་སྤྱད་མི་འོང་ཞེས་ཟེར་རུང༌། གསང་སྔགས་ལུང་གི་སྒོ་བཞི་ལས། དོན་རྣམས་གསལ་འདེབས་བརྗོད་པ་ཅིག་གི་སྒོ་ཞེས་གསུང་པས། བསྐྱེད་རྫོགས་ཀྱི་གནད་གསང་ཕལ་ཆེར་ཆོ་གའི་ཚིག་གི་སྟེང་ནས་འོང་བ་ཡིན་པས་ནང་ཉམས་ལེན་གྱི་གོ་བའི་གདེངས་ཇེ་བཟང་དུ་འགྲོ་བ་སེམས་སོ། །དེས་ན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ཕྱི་འདུལ་ཁྲིམས་ཀྱི་ཀུན་སྤྱོད་དང༌། ནང་བསྐྱེད་རྫོགས་ཀྱི་ཉམས་ལེན་གང་ཐད་ནས་བོད་ཀྱི་གྲུབ་མཐའ་སྨྲ་བ་ཀུན་གྱི་བཟང་པོའི་མིག་ལྟོས་སུ་གྱུར་པ་མ་ཟད་བོད་ཀྱི་རིག་གནས་ལྔའི་འབྱུང་ཁུང་ལྟ་བུ་གྱུར་པ་ཀུན་གྱི་མཁྱེན་གསལ་ཡིན། དེ་བཞིན་དབང་བསྐུར་ཆོས་མཆད་དང་སྡོམ་འབོག་གཞི་གསུམ་གྱི་ཕྱག་གཞེས་རྣམས་ནི་གདུང་རྒྱུད་ཁྲི་བ་དང༌། མཁན་པོ། རབ་འབྱམས་པ་རྣམས་ནས་གང་ལ་གང་འོས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ནས་ཀུན་གྱི་ཕུགས་གཏུགས་ས་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་ཡིན་ནོ། །དེ་བཞིན་བྲག་དགོན་འདི་ཡང་སྔར་བཤད་གྲྭ་ཟུར་དུ་མེད་ཅིང་འདི་པའི་བླ་སྤྲུལ་ཁག་དང་གྲྭ་དཀྱུས་མ་སུ་ཡིན་རུང་སྨིན་གླིང་དུ་གྲྭ་ས་མ་ཕྱིན་པ་སྒྲིག་ཁོངས་སུ་སྡོད་མི་ཆོག་ལ་གྲྭ་པ་བརྩི་སྲོལ་མེད། དེས་ན་སྔར་གྲྭ་ས་ལོ་གསུམ་ནས་དགུ་ཡས་མས་བཞུགས་སྲོལ་ཡོད་འདུག་ཅིང༌། གཞུངས་ལུགས་ལ་སློབ་གཉེར་ཡང་མི་དམན་པ་མཛད་སྲོལ་ཡོད་པ་འདྲ་ཡང་དུས་ཡུན་སོགས་ཀྱི་རབ་འབྱམས་པའི་མཚན་གནས་བཞཻས་ཐུབ་མཁན་བྱུང་མེད་པ་འདྲ།  སྤྲུལ་སྐུ་ཁག་གཅིག་ལ་དཔེ་ཆའི་དགེ་རྒན་ས་ཕྱོགས་གཞན་ནས་མཁན་པོ་ཚུར་གདན་དྲང་སྟེ་གྲྭ་པ་རྣམས་ཀྱང་ཞོར་དུ་དཔེ་ཆ་གཟིགས་པའི་ལོ་རྒྱུས་འདུག །ཆོས་འཆད་དབང་བསྐུར་སྡོམ་འབོག་བཅས་མདོ་སྔགས་གཉིས་ཀྱི་ཆོས་རྒྱུན་རང་བཅའ་ཕེར་བ་ཡོད་པ་མ་ཟད་འདུལ་ཁྲིམས་ཀུན་སྤྱོད་ལ་ཀུན་གྱི་བསྔག་བརྗོད་ཀྱི་ཡུལ་དུ་གྱུར་པ་ཡིན། ད་ལྟ་བཤད་གྲྭ་བླ་རུང་འོད་གསལ་ལྷུན་གྲུབ་གླིང་འདི་ནི། བསིལ་ལྡན་ཁ་བ་རི་བོའི་ལྗོངས་སུ་རྒྱལ་བསྟན་ཡང་དར་གྱི་པདྨོར་གསར་དུ་བཞད་པའི་སྐབས་སུ་རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག ས་གསུམ་འགྲོ་བ་ཡོངས་ཀྱི་སྐྱབས་གནས། མཁས་དང་གྲུབ་པ་ཐམས་ཅད་ཀྱི་གཙུག་རྒྱན། མཚོ་འཁྲུང་པདྨ་རྒྱལ་པོའི་བྱིན་རླབས་ཐུགས་ལ་སིམ་ཞིང༌།  རྒྱལ་སྲས་འཇམ་དཔལ་གཞོན་ནུ་བསམབཞིན་དགེ་བའི་གཤེས་གཉེན་གྱི་རྣམ་པར་རོལ་པ། དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའམ། མཁན་ཆེན་འཇིག་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་རླབས་ཆེན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་བདག་རྐྱེན་ལས། ས་གསུམ་སྐྱེ་འགྲོ་ཡོངས་ལ་ཕན་བདེའི་རྩ་ལག་ལུང་རྟོག་དམ་པའི་ཆོས་ཀྱི་སྣང་བས་ས་ཡི་དཀྱིལ་འཁོར་མ་ལུས་པ་གསལ་བར་མཛད་པའི་དུས་བཟང་དང་འགྲོགས་ཏེ། འདི་གའི་མཆོག་སྤྲུལ་རྣམ་གཉིས་ནས་བཤད་གྲྭ་གསར་འཛུག་མཛད་རྒྱུའི་ཐུགས་བློ་གཅིག་མཐུན་ཐོག་ཆོས་རྗེ་དམ་པའི་ཐུགས་སྲས་སྡེ་དགེ་མཁན་ཆེན་ཤེས་རབ་བཟང་པོས་རོགས་སྐྱོར་གང་ལེགས་ཐོག་ཆོས་རྗེ་མཆོག་ལ་སྙན་ཞུ་ཕུལ་དོན་བཞིན། ཁྲིམས་ལྡན་སྡེ་སྣོད་འཛིན་པ་མཁན་ཆེན་པདྨ་བཀྲ་ཤིས་མཆོག་རང་དགོན་བཤད་གྲྭའི་མཁན་པོ་གནང་གྲུབ་ལྟར། བོད་རབ་བྱུང་བཅུ་བདུན་ཆུ་མོ་བྱ་སྤྱི་ལོ་༡༩༩༣ལོའི་སྨིན་དྲུག་ཟླ་བའི་ཚེས་༡༣ཉིན་དགོན་འདིར་ཐོག་མར་ཞབས་སོར་བཀོད་ནས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ཀྱི་བཤད་ཁྲིད་ལེགས་པར་རྩལ་ཞིང་མཆད་ཉན་གྱི་དབུ་བཙུག་པ་ནས་བཟུང་རིམ་བཞིན་གཞུང་ཆེན་པོ་རྣམ་ལ་འཆད་ཉན་ཆུ་བོའི་རྒྱུན་ལྟར་མཛད་པས་མ་ཟད་མཁན་ཆེན་མཆོག་དང་སྤྲུལ་རྣམ་གཉིས་ཐུགས་དགོང་ལྟར་བཤད་གྲྭ་ཟུར་འཛུག་གནང་རྒྱུའི་བཀོད་པ་མཛད་ཐོག༡༩༩༤ཤིང་ཁྱི་ལོ་བཤད་གྲྭ་ཁང་པའི་ཨར་ལས་དབུ་ཙམ་ཏེ། སྒོ་ཆེན་གྱི་གཡས་ཕྱོགས་གྱང་བརྡུང་མཁན་གསེར་ཁ། གཡོན་ཕྱོགས་རྩེ་རང༌། ས་གཞི་ཁོད་སྙོམ་བྱེད་མཁན་སྐྱོ་གཞུང་བཅས་ཡུལ་སྡེ་ཚང་མས་རོགས་སྐྱོར་གང་ལེགས་དང་དགོན་གཞུང་ནས་ཤིང་ཆ་གང་དགོས་མཁོ་འདོན་བྱས་ཐོག་བསྟན་པའི་འབྱུང་གནས་བཤད་གྲྭ་འདི་ལེགས་པར་གྲུབ་ཅིང༌།  ཕྱི་ལོ་གསེར་ཐང་བླ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་དུ་གར་དབང་འབུམ་ཚོགས་ཆེན་མོ་ཚོགས་པ་དང་འབྲེལ་ཆོས་རྗེ་མཆོག་མཇལ་ཁ་ཞུ་བར་མཁན་པོས་དབུ་མཛད་བཤད་གྲྭ་བ་རྣམས་ཕེབས་ཞིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དགེ་འདུན་འདུས་པ་འབུམ་ཕྲག་ཙམ་གི་དབུས་སུ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཞལ་གསུང་བསྟན་བཅོས་ཀྱི་རྒྱལ་པོ་ངེས་ཤེས་སྒྲོན་མེའི་བློ་རྒྱུག་དག་ཐོན་འབུལ་རྒྱུའི་བསྐལ་བཟང་ཐོབ་པ་མ་ཟད། ཆོས་རྗེ་མཆོག་གི་ཞལ་ནས། ཨོ་རྒྱན་སྨིན་གྲོལ་གླིང་པའི་ཆོས་བརྒྱུད་འཛིན་པ། བྲག་ནག་དགོན་པ་དགེ་ཚུལ་སློང་ཤ་གཅིག་རྒྱུ་གཅིག་ཡིན་ས་འདི་པའི་བཤད་གྲྭ་དེ་ཇི་སྲིད་བར་འདི་ནས་མཁན་པོ་བཏོང་རྒྱུ་དང་གཙོ་བོ་མུ་མཚོ་ངེད་གཉིས་ནས་འགན་བཞེས་རྒྱུ་ཡིན་ཞེས་བཀའ་ལུང་སྤྱི་བོར་ཕེབས་པ་དང༌། བླ་རུང་འོད་གསལ་ལྷུན་གྲུབ་གླིང་ཞེས་པའི་མཚན་གྱི་ཅོད་པན་གནང་བར་མཛད། དེ་ནས་རིམ་བཞིན་གསེར་རྟ་དཀྱིལ་ལུང་མཁན་པོ་བཀྲ་རྒྱལ། ཏྲེ་ཧོར་འབྲས་ཚལ་མཁན་པོ་ཚེ་རིང་མགོན་པོ། ཉག་རོང་ས་སྟོད་མཁན་པོ་ཟླ་བ་འོད་ཟེར། མི་ཉག་མཁན་པོ་པདྨ་བཀྲ་ཤིས་ཡང་སྐྱར་ཕེབས་པ་བཅས་དམ་པའི་ཚུལ་དགུའི་ཡོན་ཏན་གྱི་བརྒྱན་པའི་མཁན་ཆེན་དེ་རྣམས་ཀྱི་རིམ་པར་བསྐྱོང་ཏེ་མདོ་ཕྱོགས་ནས་གཞུང་བཀའ་པོད་ལྔ་དང༌། སྔགས་ཕྱོགས་ནས་ཀུན་མཁྱེན་ཆེན་པོ། སྨིན་གླིང་སྐུ་མཆེད། རྡོ་གྲུབ།ཀུན་མཁྱེན་མི་ཕམ་བཅས་ཀྱི་གསུང༌། དཔལ་གསང་བ་སྙིང་པོའི་འབྲེལ་བ་རྒྱས་བསྡུས་རྣམས་སོགས་ལ་འཆད་ཉན་ཆུ་བོའི་རྒྱུན་ལྟར་མཛད་ནས་བགྲང་བྱ་བཅུ་ཕྲག་ལྷག་སོང་ཞིང་སློབ་མའི་ཚོགས་ཀྱང་མཁས་བཙུན་བཟང་གསུམ་ལྡན་ཞིང་བསྟན་པ་ལ་བྱ་བ་བྱེད་ནུས་པ་བྱུང་དང་འབྱུང་བཞིན་པ་དབྱར་གྱི་ཆུ་གཏེར་ལྟར་གོང་ནས་གོང་འཕེལ་དུ་འགྲོ་གཞིན་པ་ཡིན། བཤད་གྲྭའི་སྒྲིག་ལམ་ཀྱང་ཐུགས་མཐུན་ཁྲིམས་གཙང་སྤང་ཀློག་གི་ལས་ལ་བརྩོན་པ་བཅས་གསུམ་གྱི་ཁོག་ཕུབ་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་གཅིག་ཏུ་གཞོལ་བཞིན་མཆིས། མཁན་པོ་འདི་དག་གི་དུས་སུ་ཕྱོགས་གཅིག་ནས་བཤད་གྲྭ་ལ་སློབ་ཁྲིད་དང་ཕྱོགས་གཅིག་ནས་ཡུལ་སྡེ་རྣམས་ལ་དགེ་བའི་སློབ་སྟོན་མཛད་ཏེ་ཡུལ་གྲུ་ཐམས་ཅད་བློ་ཁ་དགེ་ལ་ཕྱོགས་ཐུབ་པའི་བཀའ་དྲིན་གཞལ་དུ་མེད།  ཁྱད་པར་མཁན་ཟླ་བ་འོད་ཟེར་མཆོག་ནས་ས་ཏྭ་དུང་སྒྲུབ་ཆེན་མོ་ཞེས་དགེ་བའི་དུས་ཆེན་ཁྱད་པར་ཅན་འདི་འཛུག་གནང་མཛད་པ་དང༌། མཁན་པདྨ་བཀྲ་ཤིས་ཉིད་སྔ་རྗེས་བགྲང་བྱ་དུ་མར་རྒྱུན་གཞུགས་གནང་ནས་བཤད་གྲྭ་རྣམས་ལ་དཔེ་ཁྲིད་དང་ཡུལ་སྡཻ་རྣམས་ལ་དགེ་བའི་སློབ་གསོ་ནན་ཏན་མཛད་ཐོག རྐུ་རྔཽན་གི་རྒྱུན་བཅད། སྒོ་ཕྱུག་སྲོག་བཅོད་ཀྱི་སྲོལ་ངན་བཀག །དུ་ཆང་དང་དམར་ཟས་ཤོ་བག་སོགས་སྡིག་ལས་ཕལ་ཆེར་རྒྱུན་བཅད། ཞིང་སྒྲུབ་དང་བསྙུང་གནས་སོགས་དགེ་བའི་དུས་ཆེན་གཙུགས་ཏེ་ཡུལ་འདིའི་སྐྱེ་བོ་ཕོ་མོ་རྒན་མགོ་དཀར་ནས་ཆུང་བྱིས་པ་ཡན་ཆད་དགེ་བ་སྣ་རེ་མི་སྒྲུབ་མཁན་དང་སྡིག་པ་སྣ་རེ་མི་དཔང་མཁན་གཅིག་ཀྱང་མེད་ལ་ཀུན་ལ་ཐར་པའི་ཐེམ་སྐས་ཡོང་སུ་བཙུགས་ཏེ་ཡུལ་གྲུ་མང་པོ་དཀར་པོ་དགེ་བའི་ལམ་ལ་བཀོད་པ་སོགས་བཀའ་དྲིན་བརྗོད་བྱའི་ཡུལ་ལས་འདས་པ་སྐྱོང་བཞིན་པ་ལགས་སོ། 

འཆད་པའི་ངག་རིག་དལ་འགྲོའི་ཀླཽང་ནས་གདམ་ཟབ་རིན་ཆེན་ཐང་མ་བརྡལ། །

རྩོད་པའི་ཐལ་ངག་དབྱར་རྔའི་སྒྲ་ལས་མདོ་རྒྱུད་ལུང་གི་ཆར་ཆེན་འབེབས། །

རྩོམ་པའི་རྣམ་དཔྱོད་ཉིད་འོད་གསལ་བས་ལོག་རྟོག་མུན་པ་དབྱིངས་སུ་གསལ། །

མཁས་བཙུན་བཟང་པོའི་སྙན་གྲགས་རབ་འབར་ཆོས་ཀྱྀ་སྡེ་འདི་སྲིད་པའི་རྒྱན།

༈སྒྲུབ་གྲྭ་དངོས་གྲུབ་འདོད་འཇོ་གླིང་ནི། རབ་བྱུང་བཅུ་དྲུག་ཤིང་རྟ་སྤྱི་ལོ་༡༩༥༤ལོར་བྲག་སྤྲུལ་ཆོས་བྲག་རྒྱ་མཚོས་ཆགས་བཏབ།  སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུའི་དངོས་གྲུབ་འདོད་འཇོ་གླིང་ཞེས་པའི་མཚན་གསོལ། སྐབས་དེར་སྒྲུབ་ཁང་གྲྭ་པ་རྣམས་གཞུགས་ཤག་དང་ལྷ་ཁང་བཅས་མཐར་ཕྱིན་པ་གྲུབ་ཀྱང་བྲག་ཡབ་ནས་མཁན་པོ་ཚེ་རྒྱལ་ཞེས་པ་འདིར་སྒྲུབ་དཔོན་དུ་གདན་དྲངས་རྩིས་ལ་དུས་ཀྱི་རྐྱེན་པ་དང་སྤྲུལ་སྐུ་འདས་པས་སྒྲུབ་གྲྭ་དངོས་སུ་གཞུགས་རྒྱུའི་གོ་སྐབས་མ་བྱུང་ཞིང༌། དེ་རྗེས་ཀུང་ཧྲཻ་བཅོས་བསྒྲྀགས་སྐབས་སྒྲུབ་གྲྭ་གཏོར་གཤིག་ཐེབ་ནས་རྩ་མེད་གྱུར། ཡང་སྐྱར་ཆོས་དད་རང་མོས་སྐབས་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་ནས་འདི་ག་ཉམས་གསོ་མཛད་ནས་སྒྲུབ་གྲྭ་རྣམས་ཀྱང་ཆད་མེད་བཞུགས་རྒྱུའི་གོ་སྐབས་ཐོབ་ཡོད། ཉམ་ལེན་ཆོས་ཀྱི་གོ་རིམ་ནི་ཐོག་མར་བློ་ལྡོག་རྣམ་གཞིའི་རྒྱུད་སྦྱོང་དང་འབྲེལ་ཨ་ཏི་ཟབ་དོན་སྙིང་པོའི་སྔོན་འགྲོ་འབུམ་ལྔའི་བསགས་སྦྱོང་གནད་སྨིན་དང༌། དེ་ནས་བསྐྱེད་རྫོགས་ཉམས་ལེན་དང༌། ཡི་དམ་གྱི་ལྗག་བསྙེན་རང་བློ་དང་འཚམ་པ་མཛད་སྲོལ་ཡིན། ཡི་དམ་གཙོ་བོ་སྨིན་གླིང་རྡོར་སེམས་ཐུགས་ཀྱི་བསྒྲུབ་པ། སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས། སྨིན་གཏེར་གུ་རུ་ཞི་བ་རིགས་འཛིན་ཐུགས་ཐིག །ཚེ་སྒྲུབ་ཡང་སྙིང་ཀུན་འདུས། གུ་རུ་དྲག་དམར། གཤིན་རྗེ་དྲེག་འཇོམ། ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི་རྣམས། རང་རང་གང་མོས་ཀྱྀ་བསྙེན་པ་ཚད་འཁྱོལ། ཟླ་རེའི་ཚེས་བཅུ་ལ་ཐུགས་ཐིག་དང༌། ཉེར་ལྔ་ལ་ཉང་གཏེར་ཁྲོས་ནག་བཅས་ཀྱི་ཚོགས་བསྐོང༌། སྙན་ཚད་སོང་བ་རྣམས་ཀྱི་ཁ་སྐོང་དུ་སྦྱིན་སྲེག། ཉིན་རེའི་ཐུན་བཞི་ནི། ཐོར་ཐུན་གྲོལ་རྗེས་གསང་དང་ཆུ་གཏོར། དེ་ནས་སྔ་ཐུན་ཞུག་ཉིན་གུང་གསོལ་ཚིག །ཕྱི་ཐུན་ཞུག་བསྐང་གསོལ་དང་གསུར་བསྔོ། དགོང་ཟས་གསོལ་རྗེས་ལུས་སྦྱིན། དེ་ནས་སྲོད་ཐུན་བཅས་ཐུན་བཞི་ཁྲིག་ཆགས་སུ་བཏོང་སྲོལ་ཡིན། མཁན་སྤྲུལ་རྣམས་ནས་སྐབས་དང་སྐབས་སུ་སེམས་ཁྲིད་དང་བསྙེན་ཡིག་སོ་སོ་བཅས་ཀྱི་ཉམས་ཁྲིད་བཅས་མཛད་ནས་དུས་ཡུན་ཐུང་ཐ་ལོ་རེ་ཡན་བརྗེ་ལེན་བྱེད་རྒྱུ་བཅས་ཡིན། །

ལྟ་བ་ཀ་དག་ཁྱབ་བརྡལ་ནམས་མཁའ་ལ། །

སྒོམ་པ་ཏིང་འཛིན་གསུམ་གྱི་ཉི་མ་འབར། །

སྤྱོད་པ་སྤྲོ་བསྡུ་འཕྲུལ་གྱི་འོད་ཟེར་གྱིས། །

འབྲས་བུ་དོན་གཉིས་སྒྲུབ་ལ་སྡེ་འདི་མཁས།།

༈དུས་བཞིའི་སྒྲུབ་མཆོད་ཁག་དང་ཉམས་ལེན་ཆོས་ཀྱི་སྐོར། བོད་ཟླ་དང་པོའི་ཚེས་གཅིག་ནས་བཅུ་གཅིག་བར་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་སྒྲུབ་མཆོད་ཉིན་བཅུ་གཅིག །བོད་ཟླ་དང་པོའི་ཚེས་བཅོ་ལྔ་ནས་སྨིན་གླིང་རྡོར་སེམས་སྒྲུབ་མཆོད་ཉིན་ཐེབ་བཅས་ཟླ་བ་གཅིག་ལྷག་ཙམ། དེ་རྗེས་བླ་མ་ཚང་གི་དོངས་སྤྲུག་ཉིན་བདུན། བོད་ཟླ་གསུམ་པ་ཉང་གི་བཀའ་བརྒྱད་བདེ་འདུས་སྒྲུབ་ཆེན་དངོས་གཞི་ཉིན་བདུན། བོད་ཟླ་བཞི་པ་ཁྲོ་རོལ་བདུད་དཔུང་ཟིལ་གནོན་གཏོར་ཟློག་ཉིན་བདུན། བོད་ཟླ་ལྔ་པ་སྣོན་ཟླའི་ཚེས་བཅུ་སྤྲོས་བཅས་ཉིན་བདུན། དེ་ནས་བག་ཡང་དང་འབྲེལ་བའི་དབྱར་སྐྱིད་ཉིན་བདུན་ཙམ། བར་འཚམ་རྣམ་སུ་ཡུལ་སྡེའི་གཤིན་གསོན་གྱྀ་དགེ་རྩ་དང་སྐུ་རིམ་ལ་ཕེབ་རྒྱུ། བོད་ཟླ་བརྒྱད་པ་གྲྭ་མང་འདུལ་ཁྲིམས་གཙང་ཤེར་དང་འབྲེལ་བའི་བསྐང་གསོ་ཉིན་གཅིག། བོད་ཟླ་བཅུ་པར་དགུན་ཉི་ལྡོག་ལ་ཕུར་པ་དུག་གཟེར་རེག་ཕུང་ཉིན་གཅིག།  བོད་ཟླ་བཅུ་གཅིག་པར་ཉེར་དྲུག་ནས་ཉེར་དགུ་བར་ཕུར་པ་ཡང་གསང་སྤུ་གྲི་གཏོར་ཟློག་གནམ་སྟོང་ལ་སྟོང་རག། བོད་ཟླ་བཅུ་གཉིས་པར་གཤིན་རྗེ་དྲེག་འཇོམ་གོང་ལྟར། ཟླ་བ་བྱུང་ངོ་ཅོག་གི་བཅོ་ལྔ་དང་གནམ་སྟོང་ལ་གསོ་སྦྱོང་དང་འབྲེལ་བའི་གནས་བརྟན་ཕྱག་མཆོད། ལོ་གསར་

ལ་ཆོས་སྤྱོད་ཐར་ལམ་རབ་གསལ་བཅས་ཡིན། མགོན་ཁང་དུ་ཉིན་ལྟར་གསང་མཆོད་བདུད་རྩི་སྤྲིན་ཕུང་དང་གསོལ་ཁ་དངོས་གྲུབ་རོལ་མཚོ་ཆ་ཚང་ཐོག་ལྷ་ཆེན་དང་ལྷ་མོ་གྲངས་གསོག་རྒྱུ་ཆག་མེད་མཛད་པ་བཅས་ཡིན། སྤྱིར་དགོན་འདིས་ཡི་དམ་གཙོ་བོ་གང་གི་འདི་དག་ཡིན་ཞིང༌། ཁྱད་པར་རྡོར་སེམས་འདི་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་ཞིང་གྲུབ་པའི་མཚན་མ་ཅན་ཡིན་ཏེ། རྒ་ལོ་སྤྲུལ་ཞེས་པ་ཕྱོགས་མེད་ཀྱི་བྱ་བྲལ་བ་དེ་གླང་མདའ་ཕེབས་སྐབས་ལུང་པ་འདིའི་ཕུ་ན་དགོན་སྡེ་སུ་ཡོད་དམ་ཆུ་འདི་ལས་ཡི་གེ་བརྒྱ་པའི་སྒྲ་རང་གྲག་གི་འདུག་ཞེས་གསུང་པ་དང༌། ཁམས་སྤྲུལ་བསྟན་པའི་ཉི་མ་བླཽ་བུར་དུ་གྲིབ་ཀྱི་བསྙུང་གཞི་བྱུང་དུས་ཁོང་གི །ད་ལན་ནད་འདི་ལ་བྲག་དགོན་གྱི་རྡོར་སེམས་བུམ་ཆུ་ཞིག་ལོན་ན་མ་རྟོག་གཞན་གང་གིས་ཀྱང་མི་ཕན་གསུང་པས་མཚོན་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་ཡིན།  འདིའི་བུམ་པའི་དམ་རྫས་འདི་ཡང་རིག་གསར་སྐབས་དུས་རྟག་ལྟ་བུའི་ཅུང་ཟད་ཉུང་ངུར་གྱུར་པ་ལས་དེ་ལས་གཞན་དུས་ནམ་ཡང་བྲི་བ་ཙམ་ཡང་བྱུང་མ་མྱོང་བ་ཡིན། སྤྱིར་སྨིན་གླིང་རྟོར་སེམས་འདི་ཁྱབ་བརྒྱ་ཆེ་ཞིང་ཁྱད་པར་དགོན་འདི་ལ་བཀའ་བབས་པ་ལྟ་བུ་ཡིན། གོང་གི་དུས་བཞིའི་སྒྲུབ་མཆོད་ཁག་འདི་དག་ལས་དུས་ཀྱི་རྐྱེན་པས་ཉམས་ཆགས་བྱུང་བ་རྣམས་སླར་གསོ་མ་ཐུབ་པ་ཡང་ཅི་རིག་པ་ཡོད། དེ་ལྟར་བྲག་དགོན་གསང་སྔགས་ཆོས་གླིང་གི་ལོ་རྒྱུས་དཀར་ཆགས་རྩམ་དུ་བཀོད་པ་འདིས་ཀྱང་ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་ཞིང་དེར་འཛིན་སྐྱེ་བུ་དམ་པ་གང་ན་སུ་བཞུགས་པ་ཐམས་ཅད་སྐུ་ཚེ་བསྟན་མཛད་འཕྲིན་རྒྱས་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ། ཕྱོག་བཅུའི་དགེ་འདུས་ཀྱི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་བརྒྱན་ཞིང་བསྟན་པ་འཛིན་སྐྱོང་སྤེལ་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན། བསྟན་པའི་སྦྱིན་བདག་ཡོངས་པའི་རྒྱལ་ཁམས་ཐམས་ཅད་ཆོས་འབྱོར་ལོངས་སྤྱོད་ཀྱི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག༌། སླར་སྨྲས་པ། 

གསང་ཆེན་རྒྱུད་ཀྱི་སྟོན་པ་རྡོ་རྗེ་སེམས། །

ཐེག་རྩེ་ཞིང་འདིར་དྲངས་མཛད་དགའ་རབ་རྗེ། །

ཐེག་མཆོག་ཟབ་ལམ་ཨ་ཏི་རྫོགས་པ་ཆེའི། །

བསྟན་པའི་མངའ་བདག་རིག་འཛིན་རྒྱུད་པ་ཆེ། །

ཁྱད་པར་རྒྱལ་ཀུན་འདུས་ཞལ་པད་མ་འབྱུང༌། །

བྱང་སེམས་ཆོས་རྒྱལ་སྤྲུལ་པའི་ལོ་པན་ཚོགས། །

སྔ་འགྱུར་མདོ་སྔགས་ཚང་ལ་མ་ནོར་བ། །

གང་ཅན་ལྗོངས་སུ་དྲངས་བའི་བཀའ་དྲིན་ཆེ། །

པད་མའི་དགོང་བཅུད་ཟབ་ལམ་གསང་བའི་མཛོད། །

རྟོག་གེའི་སེལ་གྱིས་མ་སླད་ཟབ་གཏེར་སྒོ། །

འབྱེད་མཛད་རིག་འཛིན་གཏེར་བདག་གླིང་པ་སོགས། །

རྩོད་ལྡན་རྒུད་པ་གསོ་བའི་མཛད་འཕྲིན་ཆེ། །

བརྒྱུད་གསུམ་རིག་འཛིན་བླ་མའི་གསང་གསུམ་བཅུད། །

མི་ཉམས་སྲོག་དུ་འཛིན་པའི་བཤེས་གཉེན་དང༌། །

བསླབ་གསུམ་བསྟན་པ་འཛིན་པའི་འདུས་སྡེ་འདིས། །

ཁུང་ལྡན་ལོ་རྒྱུས་བརྗོད་ལ་དགོས་པ་ཆེ། །

འོན་ཀྱང་མི་བསྲུན་ཁྲོས་པའི་སྐྱིན་ཐང་དང༌། །

ལོག་སྨྲའི་བུ་ཡུག་དཔུང་དུ་སྡེབ་པ་ལས། །

དམ་པའི་རྣམ་ཐར་པད་མ་དཀར་པོའི་ཚལ། །

གྲང་རེག་དགུན་གསུམ་ཀློང་དུ་ཐིམ་ལ་ཕྱོགས། །

དེ་ཕྱིར་ལྷག་བསམ་ཆུ་འཛིན་ཕུང་པོ་ལས། །

ལེགས་བཤད་དབྱར་གྱྀ་རྔ་ཆེན་འདི་བསྒྲཽག་པས། །

རྣམ་དཀར་བདུད་རྩིའི་གྲུ་ཆར་འཇོ་དང་ལྷན། །

ལེགས་བྱས་དཔྱིད་ཀྱི་དཔལ་ཡོན་འདི་ན་བཞད། །

རྣམ་མང་ལོ་རྒྱུས་མུ་ཏི་ཀ་ཡིས་ཕྲེང༌། །

ལྷག་བསམ་དད་གསུམ་སྲད་བུ་ལ་བརྒྱུས་ཏེ། །

སྐལ་མཉམ་མགྲིན་པའི་རྒྱན་དུ་འབུལ་ལགས་ན། །

རྩེ་བའི་དགྱེས་ཞལ་བདག་ལ་ཕྱོགས་གྱུར་གཅིག། །

རྨོང་པའི་དབང་གི་ལོག་ཏོག་གང་འཆིས་དང༌། །

སྐྱེ་ཀུན་བསགས་པའི་སྡིག་ལྟུང་མ་ལུས་པ། །

སྲས་བཅས་རྒྱལ་བའི་མདུན་དུ་བཤགས་བགྱིད་ན། །

དག་ཅིང་ཚང་པའི་གནང་བ་བདག་ལ་རྩོལ། །

འདི་ལྟར་བགྱིས་པའི་རྣམ་དཀར་དགེ་ཚོགས་གང༌། །

རྣམ་དག་རྒྱལ་བསྟན་ཕྱོགས་བཅུར་རྒྱས་པ་དང༌། །

དེ་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་རྒྱས། །

རྣམ་མང་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །

བདག་ཀྱང་འདི་ནས་ཚེ་རབ་ཐམས་ཅད་དུ། །

ལུང་རྟོག་བསྟན་པ་འཛིན་ལ་དབང་འབྱོར་ཏེ། །

རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ལ་འཇུག་ཅིང༌། །

འགྲོ་ཀུན་འདྲེན་པའི་དད་དཔོན་བྱེད་པར་ཤོག །

ལྷར་བཅས་སྲིད་ཞིའི་གཙུག་གི་རྒྱན་གྱུར་དཔལ་ལྡན་བླ་མའི་རྣམ་ཐར་གང༌། །

གང་དག་ཕྱོགས་བཅུའི་ཞིང་ན་རབ་གྲགས་དམ་ཆོས་ཉི་མ་འོད་པོ་ཆེ། །

ཆེ་བ་འབུམ་ལྡན་ཞི་བསིལ་ལམ་མཆོག་མཆོག་གི་ས་བརྙེས་དགེ་འདུན་ཚོགས།ཚོགས་གཉིས་བསགས་པའི་ཕུལ་བྱུང་ཡུལ་གྱུར་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག ། ཅེས་པ་འདི་ནི་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་བརྒྱུད་འཛིན་པ་དཔལ་བྲག་དགོན་གསང་སྔགས་ཆོས་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོའི་གྲལ་མཐའ་གནས་པ་དགེ་སློང་པད་མ་འོད་གསལ་ནས། །བོད་རབ་བྱུང་༡༧རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོ་སྤྱི་ལོ་༢༠༡༠ལོའི་ས་ག་ཟླ་བའི་ཡར་ཚེས་༧དྲང་སྲོང་ལྷའི་བླ་མ་རྒྱལ་སར་བཀོད་པའི་འཕྲོད་སྦྱོར་དགེ་བའི་ཉིན་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འདབས་སུ་གྲུབ་པར་བགྱྀས་པས་ཕྱོགས་དུས་ཀུན་དུ་བཀྲ་ཤིས་དགེ་ལེགས་ཀྱི་སྣང་བ་རྒྱུན་མི་ཆད་པ་འབར་བའི་རྒྱུ་གྱུར་ཅིག། །སརྦ་མངྒ་ལམ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།