ཁམས་རྫོགས་ཆེན་གངས་རྒྱན་མཆོད་སྡོང་བྱ་རུང་པདྨའི་མཆོད་རྟེན་བྱིན་རླབས་བཀྲ་ཤིས་གཟི་འབར།

༄༅།། ཁམས་རྫོགས་ཆེན་གངས་རྒྱན་མཆོད་སྡོང་བྱ་རུང་པདྨའི་མཆོད་རྟེན་བྱིན་རླབས་བཀྲ་ཤིས་གཟི་འབར་གྱི་གཏམ་ལེགས་བྱས་ཉི་མའི་

འོད་སྣང་ཞེས་བྱ་བ་བཞུགས་སོ། །

ས་གསུམ་ཆེ་རྒུའི་དྲེགས་པའི་ཅོད་པན་གྱིས། །

ཞབས་ཟུང་གསེར་གྱི་འཁོར་ལོར་རྟག་བཏུད་ཅིང་། །

མཐའ་ཡས་འགྲོ་བའི་དུག་གསུམ་གདུང་སེལ་སྨན། །

སྩོལ་མཛད་དོན་ཀུན་གྲུབ་པར་མགོས་ཕྱག་འཚལ། །

 

གདུལ་འགྲོ་བསོད་ནམས་ཤར་རིའི་ཕྲག་པ་ནས། །

སྨོན་ལམ་གསེར་གྱི་ཤིང་རྟས་ཉེར་དྲངས་པ། །

བློ་གྲོས་པདྨོ་འཛུམ་པའི་གཉེན་གཅིག་པུ། །

འཇམ་མགོན་སྨྲ་བའི་ཉི་མ་གཙུག་ན་རྒྱལ། །

 

རབ་དཀར་སྤྲིན་གྱི་ཁང་བཟང་བརྩེགས་པའི་མགུལ། །

ཉི་ཟླའི་རྣ་ཆ་གཡོ་བའི་མཛེས་སྡུག་གིས། །

མཚོན་པར་མི་ནུས་དབྱངས་ཅན་ལྷ་མོའི་ཞལ། །

དེ་རིང་བདག་མགྲིིན་འོ་མཚོར་དགྱེས་རྩེན་མཛོད། །

 

 འཕོ་འགྱུར་སྤྲོས་པའི་མཚན་མ་ཉེར་ཞི་སྟོང་ཆེན་བློ་འདས་དབྱིངས་ཡུམ་ཆེར། །

རྗེས་ཆགས་སོ་སོར་རྟོགས་པའི་རང་མདངས་འཕོ་ཆེན་རྡོ་རྗེའི་རོལ་མོ་་ཡིས། །

ཟབ་གསང་འོད་གསལ་ཐེག་པའི་གཏམ་གྱིས་བགྲང་ཡས་སྐལ་བཟང་སྐྱེ་རྒུའི་ཚོགས། །

རིང་མིན་ཆོས་སྐུའི་རྒྱལ་སར་འགོད་མཛད་མཚོ་སྐྱེས་བླ་མར་དང་བས་འདུད།

 

མཐའ་ཡས་ཕན་བདེའི་དངོས་ཀུན་འབྱུང་བའི་གནས། །

དྲི་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ། །

འཛིན་ལ་ཟླ་བྲལ་གྲུབ་དབང་རྫོགས་ཆེན་པ། །

ཡབ་སྲས་བརྒྱུད་པར་བཅས་པས་དུས་ཀུན་སྐྱོངས། །

1488954192902179.jpeg

 ཅེས་མཆོད་པར་བརྗོད་པའི་སྙན་ཚིག་མེ་ཏོག་གི་ཕྲེང་བས་མདུན་བསུས་ཏེ། རྣམ་དཀར་དགེ་བའི་དངོས་པོར་ཕྲག་མི་དོག་ཅིང་ཡི་རངས་དང་དད་སེམས་ཀྱི་འདབས་བརྒྱ་སྙིང་ཁོང་ནས་གྲོལ་བ་དག་གི་སྙན་ལམ་དུ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་མཚོན་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གངས་རྒྱན་བྱ་རུང་ཁ་ཤོར་གྱི་ཚུལ་ལས་བརྩམས་ཏེ་གཏམ་གྱི་སྦྱོར་བ་ཉུང་ཟད་གསོལ་ན། ཟླུམ་གཟུགས་གོ་ལའི་ཡང་རྩེར་གངས་ཀྱི་རི་བོས་ཀུན་ནས་མཛེས་པའི་བསིལ་ལྡན་བོད་ཆེན་པོའི་ལྗོངས་ཀྱི་བྱེ་བྲག་འབྲི་རྫ་ཟལ་མོ་སྒང་གི་སའི་ཆར། རྒྱལ་ཀུན་འདུས་ཞལ་འཆི་མེད་མཚོ་འཁྲུངས་རྒྱལ་བས་ཞབས་ཀྱིས་བཅག་སྟེ་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་།  ཆོས་དང་ནོར་གྱི་གཏེར་ཁ་ཟད་མི་ཤེས་པ་སྦས་ནས་སྒྲུབ་གནས་ཀྱི་རྒྱལ་པོ་རུ་བྱིན་གྱིས་བརླབས་པ། གཙུག་ལག་དང་རྒྱུད་སྡེ་ནས་བཤད་པའི་སའི་དཔྱད་བཟང་རྒུ་མ་ཚང་བ་མེད་ཅིང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རང་གཟུགས་མངོན་སུམ་མིག་གི་བདུད་རྩིར་ཤར་བའི་རང་བྱུང་གི་བཀོད་པ་བསམ་གྱིས་མི་ཁྱབ་པས་ཡོངས་སུ་གཏམས་པ། ཡོན་ཏན་བདུད་རྩིའི་གནས་མཆོག་རུ་དམ་གངས་ཀྱི་ར་བའི་ལྟེ་བ་འདི་ཉིད་དུ། མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བསྟན་འཛིན་འབྱོར་ལྡན་ནས་ཕན་བདེ་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། འབྲེལ་ཚད་ཀྱི་འགྲོ་བ་རྣམས་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་པར་ལེགས་པའི་གོ་འཕངས་ལ་དབུགས་འབྱིན་པའི་སླད་དུ། ལྷག་པའི་ཐུགས་བསྐྱེད་རྣམ་པར་དག་པ་ཟླ་བ་ཞུན་མའི་ཕུང་པོ་ལྟར་གཅིག་ཏུ་དཀར་བས་ཀུན་ནས་བསླངས་ཏེ།

 ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་རྟེན་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གཉིས་པ་ཞིག་ལེགས་པར་བཞེངས་གནང་བ་སྟེ།  དེ་ཡང་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ནི་སྔོན་བསྐལ་པ་དཔག་ཏུ་མེད་ཅིང་བགྲངས་ལས་འདས་པའི་སྔོན་རོལ་ན།  དེ་བཞིན་བཤེགས་པ་འོད་དཔག་ཏུ་མེད་པའི་དྲུང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་ཐམས་ཅད་འཁོར་བའི་འདམ་ལས་འདོན་པར་སྨོན་ལམ་བཏབས་ནས།  འགྲོ་བ་དཔག་ཏུ་མེད་པ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ།  ཕོ་བྲང་རི་བོ་པོ་ཏ་ལའི་རྩེར་བྱོན་ནས།  ད་ནི་སེམས་ཅན་གཅིག་ཀྱང་མེད་དོ་སྙམ་ནས་གཟིགས་པས་རིགས་དྲུག་གི་གནས་ན་སེམས་ཅན་ཆང་གར་མའི་སྦང་མ་ལྟ་བུ་ཉུང་དུ་མ་སོང་བར་འདུག་པས།  ད་ནི་སེམས་ཅན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་མི་ནུས་སོ་སྙམ་ནས་སྤྱན་ཆབ་ཤོར་བ།  ཕྱག་གི་སྲིན་ལག་གཉིས་ཀྱིས་གཏོར་ནས།  མ་འོངས་པའི་དུས་སུ་སྤྱན་ཆབ་གཉིས་ཀྱིས་ཀྱང་འགྲོ་བའི་དོན་བྱེད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས།  སུམ་ཅུ་རྩ་སུམ་ལྷའི་ཡུལ་དུ།  ལྷའི་དབང་པོ་བརྒྱ་བྱིན་གྱི་སྲས་མོ་གཉིས་འཁྲུངས་ཏེ།  ལྷའི་བུ་མོ་གང་མ་དང་གང་ཆུང་མ་ཞེས་བྱ་བ་གཉིས་སུ་གྱུར་པས།   གང་ཆུང་མས་ལྷའི་མེ་ཏོག་བརྐུས་པས།  ལྷའི་ཁྲིམས་རྣམ་པར་དག་པ་ཉམས་པ་མིའི་གནས་སུ་ལྷུང་བས།  བལ་ཡུལ་མ་གུ་ཏའི་ཡུལ་གྲུ་རུ།  ཕ་བྱ་རྫི་གསལ་བ་དང་།  མ་བྱ་རྫི་མ་བུ་རྣ་ཞེས་བྱ་བའི་བུ་མོ།  བྱ་རྫི་མ་བདེ་མཆོག་མ་ཞེས་བྱ་བར་སྐྱེས་ཏེ་བྱ་འཚོ་བའི་ལས་བྱེད་དོ།  དེའི་ཚེ་རིགས་ངན་བཞི་དང་བཤོས་པ་བུ་བཞི་སྐྱེས་ཏེ། དང་པོ་རྟ་རྫི་བཤོས་པའི་བུ་གཅིག  དེའི་འོག་ཕག་རྫིས་བཤོས་པའི་བུ་གཅིག  དེ་འོག་ཁྱི་རྫིས་བཤོས་པའི་བུ་གཅིག   དེ་འོག་བྱ་རྫིས་བཤོས་པའི་བུ་གཅིག་སྟེ་བཞི་སྐྱེས་སོ།  དེ་ནས་མས་བྱ་གསོས་པའི་གླ་བསགས་པས།  བུ་བཞི་ཡང་ཁྱིམ་པ་རབ་ཐང་དུ་ཕོག  སླར་ཡང་གླའི་ལྷག་མ་བསགས་པས་ནོར་མང་པོ་བསགས་ཏེ།  བྱ་རྫི་མས་བསམ་བློ་གཅིག་བཏང་བས། ཡང་ངས་བྱ་གསོས་པའི་གླ་བསགས་པས་བུ་བཞི་ཡང་ཁྱིམ་པ་རབ་ཐང་དུ་ཕོག   ད་གླའི་ལྷག་མ་བསགས་པ་ལ་ཡང་།  ནོར་མང་པོ་རྙེད་པ་འདི་ཀུན་ལ་སྙིང་པོ་ལེན་པའི་ཕྱིར་དུ། སངས་རྒྱས་ཐམས་བཅད་ཀྱི་ཐུགས་ཀྱི་རྟེན་ང་རང་གི་ཡི་དམ།  འགྲོ་བ་དཔག་ཏུ་མེད་པའི་བསོད་ནམས་གསོག་པའི་ཞིང་།  དེ་བཞིན་བཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཆེན་པོ་ཞིག་བཞེངས་པར་བྱེད་པ་ལ།  ཐོག་མར་ཡུལ་གྱི་རྒྱལ་པོ་ཆེན་པོ་ལས་བླང་བའི་ཞུ་བ་འབུལ་བར་བྱའོ་སྙམ་ནས།  རྒྱལ་པོ་ཆེན་པོའི་དྲུང་དུ་ཕྱིན་ནས།  ཕྱག་འཚལ་བསྐོར་བ་བྱས།  པུས་བཙུགས།  ཐལ་མོ་སྦྱར་ཏེ་གསོལ་བ།   ཀྱེེ་རྒྱལ་པོ་ཆེན་པོ་ལགས། བདག་དབུལ་མོ་བྱ་རྫི་མ་མི་གཅིག་གིས་བྱ་གསོས་པའི་གླ་བསགས་པས།  ཕ་མི་གཅིག་པའི་བུ་བཞི་ཡོད་པ་ཡང་ཁྱིམ་པ་རབ་ཐང་དུ་ཕོག   གླའི་ལྷག་མ་བསགས་པས་ཀྱང་ནོར་མང་པོ་རྙེད་པ་རྣམས་བདག་རང་གི་ཡི་དམ།  འགྲོ་བ་དཔག་ཏུ་མེད་པའི་བསོད་ནམས་གསོག་པའི་ཞིང་།  སངས་རྒྱས་ཐམས་བཅད་ཀྱི་ཐུགས་ཀྱི་རྟེན།  དེ་བཞིན་གཤེགས་པའི་རིང་བསེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཆེན་པོ་ཞིག་བཞེངས་སུ་གསོལ་བས།   གནང་པར་ཞུ་འཚལ།  དེ་སྐད་ཅེས་གསོལ་བ་དང་།  རྒྱལ་པོ་ཆེན་པོ་རྣམས་མ་བརྟགས་པར་བཀའ་མི་སྩོལ་བས།  རེ་ཞིག་ཐུགས་མཉམ་པར་བཞག་ནས་གཟིགས་པས།   མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་བྱ་གསོས་པའི་གླ་བསགས་པས་ཕ་མི་གཅིག་པའི་བུ་བཞི་ཡང་ཁྱིམ་པ་རབ་ཐང་དུ་ཕོག  གླའི་ལྷག་མ་བསགས་པས་ཀྱང་མཆོད་རྟེན་ཆེན་པོ་བཞེངས་པ་ངོ་མཚར་ཆེ་དགོངས་པ་ཐུགས་ལ་ཤར་ཏེ།   དེ་ལྟར་བྱ་རུ་རུང་ཞེས་བཀའ་སྩལ་གནང་བས།  བྱ་རྫི་མ་དགའ་ཞིང་ཡིད་རབ་ཏུ་རངས་པར་གྱུར་ནས།  སླར་ཡང་རྒྱལ་པོ་ཆེན་པོ་ཉིད་ལ་ཕྱག་འཚལ་ཞིང་བསྐོར་བ་ལན་མང་དུ་བྱས་ནས།  རང་གི་ཁྱིམ་དུ་ལོག་སྟེ།   མོ་རང་མ་བུ་ལྔ་དང་བྲན་གཅིག་རྣམས་ཀྱིས་གླང་བོ་ཆེ་གཅིག་དང་བོང་བུ་གཅིག་ཡོད་པ་ལ་ས་ཕག་བཀལ་ཞིང་སྐྱས་ཏེ།  དེ་ནས་མཆོད་རྟེན་ཆེན་པོའི་རྨང་གཏིང་སྟེ་བརྩིགས་པས། ཁྲི་འབངས་གསུམ་དུ་སླེབས་པའི་ཚེ།  བལ་ཡུལ་གྱི་མི་ཐམས་བཅད་ཁ་འཆམས་ཏེ།  མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་འདི་ཙམ་གྱི་མཆོད་རྟེན་བཞེངས་ན།  རྒྱལ་པོ་དང་།  བློན་པོ།  ཕྱུག་པོ་ཆེན་པོ།  མི་དྲག་པ་ཀུན་གྱིས་ཇི་ལྟ་བུའི་མཆོད་རྟེན་བཞེངས།  འདི་ཀུན་ལ་བརྙས་པ་ཡིན་ཡང་གནོད་པར་འགྱུར་བས།   མི་ཐམས་ཅད་གྲོས་བྱས་ཏེ་རྒྱལ་པོ་ཆེན་པོ་ལ་ཞུས་ཏེ་རྩིག་ཏུ་མ་བཅུག་པར་འཐད་དོ་ཟེར།   བལ་ཡུལ་གྱི་མི་ཐམས་ཅད་ཚོགས་ཏེ་རྒྱལ་པོ་ཆེན་པོ་ལ་ཞུས་པ།  ཀྱེེ་རྒྱལ་པོ་ཆེན་པོ་ལགས།  ཁྱེད་ལ་ཐུགས་ནོར་བ་ཆེན་པོ་གཅིག་གདའ།  མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་མཆོད་རྟེན་འདི་ལྟ་བུ་བཞེངས་ན།  ཁྱེད་རྒྱལ་པོ་དང་།   བློན་པོ།  ཕྱུག་པོ་ལ་སོགས་པ་དྲག་པ་ཀུན་གྱིས་དགེ་རྩ་ལ་ཇི་ལྟ་བུའི་མཆོད་རྟེན་བཞེངས།   འདི་རྩིག་ཏུ་བཅུག་ན་རང་རེ་ཀུན་ལ་གནོད་པས།  ས་རྡོ་རྣམས་རང་གནས་སུ་བསྐྱལ་ཏེ་རྩིག་ཏུ་མ་བཅུག་པ་འཐད་དོ་ཞུས་པས།  རྒྱལ་པོ་ཆེན་པོས་བཀའ་སྩལ་བ།   ཁྱེད་རྣམས་ཐམས་ཅད་ལེགས་པར་ཉོན་ཅིག མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་བྱ་འཚོ་བའི་གླ་བསགས་པས་ཀྱང་ཕ་མི་གཅིག་པའི་བུ་བཞི་ནི་ཁྱིམ་པ་རབ་ཐང་དུ་ཕོག   སླར་ཡང་གླའི་ལྷག་མ་བསགས་པ་ལའང་མཆོད་རྟེན་ཆེན་པོ་འདི་ལྟ་བུ་བཞེངས་པ་ངོ་མཚར་རེ་ཆེ་བསམ་ནས།   ངས་ནི་བྱ་རུ་རུང་ངོ་ཞེས་ཁ་ནས་ཤོར་རོ།   ང་རྒྱལ་པོས་སྨྲས་པ་ལན་གཅིག་ཡིན་ནོ་གསུངས་པས། གཞན་མི་རྣམས་ཀྱིས་བཀག་ཀྱང་མི་ཁོགས་པར་བརྩིགས་པས།   ལོ་བཞི་ལ་བུམ་པ་མན་བརྩིགས་གྲུབ་པས།   དེའི་དུས་སུ་བྱ་རྫི་མ་བདེ་མཆོག་མ་དེ་ཉིད་ཚེའི་དུས་བྱེད་པར་ཤེས་ཏེ།  བུ་བཞི་གཡོག་དང་ལྔ་ལ་སྨྲས་པ།   ཁྱེད་རྣམས་ཀྱིས་ངའི་ཡི་དམ།  འགྲོ་བ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་གསོག་པའི་ཞིང་མཆོག་ཏུ་གྱུར་པའི་མཆོད་རྟེན་ཆེན་པོའི་ཞབས་སུ་ཆུག་ལ།  འདིའི་ནང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་སུ་གསོལ་ཏེ།  རབ་ཏུ་གནས་པ་རྒྱ་ཆེན་པོ་གྱིས་ཤིག   དེས་ནི་ངའི་བསམ་པ་རྫོགས་ཤིང་།  དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡང་ཡོངས་སུ་རྫོགས་པ་དང་། ཁྱེད་རྣམས་ཀྱི་ཡང་འདི་ཕྱིའི་དོན་རྒྱ་ཆེན་པོ་གྲུབ་པར་འགྱུར་རོ།  ཞེས་སྨྲས་ཏེ་ཚེའི་དུས་བྱས་སོ།   དེའི་ཚེ་སྒྲ་དང་རོལ་མོ་དང་ལྷའི་མེ་ཏོག་གི་ཆར་ཆེན་པོ་འབབ་པ་དང་།  འཇའ་འོད་ཀྱི་ཚོགས་དང་བཅས་ཏེ་མཆོད་རྟེན་ཆེན་པོ་འདི་ཉིད་བཞེངས་པའི་ཕན་ཡོན་གྱིས།   མ་བྱ་རྫི་མ་བདེ་མཆོག་མ་འདི་ཉིད་དམ་ཚིག་ལྷ་མོ་པྲ་མོ་ཞེས་བྱ་བར་སངས་རྒྱས་སོ།།

           དེ་ནས་བུ་རྣམས་གྲོས་བྱས་ཏེ་རང་རེའི་མ་རྒན་མོ་འདི་ཉིད་དབུལ་མོ་བྱ་རྫི་མར་སྐྱེས་ཀྱང་། ངེད་རང་ཕ་མི་གཅིག་པའི་བུ་བཞི་ནི་ཁྱིམ་པ་རབ་ཐང་དུ་ཕོག   ནོར་གྱི་ལྷག་མས་ཀྱང་འཛམ་བུའི་གླིང་དུ་དཀོན་པའི་མཆོད་རྟེན་ཆེན་མོ་ངོ་མཚར་མཆོག་ཏུ་གྱུར་པ་འདི་ལྟ་བུ་བཞེངས་ན།    ད་ངེད་རང་བུ་རྣམས་ཀྱིས་མའི་དགེ་རྩ་དྲིན་ལན་གསོ་བའི་ཕྱིར་དུ།  མའི་མཆོད་རྟེན་ལ་བུམ་པ་གདགས་དགོས་ཟེར་ཏེ།   གྲོས་འཆམས་ནས་བུ་རྣམས་ཀྱིས་སྔར་ལྟར་གླང་པོ་ཆེ་དང་བོང་བུ་ལ་ས་ཕག་བཀལ།  བྲན་གཅིག་པོ་ལ་གྲོགས་བཅོལ་ཏེ་ལོ་གསུམ་བརྩིགས་པས།  ཀུན་དྲིལ་ལོ་བདུན་ལ་ཞབས་སུ་ཆུག་སྟེ།  དེ་བཞིན་བཤེགས་པ་འོད་སྲུང་གི་རིང་བསྲེལ་མ་ག་ངྷའི་བྲེ་གང་སྲོག་ཤིང་གི་ནང་དུ་བཞུགས་སུ་གསོལ་ཏེ།  དེ་ནས་མཆོད་པའི་ཚོགས་དཔག་ཏུ་མེད་པ་བཤམས་ནས་རབ་ཏུ་གནས་པའི་མེ་ཏོག་འཐོར་བའི་ཚེ།  མདུན་གྱི་ནམ་མཁའི་ཁམས་ཐམས་ཅད་དུ།  དེ་བཞིན་བཤེགས་པ་འོད་སྲུང་འཁོར་དང་བཅས་པ་དང་།  གཞན་ཡང་ཕྱོགས་ཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགྲ་བཅོམ་པའི་འཁོར་དཔག་ཏུ་མེད་པས་བསྐོར་བ་དང་།  གཞན་ཡང་བདེ་བཞིན་བཤེགས་པ་རིགས་ལྔ།   རིགས་གསུམ་མགོན་པོ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྣམས་བྱོན་ནས།  མེ་ཏོག་འཐོར་ཞིང་བཀྲ་ཤིས་པ་རྒྱ་ཆེན་པོ་བརྗོད་པར་མཛད།   ལྷའི་རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོགས་པ་དང་།  ལྷའི་མེ་ཏོག་གི་ཆར་ཆེན་པོ་འབབ་པ།  ལྷའི་སྤོས་དྲི་ཞིམ་པོས་ས་ཕྱོགས་ཐམས་ཅད་དུ་ཁྱབ་པ།  ས་ཆེན་པོ་འདི་ཡང་ལན་གསུམ་གྱི་བར་དུ་གཡོས་པ།  དེ་བཞིན་བཤེགས་པའི་ཚོགས་ཀྱི་སྐུ་ལ་ཡེ་ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས།  ཉིན་ནུབ་ཀྱི་སྣང་བ་མེད་པ་ཞག་ལྔའི་བར་དུ་བསྟན་ནོ།།

བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར།

 མཆོད་རྟེན་ཆེན་པོ་འདི་ལ་རབ་ཏུ་གནས་པའི་མེ་ཏོག་གཏོར་བའི་དུས་སུ།  ངོ་མཚར་བའི་ལྟས་ཡ་མཚན་ཆེ་བ་དེ་ལྟར་བསྟན་པའི་དུས་དེར།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ།  ལྷའི་ཚོགས་དཔག་ཏུ་མེད་པ་དེ་དག་ཐམས་ཅད་ཀྱི་ཞལ་ནས།  མགྲིན་གཅིག་ཏུ། དབྱངས་གཅིག་ཏུ།  ཀྱེེ་སྐལ་བ་མཆོག་དང་ལྡན་པའི་རིགས་ཀྱི་བུ་རྣམས་ཉོན་ཅིག    ཁྱེད་རྣམས་ཀྱིས་ལྷག་པའི་བསམ་པ་རྣམ་པར་དག་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་རྟེན་མཆོག་ཏུ་གྱུར་པའི་མཆོད་རྟེན་ཆེན་པོ་འདི་ལྟ་བུ་བཞེངས་པའི་ཕན་ཡོན་གྱིས།  རང་རང་གི་སྨོན་ལམ་ཅི་བཏབ་པ་ཐམས་ཅད་འགྲུབ་པར་འགྱུར་བས་ཐོབ་ཅིག་ཅེས་བཀའ་སྩལ་བྱུང་བས།  དེར་བུ་རྣམས་ཀྱིས་གྲོས་བྱས་པས།  ཡང་རང་རེའི་མ་རྒན་མོ་དེ་ཉིད་ཀྱིས་སེམས་བསྐྱེད་རྒྱ་ཆེན་པོ་བྱས་ཏེ།  མཆོད་རྟེེན་འདི་ལྟ་བུའི་རྨང་བཏིང་ཞིང་བརྩིགས།  དེ་ནས་ཚེའི་དུས་བྱས་པས།  ངེད་རང་བུ་རྣམས་མའི་དགེ་རྩ་ལ་མཆོད་རྟེན་ལ་བུམ་པ་བཏགས་ཤིང་རབ་ཏུ་གནས་པ་བྱས་པའི་ཕན་ཡོན་གྱིས།  ཕྱོགས་ཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཞལ་མངོན་སུམ་དུ་བསྟན་ནས།  སྨོན་ལམ་ཅི་བཏབ་པ་འགྲུབ་པས་ཐོབ་ཅིག་ཅེས་གནང་བ་ཐོབ་པའི་དུས་འདིར།  ངེད་རང་རྣམས་སྨོན་ལམ་རྒྱ་མ་ཆུང་བ་རེ་འདེབས་དགོས་སོ་ཟེར་ཏེ།  བུ་ཆེ་ཤོས་རྟ་རྫིའི་བུའི་བསམ་པ་ལ།  སྨོན་ལམ་གཅིག་འདེབས་པར་བྱེད་པ་ལ་རྒྱ་གང་ཆེ་བསམ་པས།  ད་ལྟར་བྱང་གི་ཕྱོགས་ཀྱི་རྒྱལ་ཁམས་འདི་ན།  འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཞེས་བྱ་བ།  རི་ཐམས་ཅད་གངས་སུ་ཡོད་པ།  མཐིལ་ཐམས་ཅད་ཆུ་རུ་ཡོད་པ།  དབྱར་ཆུ་བྱ་མང་པོ་གནས་པ།  དགུན་འཁྱག་པའི་ཐང་ཅིག་དུ་གནས་པ་ཞིག་ཡོད་པ་དེ།  མ་འོངས་པ་ན་ཆུ་ཐམས་ཅད་བསྐམས་ཏེ།   དེ་བཞིན་བཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་འདུལ་བའི་ཞིང་དུ་གྱུར་ནས།  དེར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེན་པོ་འབྱང་བར་འགྱུར་རོ་ཞེས་བྱ་བའི་ལུང་བསྟན་འདུག་པས།  ཞིང་དེར་སངས་རྒྱས་ཀྱི་བསྟན་པ་འབྱུང་བ་འདི་ཉིད་ངས་འཛུགས་པར་སྨོན་ལམ་གདབ་དགོས་བསམ་ནས།  སྨོན་ལམ་བཏབ་པ་ནི།  བདག་གི་ལྷག་བསམ་རྣམ་པར་དག་པས་མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས།  བདག་གིས་མ་འོངས་སྙིགས་མ་ལྔ་བདོའི་དུས།  དེ་བཞིན་བཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཞིག་ཏུ་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པར་ཤོག་ཅིག་ཅེས་བརྗོད་དོ། །  དེ་འོག་ཕག་རྫིའི་བུའི་སྨོན་ལམ་ནི།  མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས།   ཕུ་བོ་ཁྱེད་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་ནས།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པའི་དུས་སུ།  འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་དེ་རུ། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་འཛུགས་དགོས་པས།  བདག་ནི་དགེ་སློང་རྣམ་པར་དག་པ་གཅིག་ཏུ་སྐྱེས་ནས།  དགེ་འདུན་ཐམས་ཅད་རབ་ཏུ་བྱུང་བར་བྱེད་པའི་མཁན་པོ་ཆེན་པོ་གཅིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་བརྗོད་དོ།།  དེ་འོག་ཁྱི་རྫིའི་བུའི་སྨོན་ལམ་ནི།  མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས།  ཕུ་བོ་ཁྱེད་གཉིས་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ།  གཅིག་གིས་ནི་སངས་རྒྱས་ཀྱི་བསྟན་པ་འཛུགས།  གཅིག་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་དུས་སུ།  བདག་མངལ་ལས་མ་སྐྱེས་པ།  མེ་ཏོག་པདྨའི་སྡོང་པོ་ལ་རྫུས་ཏེ་སྐྱེས་པ།  སྐྱེ་ཤི་རྒྱུན་བཅད་དེ་ཚེ་ཉི་ཟླ་དང་མཉམ་པ།  ནུས་པས་ལྷ་འདྲེ་མི་གསུམ་འདུལ་བ་གཅིག་ཏུ་སྐྱེས་ནས་མཐའ་འཁོབ་འདི་ཉིད་ཀྱི་འདྲེ་སྲིན་གདུག་པ་ཅན་ཐམས་ཅད་འདུལ་བ་དང་།  ཁྱེད་གཉིས་ཀྱི་བསམ་པ་འགྲུབ་ཅིང་སངས་རྒྱས་ཀྱི་བསྟན་པ་མཐའ་དག་སྲུང་བའི་སྔགས་འཆང་ནུས་པ་ཅན་ཞིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །  དེ་འོག་བྱ་རྫིའི་བུའི་སྨོན་ལམ་ནི།  མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས།  ཕུ་བོ་ཁྱེད་གསུམ་འཁྱག་པ་འཁྱགས་ཡུལ་གྱི་མཐའ་འཁོབ་ཏུ།  གཅིག་གིས་སངས་རྒྱས་ཀྱི་བསྟན་པ་འཛུགས།  གཅིག་གིས་འཛིན།   གཅིག་གིས་སྲུང་བའི་དུས་སུ།ཁྱེད་རྣམས་འཁྲུངས་ཡུལ་གཅིག་ཏུ་འོང་བའི་ངེས་པ་མེད་པས།  བདག་ནི་ཁྱེད་རྣམས་མཇལ་འཕྲད་བྱེད་པའི་འཕྲིན་བློན་གཅིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ།།

         དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མགྲིན་གཅིག་དང་དབྱངས་གཅིག་ཏུ།   ཀྱེེ་རིགས་ཀྱི་བུ་སྐལ་བ་མཆོག་དང་ལྡན་པ་ཁྱེད་རྣམས་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་ནི་ལེགས་སོ་ལེགས་སོ།།   སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྗེས་སུ་ཡི་རང་ངོ་།།   འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི།  དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བགྲང་བར་མི་ནུས་སོ་ཞེས་བཀའ་སྩལ་ཏེ།   ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འོད་དང་འོད་ཟེར་གྱི་གོང་བུ་གཅིག་ཏུ་གྱུར་པ། མཆོད་རྟེན་ཆེན་པོ་འདི་ཉིད་ལ་ཐིམ་པས།   མཆོད་རྟེན་གྱི་མཚན་ཡང་སངས་རྒྱས་ཐམས་ཅད་འདུས་པའི་མཆོད་རྟེན་དུ་གྲགས་སོ།།  དེའི་ཚེ་རྟ་རྫིའི་བུའི་རྩེ་ཆུང་(འཇིང་པའི་དོན)ལ་སྦྲང་བུ་ཏྲེ་མ་གཅིག་གིས་འཇིབས་པས་མ་བཟོད་དེ།  ལག་པས་ཤད་ཤད་བྱས་པས་སྦྲང་བུ་ཤི་བའི་རོ་གཅིག་བྱུང་བས།  སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ནས་སྨོན་ལམ་བཏབ་པ་ནི། བདག་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་པའི་དུས་སུ། སྦྲང་བུ་འདི་ཉིད་སྲས་སུ་སྐྱེས་ཏེ་ཆོས་ལ་སྤྱོད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ།།  བོང་བུ་དེའི་བསམ་པ་ལ་ང་ལ་ཡང་སྨོན་ལམ་གཅིག་འདེབས་ཏེ་འོང་བསམ་པ་ལ།  སྨོན་ལམ་ཅི་ཡང་འདེབས་པ་མ་བྱུང་བས།   ཁོ་ཁྲོས་ནས་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ།  ཁོ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་འཛུགས་པའི་དུས་སུ།  དེའི་ཚེ་ཆོས་ལ་མི་དགའ་བའི་བཀའི་བློན་པོ་གཅིག་ཏུ་སྐྱེས་ནས་རྒྱལ་པོ་ཁོ་ལ་ཅི་ཡང་བྱ་དབང་མེད་པ་གཅིག་ཏུ་སྐྱེ་བར་ཤོག་ཅིག་ཅེས་བྱས་སོ།།  དེ་སྐད་བརྗོད་པ་གཡོག་པོས་ཐོས་པས་ཁོ་དེ་ལྟ་བུའི་བདུད་བློན་ལ་སྐྱེས་ནས་ཆོས་ལ་བར་ཆད་བྱེད་པའི་དུས་སུ།  དེ་ཉིད་ཀྱི་གཡོ་ཐབས་དང་ནུས་པ་ཐམས་ཅད་ཟློག་ཅིང་འཇོམས་པར་བྱེད་པའི་ཆོས་བློན་ཐབས་ལ་མཁས་པ་གཅིག་ཏུ་བདག་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ།།    ཡང་གླང་པོ་ཆེ་དེའི་བསམ་པ་ལའང་།  ང་ལ་ཡང་སྨོན་ལམ་གཅིག་འདེབས་ཏེ་འོང་བསམ་པ་ལ།   སྨོན་ལམ་ཅི་ཡང་འདེབས་པ་མ་བྱུང་བས།   ཁོ་ཁྲོས་ནས་ངས་ས་རྡོ་འདི་ཙམ་སྐྱེལ་པས་སྨོན་ལམ་ཅི་ཡང་མི་འདེབས་ན།  ཁོང་རྣམས་ཀྱིས་བཙུགས་པའི་བསྟན་པ་དེ་རྒྱལ་པོ་དེའི་བུའམ་ཚ་བོར་སྐྱེས་ཏེ་ངས་བསྣུབ་པར་ཤོག་ཅིག་ཅེས་བྱས་སོ།།  དེ་སྐད་བརྗོད་པ་བྱ་རོག་གཅིག་གིས་ཚོར་བས་ལྷག་པའི་བསམ་པ་སྐྱེས་ཏེ།  ཁོ་དེ་ལྟ་བུའི་རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་དུས་སུ། བདག་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཏུ་སྐྱེས་ནས་བདུད་ཀྱི་རྒྱལ་པོ་འདི་ཉིད་གསོད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པའོ།།  དེའི་ཚེ་བྲམ་ཟེའི་ཁྱིའུ་ཚངས་སྤྱོད་ཅན་ཤ་སེར་སོང་བ་གཉིས་ཀྱིས་ཡང་སྨོན་ལམ་བཏབ་པ་ནི། ཁྱེད་རྣམས་འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པའི་དུས་སུ།  བདག་གཉིས་ནི་དམ་པའི་ཆོས་རྣམས་མ་ལུས་པ་སྒྱུར་བར་བྱེད་པའི་ལོ་ཙཱ་བ་རེ་རེར་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ།།  ཡང་དེའི་ཚེ་རྒྱལ་རིགས་ཀྱི་བུ་མོ་ཤེས་རབ་ཅན་གཉིས་ཀྱིས་ཀྱང་སྨོན་ལམ་བཏབ་སྟེ།  འཁྱག་པ་འཁྱག་ཡུལ་གྱི་མཐའ་འཁོབ་ཏུ།  ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པའི་དུས་སུ།   དམ་པའི་ཆོས་རྣམས་ཡི་གེར་འབྲི་བའི་ཡིག་རིགས་ཐམས་ཅད་ལ་མཁས་པའི་མཆོག་ཏུ་གྱུར་བ་རེ་རེར་སྐྱེས་ནས།  བཀའ་དང་བསྟན་བཅོས་མ་ལུས་པ་ཡི་གེར་འབྲི་བར་ཤོག་ཅེས་སྨོན་ལམ་བཏབ་བོ།།  གཞན་ཡང་དེའི་ཚེ་བསྟན་པ་དང་སེམས་ཅན་ལ་ཕན་པའི་སྨོན་ལམ་བཏབ་པ་ནི་དཔག་ཏུ་མེད་ཅིང་གྲངས་ལས་འདས་སོ། །

 དེ་ལྟར་བཏབ་པའི་སྨོན་ལམ་རྣམས་མ་ལུས་པར་འགྲུབ་པ་ནི།  དེའི་ཚེ་དེའི་དུས་ཀྱི་བུ་ཆེ་བ་རྟ་རྫིའི་བུས་རྒྱལ་པོར་སྐྱེ་བར་སྨོན་ལམ་བཏབ་པ་ནི། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལགས་སོ།།  དེའི་ཚེ་དེའི་དུས་ཀྱི་ཕག་རྫིའི་བུས་མཁན་པོར་སྐྱེ་བའི་སྨོན་ལམ་བཏབ་པ་ནི།   མཁན་ཆེན་བོ་ངྷི་ས་ཏྭ་ཡིན་ནོ།།   དེའི་ཚེ་དེའི་དུས་ཀྱི་ཁྱི་རྫིའི་བུས་སྔགས་འཆང་དུ་སྐྱེ་བའི་སྨོན་ལམ་བཏབ་པ་ནི། ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ལགས་སོ།།  དེའི་ཚེ་དེའི་དུས་ཀྱི་བྱ་རྫིའི་བུས་འཕྲིན་བློན་དུ་སྐྱེ་བའི་སྨོན་ལམ་བཏབ་པ་ནི།  ཡར་ཀླུང་སྦ་ཁྲི་གཞེར་ཡིན་ནོ།།   དེའི་ཚེ་དེའི་དུས་ཀྱི་སྦྲང་བུ་ཏྲེ་མ་སྲས་སུ་སྐྱེ་བའི་སྨོན་ལམ་བཏབ་པ་ནི།  རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ་ཡིན་ནོ།།  དེའི་ཚེ་དེའི་དུས་ཀྱི་བོང་བུས་སྨོན་ལམ་ལོག་སྟེ་བདུད་བློན་དུ་སྐྱེ་བར་སྨོན་ལམ་བཏབ་པ་ནི། བདུད་བློན་མ་ཞང་ཁྲོམ་པ་སྐྱེས་ཡིན་ནོ།།   གཡོག་གིས་བདུད་བློན་འཇོམ་པའི་ཆོས་བློན་དུ་སྐྱེ་བར་སྨོན་ལམ་བཏབ་པ་ནི།  ཆོས་བློན་འགོས་པདྨ་གུང་བཙན་ཡིན་ནོ།།  དེའི་ཚེ་དེའི་དུས་ཀྱི་གླང་པོ་ཆེས་སྨོན་ལམ་ལོག་སྟེ་བདུད་ཀྱི་རྒྱལ་པོར་སྐྱེ་ནས་བསྟན་པ་བསྣུབ་པར་སྨོན་ལམ་བཏབ་པ་ནི།  རྒྱལ་པོ་གླང་དར་འུ་དུམ་བཙན་ཡིན་ནོ།   དེའི་ཚེ་དེའི་དུས་ཀྱི་བྱ་རོག་གིས་སེམས་བསྐྱེད་ནས་བདུད་ཀྱི་རྒྱལ་པོ་དེ་ཉིད་གསོད་པར་སྨོན་ལམ་བཏབ་པ་ནི།  བྱང་ཆུབ་སེམས་དཔའ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིན་ནོ། དེའི་ཚེ་དེའི་དུས་ཀྱི་བྲམ་ཟེའི་ཁྱེའུ་གཉིས་ཀྱི་ལོ་ཙཱ་བར་སྐྱེ་བའི་སྨོན་ལམ་བཏབ་པ་ནི།  སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཡིན་ནོ།།  དེའི་ཚེ་དེའི་དུས་ཀྱི་རྒྱལ་རིགས་བུ་མོ་གཉིས་ཀྱིས་དམ་ཆོས་འབྲི་བའི་ཡི་གེ་པར་སྨོན་ལམ་བཏབ་པ་ནི།  ལྡན་མ་རྩེ་མངས་དང་ལེགས་བྱེད་ཉི་མ་གཉིས་ཡིན་ནོ།། 

1488954613346301.jpeg

དེ་ལྟ་བུའི་ངོ་མཚར་བའི་ལོ་རྒྱུས་དང་ལྡན་ལ་བྱིན་བརླབས་ཀྱི་སྣང་བ་གཞན་ལས་ཁྱད་དུ་འཕགས་པ་དེ་ཉིད་ལ་དཔེར་བྱས་ཏེ་མདོག་དབྱིབས་བཟོ་བཀོད་ཆེ་ཚད་གཅིག་མཚུངས་ཤིག་གསར་དུ་བཞེངས་པ་དེ་ཉིད་དུ་རིང་བསྲེལ་རྣམ་བཞི་ཇི་ལྟར་བཞུགས་པའི་ཚུལ་ནི། ཐོག་མར་ཡུངས་འབྲུའི་རིང་བསྲེལ་ལ། དཔལ་ཡུལ་གྱང་ཁང་སྤྲུལ་སྐུ་ཐུབ་བཟང་རིན་པོ་ཆེའི་ཕྱག་ནས་གནང་བའི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལས་བྱུང་བའི་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་འཁྲུལ་མེད། སྤྲུལ་བའི་གཏེར་ཆེན་རིག་འཛིན་ཉི་མ་གྲགས་པའི་གདུང་སྲས་ཨོ་རྒྱན་བསྟན་འཛིན་གྱི་ཕྲེང་རབས་དགུ་བ་རིན་པོ་ཆེས་གནང་བའི་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལས་བྱུང་བའི་སངས་རྒྱས་འོད་སྲུང་འཕེལ་གདུང་འཁྲུལ་བྲལ་ཏེ། རྟོགས་ལྡན་ཤཱཀྱ་ཤྲཱིས་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་སྐབས་གདན་དྲངས་པའི་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་སྲེལ་མང་ཞིག་ཉི་གྲགས་ཆག་རུ་དགོན་དུ་བཞུགས་པ་ལས་གཅིག་འདི་ཉིད་དུ་བཞུགས་སུ་གསོལ་ཡོད། སྐྱབས་རྗེ་མཁན་ཆེན་བླ་མ་པདྨ་ཚེ་དབང་རིན་པོ་ཆེས་བྱིན་གྱིས་བརླབས་པའི་གཟུངས་ཆུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བརྒྱ་ཕྲག་དུ་མར་གྱུར་བ་ལས་རིང་བསྲེལ་གསུམ་ཁོང་གི་དངོས་སློབ་མཁན་ཨོ་རྒྱན་རིག་འཛིན་ཕྱག་ལས་བྱུང་བ་དང་། རྫོགས་ཆེན་དབོན་སྤྲུལ་ཕྱོགས་ལས་རྣམ་རྒྱལ་གྱི་ཕྱག་འཁོར་ལས་བབས་པའི་རིང་སྲེལ་ཁོང་གིས་གནང་བ་བཅས། སྐུ་གདུང་གི་རིང་བསྲེལ་ལ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ནང་རྟེན་ལས་བྱུང་བའི་མཁན་ཆེན་བྱང་ཆུབ་སེམས་དཔའི་དབུ་ཐོད་དུམ་བུ། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དབུ་སྐྲ་ཉག་མ། སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་གི་ཕྱག་བྱུང་རིག་འཛིན་འཇིགས་མེད་གླིང་བའི་སྐུ་ཤ་འཁྲུལ་མེད། རྡོ་རྗེ་བྲག་རིག་འཛིན་ཆེན་མོའི་ཕྱག་བྱུང་རྡོར་བྲག་རིག་འཛིན་ཆེན་མོ་རིམ་བྱོན་གྱི་གདུངས་རུས་དང་སྐུ་ཤ།  སྐུ་བལ་གྱི་རིང་བསྲེལ་ལ། ཁྲ་འབྲུག་དགོན་པའི་ནང་རྟེན་གུ་རུའི་ན་བཟའ་ཆོས་གོས་ཉི་ཟེར་མའི་དུམ་གཅིག  གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞབས་ལྷམ་དུམ་བུ། སྨིན་གླིང་གཅུང་རིན་པོ་ཆེའི་སྐུ་ཆིངས་དུམ་གཅིག རྡོ་རྗེ་བྲག་རིག་འཛིན་ཆེན་མོ་རིམ་བྱོན་གྱི་ན་བཟའ། གཞན་ཡང་སྐུ་གསུང་ཐུགས་རྟེན་གྱི་རིགས་སྣ་ཚོགས་ལ། གོང་ས་རྒྱལ་དབང་བཅུ་བཞི་བས་བསྩལ་བའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་དང་གུ་རུའི་སྐུ་བརྙན་བྱིན་ལྡན། སྐྱབས་རྗེ་བླ་མ་པདྨ་སྐལ་བཟང་རིན་པོ་ཆེ་ནས་གནང་བའི་གུ་རུའི་སྐུ་བརྙན་བྱིན་ལྡན། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་ནས་གནང་བའི་རྣམ་འདྲེན་བཞི་བའི་སྐུ་བརྙན། ས་སྐྱ་གོང་མ་རིན་པོ་ཆེས་གནང་བའི་རྟེན་གསུམ་རྩ་ཆེན།གཟན་དཀར་རིན་པོ་ཆེས་གནང་བའི་རྟེན་གསུམ་རྩ་ཆེན། རྡོར་བྲག་རིག་འཛིན་ཆེན་མོས་བསྩལ་བའི་རྗེ་བཙུན་མི་ལའི་སྐུ་བརྙན་བྱིན་ལྡན་བཅས་དང་། སྦྱིན་བདག་རང་ཉིད་ནས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ལི་མ་ཆེ་ལེགས། ཙན་དན་ལ་བཟོས་པའི་སྟོན་པའི་བཞེངས་སྐུ་རྙིང་བ། ཚེ་དཔག་མེད་ཀྱི་ལི་སྐུ། སྤྱན་རིས་གཟིགས་ཕྱག་བཞི་བའི་སྐུ་བརྙན་རྒྱ་ནག་ལི་མ། ཇོ་བོ་སྨི་ཏི་ཛྙཱ་ནས་ཕྱག་བཟོ་འཁྲུལ་མེད་ས་ཚཱ་གཅིག་བཅས་དང་།  བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུ་བརྙན་སྟོང་ཕྲག་གཅིག རྫོགས་པའི་སངས་རྒྱས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་བརྙན་བརྒྱ་དང་བརྒྱད །  རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་བརྙན་བརྒྱ་དང་བརྒྱད །  རྗོགས་པའི་སངས་རྒྱས་སྨན་གྱི་བླ་མའི་སྐུ་བརྙན་བརྒྱ་དང་བརྒྱད ། 

གཙུག་ཏོར་རྣམ་རྒྱལ་མའི་སྐུ་བརྙན་བརྒྱ་དང་བརྒྱད །

རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་བརྙན་བརྒྱ་དང་བརྒྱད ། སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་བོད་ལུགས་ལི་མ་བརྒྱ་དང་བརྒྱད ། འཕགས་པ་སྤྱན་རིས་གཟིགས་ཀྱི་སྐུ་བརྙན་བོད་ལུགས་ལི་མ་བརྒྱ་དང་བརྒྱད ། རྗེ་བཙུན་འཕགས་མ་སྒྲོལ་ལྗང་གི་སྐུ་བརྙན་བརྒྱ་དང་བརྒྱད ། 

འཕགས་མ་སྒྲོལ་དཀར་གྱི་སྐུ་བརྙན་བརྒྱ་དང་བརྒྱད །  

གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐུ་བརྙན་བརྒྱ་དང་བརྒྱད། བུམ་པའི་མཐའ་བསྐོར་དུ་ཞི་ཁྲོ་དམ་པ་རིགས་བརྒྱ་དང་གུ་རུ་མཚན་བརྒྱད་ཀྱི་སྐུ་བརྙན་བཅས་དེ་ཐམས་ཅད་བཟོ་སྒྲོས་ལེགས་པའི་བོད་ལུགས་ལི་མ་ཤ་སྟག་ཡིན་ལ། རེ་རེ་བཞིན་ཚད་ལྡན་གྱི་གཟུངས་གཞུགས་ཕུལ་ཡོད། 

 

གསུང་རྟེན་དུ་སྐྱབས་རྗེ་རྫོགས་ཆེན་འབྲུག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཉི་མ་ནས་བཅའ་སྒྲུབ་གནང་བའི་རིག་འཛིན་སྲོག་འཁོར་ཁོང་གི་ཕྱག་བྱུང་། ཨ་མདོ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་དང་གུང་ཐང་ཡང་སྲིད་སྐུ་ཕྲེང་བདུན་པ་རྣམ་གཉིས་ཀྱི་ཕྱག་བྱུང་བྱང་ཆུབ་ལམ་རིམ་དང་སྔགས་རིམ་ཆེན་མོའི་གླེགས་བམ།

 

 

 

སྡེ་དགེའི་པར་ཁང་ཆོས་མཛོད་བཀྲ་ཤིས་སྒོ་མང་གི་པར་རྙིང་ལས་དྲངས་པའི་གངས་ཅན་བོད་དུ་འགྱུར་རོ་ཅོག་གི་རྒྱལ་བཀའ་རིན་པོ་ཆེ་ཆ་ཚང་ཚར་གསུམ། འཕགས་ཡུལ་མཁས་གྲུབ་དག་གིས་མཛད་པའི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་སྡེ་པར་ཆ་གསུམ། གསར་རྙིང་རིས་མེད་ཀྱི་དཔེ་ཆ་གང་མང་། རྒྱལ་བཀའ་རིན་པོ་ཆེ་བོད་དུ་འགྱུར་རོ་ཅོག་དེང་རབས་འཕྲུལ་གྱིས་བསྐྲུན་པའི་ཆེས་སྤུས་ལེགས་ཚར་ཁྲི་གཅིག ། བཏགས་གྲོལ་བསྟན་པ་བུ་གཅིག་གི་རྒྱུད་གླེགས་བམ་སོར་བཞི་མ་ཚར་ཁྲི་བཅུ།  གཟུངས་ཆེན་སྡེ་ལྔ་དུང་ཕྱུར་ལྷག ཚ་ཚཱ་འབུམ་བཞི། 

མཆོད་རྟེན་འབྲིང་བ་དྲུག་བཅས་ཡོད།   

     

དེ་དག་ཇི་ལྟར་བཞུགས་སུ་གསོལ་བའི་ཚུལ་ནི་བུམ་གདན་གྱི་དཀྱིལ་སྟེང་དུ་གསེར་ཟངས་ལས་བཟོས་པའི་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་བཤམས་པའི་ལོག་རྣམས་སྒབ་དཀྲིས་དམར་པོས་བསྐོར་བའི་སྟེང་དུ་བླ་བྲེ་སྔོན་པོ་དང་། མཐའ་སྐོར་དུ་བྱང་ཤར་ནས་བརྩམས་ཏེ། མཚམས་འཛིན་མེ་ཏོག ཆུ་གཉིས་སོགས་ཉེར་སྤྱོད་རྣམས་ཕྱོགས་མཚམས་སུ་བཀོད་པའི་ཕྱི་རོལ་དུ་ཕྱག་ལེན་རྒྱས་པའི་ལུགས་ལྟར་ཤར་དུ་ལྷག་གཅིག་དང་བཅས་རྣམ་ལྔ་ཚར་དྲུག །དེ་བཞིན་ཕྱོགས་གསུམ་དུ་ཆ་དྲུག་རེ་བཅས་བཤམས་ཡོད། དེ་ཡང་ལན་ཚའི་སྟེང་ཙམ་པ་ཀ་དང་བ་ལུའི་མེ་ཏོག་དཀར་པོ། ཏིལ་དཀར། ནས་དཀར། འབྲས་ཡོས། ཀུ་ཤ།དྲི་བཟང་རྣམས་ཀྱིས་བཀང་བའི་མཆོད་ཡོན་དང་། །ལན་ཚའི་སྟེང་བལ་བུ། ལྗང་དཀར། ཁམ་བུ། འོམ་བུ་རྣམས་ཀྱི་བར་ཤུན་དང་། སྲན་དཀར་ཉེ་ཤིང་། འབྲས་སྤུ་བཅད་པའི་ཤུན་པའི་ཕྱེ་མ་རྣམས་བླུགས་པའི་ཞབས་བསིལ་དང་། གོས་ཆེན་ལས་བཟོས་པའི་མེ་ཏོག། སྤོས་རིང་སྤོས་རྟ་ལ་བཙུག་པའི་གདུག་སྤོས། ཟངས་རག་ཏུ་བླུག་པའི་མར་མེ།  ལན་ཚའི་སྟེང་གུར་གུམ། ག་བུར། ལི་ཤི། ཛཱ་ཏི། ཙནྡན་དཀར་པོ་སྟེ་དྲི་ལྔའི་ཕྱེ་མས་བཀང་བའི་དྲི་ཆབ་དང་། མར་ཟན་ལས་བཞེངས་པའི་ཞལ་ཟས་བཅས་དགོས་པའི་རྫས་མཐའ་དག་ཡོངས་སུ་ཚང་ཡོད། 

གཞན་ཡང་གདུགས། རྒྱལ་མཚན། བ་དན། འཕན་རྣམས་ལོག་རེར་བརྒྱད་རེ་བཤམས་པའི་ཐོག་ལེགས་པར་བཀབས་པའི་སྟེང་ཆོ་ག་དང་ལྡན་པར་ལེགས་པར་བཏབས་པའི་གཙུག་ཏོར་དྲི་མེད་ཀྱི་ས་ཚཱ་བརྒྱ་དང་བརྒྱད་དཀར་པོ་གཟུངས་རིང་ཐུང་ནང་གཞུག་བཅུག་པར། རང་ལུགས་ཀྱི་ཆོ་ག་རྒྱས་པ་ལྟར་ཚུལ་བཞིན་བསྒྲུབ་སྟེ་བཞུགས་སུ་གསོལ། དེ་སྟེང་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་ཡང་གསེར་ཟངས་ལ་བཟོས་པ་སྔ་མ་དང་གཅིག་མཚུངས་ལེགས་པར་བཤམས་པར་སྒབ་དཀྲིས་དམར་པོས་སྐོར་བའི་གྲྭ་བཞིར་ཚྭ་དང་དྲི་ལྔའི་ཕྱེ་མས་བཀང་བའི་དུང་ཞལ་བཞི། ཤར་དུ་ཙནྡན་ཨ་ཀར་སོགས་ཀྱིས་བཀང་བའི་སྤོས་ཕོར་གསུམ། ལྷོར་མེ་ཏོག་དཀར་པོ་དང་འབྲས་ཀྱིས་བཀང་བའི་དུང་ཞལ་དང་ཏིང་ཕོར།  ནུབ་ཏུ་ཏིལ་ནག་དང་ཟས་དཀར་གསུམ་གྱིས་བཀང་བའི་ཟངས་གསེར་བུམ་པ་དང་།  ཟངས་གསེར་སྡེར་མར་སྟར་སྒ་སོགས་ཤིང་ཏོག་སྣ་ཚོགས་ཀྱིས་བཀང་བ། བྱང་དུ་ཟངས་གསེར་སྡེར་མར་སྣུམ་ཟན་གྱི་གཏོར་མ་དཀར་ཟླུམ་ལ་མར་ཐུད་སོགས་བཟའ་བ་སྣ་ཚོགས་ཀྱིས་བརྒྱན་པ་དང་། དྲི་ལྔས་བཀང་བའི་ཟངས་གསེར་བུམ་པ་ཁ་རྒྱན་མགུལ་ཆིང་ཅན། ཟངས་གསེར་སྡེར་མར་སྤོས་དང་མེ་ཏོག་བཤམས་པ། ནུབ་བྱང་གི་གྲར་དྲིའི་དུང་ཆོས་ཀྱི་རྒྱབ་ཏུ་ཚོགས་བདག་གི་སྐུ་ཤིང་བྱང་ལ་སྦྱར་བའི་དབུ་སྟེང་དངུལ་ཀོང་བཅུད་ལྡན། དེའི་ཕྱིར་རྒྱས་པའི་ལུགས་ལྟར་ཕྱོགས་རེར་མཆོད་པ་ཚར་རེ་དང་ནུབ་ཏུ་ལྷག་གཅིག་བཅས་གསུམ་དང། མཆོད་ཡོན། དྲི་ཆབ། མེ་ཏོག སྤོས། ཞལ་ཟས་རྣམས་སྔར་གཙུག་ཏོར་དྲི་མེད་སྐབས་ལྟར་མཆོད་རྫས་ཚད་ལྡན་གྱིས་བཀང་བ། ཤེལ་གྱི་རྡེར་མ་བཞི་རུ། ཁུར་བ་སྣ་ཚོགས། ཤིང་ཏོག་སྣ་ཚོགས། སྲན་དཀར་གྱི་ཆན། འོ་སྐམ་དང་འབྲས་བསྲེས་པ་རྣམས་ཕྱོག་རེར་ཆ་ཚང་བ་རེ་རེ་དང་། ནུབ་ཏུ་ལྷག་གསུམ་བཤམས་པ་དང་།  དེའི་ཕྱི་རོལ་དུ་ཕྱོགས་བཞིར་མཆོད་སྟེགས་ཆུང་ངུ་བཞིའི་སྟེང་དུ་མཆོད་ཡོན་གྱི་དུང་ཆོས་དང་། བཟེད་ཞལ་ལན་ཚྭས་བཀང་བ་ལ་མཆོད་ཡོན་གྱི་རྫས་བཏབ་པ་བཅས་དང་། མཆོད་ཡོན་ནས་མཆོད་ཡོན་གྱི་བར་མཚམས་རྣམས་སུ་སྤོས། མར་མེ། ཞལ་ཟས་རྣམས་ཚར་རེ། དེའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་རྒྱལ་མཚན། ཤར་དཀར། ཤར་ལྷོ་དམར་སེར། ལྷོར་ནག་པོ། ལྷོ་ནུབ་དུད་ཁ། ནུབ་དམར། ནུབ་བྱང་ཁྲ་བོ། བྱང་སེར་པོ། བྱང་ཤར་ལྗང་སེར་རྣམས་བཀྲ་ཤིས་རྫས་བརྒྱད་རི་མོར་བྲིས་པ་མགུལ་དུ་བཏགས་པ་རྣམས་བཀོད་པ༑ སྲོག་ཤིང་ལ་ཟུར་བཞིར་རས་སྐུད་བསྒྲིལ་མ་བརྐྱང་བ་ལ་གདུགས། རྒྱལ་མཚན། བ་དན། འཕན། མེ་ཏོག་གི་ཆུན་པོ་རྣམས་དཔྱང་ཞིང་མཆོད་པའི་ཚོགས་ཀྱིས་ཀུན་ནས་ཡིད་འཕྲོག་པར་བྱས་པའི་ཐོག་ལེགས་པར་བཀབས་པའི་སྟེང་

འོད་ཟེར་དྲི་མེད་ཀྱི་སཱཙྪ་དགུ་བཅུ་གོ་དགུ་སེར་པོ། གཟུངས་རིང་ཐུང་གཉིས་ཀྱི་ནང་གཞུགས་ཅན་རང་ལུགས་ཀྱི་ཆོ་གས་ཕྱག་ལེན་རྒྱས་པའི་ལུགས་ལྟར་བསྒྲུབ་པ་བཞུགས་སུ་གསོལ་ཡོད།

 

དེའི་ནང་ནས་ཡར་ སྲོག་ཤིང་ཤུག་པ་ལས་གྲུབ་པའི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་དང་། རྩ་བར་རྡོ་རྗེ་ཕྱེད་པ་བཟོས་པའི་གཟུངས་ཁུང་རྣམས་སུ་འབུལ་དགོས་རིགས་ཀྱི་གཟུངས་རྣམས་ཆད་ལྷག་མེད་པར་བཞུགས་སུ་གསོལ་བའི་ངོས་བཞིར་བྲི་བར་བྱ་རྒྱུའི་གཟུངས་རྣམས་ཆད་ལྷག་བྲིས་བསུབ་མེད་པར་རིན་ཆེན་དང་པོའི་བོད་ཡིག་དབུ་ཅན་གྱི་གཟུགས་སུ་ལེགས་པར་བྲིས་ཤིང། རྩེ་མོ་ནས་མས་རིམ་པ་བཞིན། དང་པོ་བླ་མ་བརྒྱུད་པའི་མཚན་སྔགས་དང་། དེ་ནས་བླ་མེད། རྣལ་འབྱོར། བྱ་སྤྱོད་རྒྱུད་ཀྱི་གཟུངས་རྣམས་རིམ་བཞིན་སྲོག་ཤིང་ལ་བསྡམས་པའི་ཕྱི་རོལ་ཏུ་དར་ཚོན་སྣ་ལྔའི་བཟས་དྲིལ་ཏེ་བཞུགས་སུ་གསོལ་བའོ།

 དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཐའ་སྐོར་རིམ་པ་ཕྱི་ནང་གསུམ་བྱས་ཏེ་ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུ་བརྙན་སྟོང་ཕྲག་གཅིག  རྫོགས་པའི་སངས་རྒྱས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་བརྙན་བརྒྱ་དང་བརྒྱད ། རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་བརྙན་བརྒྱ་དང་བརྒྱད །  རྗོགས་པའི་སངས་རྒྱས་སྨན་གྱི་བླ་མའི་སྐུ་བརྙན་བརྒྱ་དང་བརྒྱད ། གཙུག་ཏོར་རྣམ་རྒྱལ་མའི་སྐུ་བརྙན་བརྒྱ་དང་བརྒྱད ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་བརྙན་བརྒྱ་དང་བརྒྱད ། སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་བརྒྱ་དང་བརྒྱད ། འཕགས་པ་སྤྱན་རིས་གཟིགས་ཀྱི་སྐུ་བརྙན་བརྒྱ་དང་བརྒྱད ། རྗེ་བཙུན་འཕགས་མ་སྒྲོལ་ལྗང་གི་སྐུ་བརྙན་བརྒྱ་དང་བརྒྱད ། འཕགས་མ་སྒྲོལ་དཀར་གྱི་སྐུ་བརྙན་བརྒྱ་དང་བརྒྱད །  གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐུ་བརྙན་བརྒྱ་དང་བརྒྱད་ཅུ་རྣམས་བཞུགས་སུ་གསོལ་བའི་བར་མཚམས་རྣམས་སུ་རྒྱས་པ་འབུམ་པོད་བཅུ་གཉིས་ཀྱི་གླེགས་བམ་ཚར་ཁྲི་གཅིག   ཉི་ཁྲི་པོད་གསུམ་ཚར་ཁྲི་གཅིག བརྒྱད་སྟོང་པ་པོད་གཅིག་ཆ་ཁྲི་གཅིག དཀོན་བརྩེགས་པོད་དྲུག་ཚར་ཁྲི་གཅིག ཕལ་ཆེན་པོད་བཞི་ཚར་ཁྲི་གཅིག ཁྲི་བརྒྱད་པོད་གསུམ་ཆ་ཁྲི་གཅིག ཁྲི་བ་པོད་གཅིག་ཚར་ཁྲི་གཅིག ཤེས་རབ་སྣ་ཚོགས་པོད་གཅིག་ཚར་ཁྲི་གཅིག  གཟུངས་འདུས་པོད་གཉིས་ཚར་ཁྲི་གཅིག་བཅས་གཞུགས་སུ་གསོལ་བའི་སྟེང་གི་ཆ་རྣམས་སུ་རྒྱུད་འབུམ་པོད་ཉི་ཤུ་ཚར་ཁྲི་གཅིག རྙིང་རྒྱུད་པོད་གསུམ་ཚར་ཁྲི་གཅིག་བཅས་དང་གཟུངས་ཆེན་སྡེ་ལྔ་དུང་ཕྱུར་གཅིག་ལྷག བཞུགས་སུ་གསོལ་ཡོད།  

ཆོས་འཁོར་དུ་བླ་བརྒྱུད་ཀྱི་མཚན་སྔགས་དང་ཏོག་ལ་མཐིང་ཤོག་ཏུ་གསེར་གྱིས་བྲིས་པའི་སངས་རྒྱས་སྲས་གཅིག་གི་རྒྱུད་གླེགས་བམ་སོར་བཞི་མ་ཚར་འབུམ་གཅིགབཅས་བཞུགས་སུ་གསོལ་ཏོ།

གཞན་ཡང་སྡེ་པར་རྙིང་པ་ལས་དྲངས་པའི་རྙིང་གཟུངས་ཆ་བརྒྱ་དང་གསར་གཟུངས་ཚར་བརྒྱ་རྣམས་སོ་སོའི་གནས་སུ་གོ་རིམ་མ་འཁྲུགས་པར་བཞུགས་སུ་གསོལ་ཏོ།

 བུམ་གདན་གྱི་བང་རིམ་རྣམས་ཀྱི་ནང་གི་ཆར་འདུལ་པོད་བཅུ་གསུམ་གྱི་གླེགས་བམ་ཚར་ཁྲི་གཅིག མདོ་སྡེ་པོད་སོ་གཉིས་གྱི་གླེགས་བམ་ཚར་ཁྲི་གཅིག་བཅས་དང་ཕྱིའི་ཆར་ཚ་ཚཱ་འབུམ་བཞི་ཆེ་ལེགས་ནང་གཟུངས་ཚད་ལྡན་བཅས་ལེགས་པར་བཞུགས་སུ་གསོལ་ཏོ།

 རྩིགས་རྨངས་སུ་ཀླུ་བུམ་ཚད་ལྡན་འཇུག་སྒྲུབ་བགྱིས་པ་སུམ་སྟོང་སུམ་བརྒྱ་སོ་གསུམ་དང་། ཁྲི་གདན་གྱི་གནོད་སྦྱིན་བང་མཛོད་དབུས་སུ་ཟངས་གསེར་ལས་གྲུབ་པའི་གནོད་སྦྱིན་ཛམ་བྷ་ལའི་སྐུ་བརྙན་ཐོག་ཚད་གཅིག་ལྷག་ཅན་གྱི་མདུན་ཟངས་དཀར་མར་ཁུས་བཀང་བའི་ཁར་གནོད་སྦྱིན་ཕོ་མོའི་འཁོར་ལོ་གསེར་ཟངས་ལས་གྲུབ་པ་། རྒྱབ་ཏུ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་དཀྱིལ་འཁོར་གསེར་ཟངས་ལེབ་མོའི་ངོས་སུ་རྐོས་པ་ལ་རྒྱན་དང་ཡོ་བྱད་ཚོགས་དགོས་ཡོངས་སུ་བརྒྱན་པ། དེའི་མཐའ་སྐོར་རིམ་པ་དང་པོར་རིན་པོ་ཆེ་དང་དར་ཟབ། འབྲུ་སྣ། སྨན་སྣ་སོགས་སྲིད་པའི་འབྱོར་བས་ཡོངས་སུ་བསྐང་བའི་རིན་ཆེན་ཤེལ་གྱི་ཟ་མ་ཏོག་དག་གིས་ཚར་དུ་དངར་བ། དེའི་མཐའ་སྐོར་གྱི་རིམ་པ་གཉིས་པར་ཕྱོགས་བཞིར་རྒྱལ་ཆེན་བཞི་དང་། བར་མཚམས་སུ་སྙིང་ཐིག་གཉེན་པོའི་བཀའ་སྲུང་མ་གཟའ་དམ་གསུམ། གནོད་སྦྱིན་ཙིའུ་དམར་པོ། གེ་སར་ནོར་བུ་དགྲ་འདུལ། རྒྱུད་མགོན་ལེགས་ལྡན། ནོར་བདག་རྣམ་ཐོས་སྲས། ཀླུ་སྨན་གཟི་འབར་མ་སོགས་ཀྱི་སྐུ་བརྙན་གསེར་ཟངས་ལས་བསྐྲུན་པ་ཆེ་ལེགས་དག་སྤུས་ལྡན་ལ་ཚད་ལྡན་བྱིན་འབར་གྱི་གཟུངས་གཞུགས་བཅས་ལེགས་པར་བཞུགས་སུ་གསོལ་བའི་བར་མཚམས་སུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཚར་གྲངས་ས་ཡ་གསུམ།   མདོ་ལས་གསུངས་པའི་བཀྲ་ཤིས་པའི་ཚིགས་བཅད་ས་ཡ་གཅིག །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ས་ཡ་གཅིག་བཅས་བཞུགས།  དེའི་མཐའ་སྐོར་རིམ་པ་གསུམ་པར་འཕགས་མ་རིག་བྱེད་དབང་མོའི་སྐུ་བརྙན་བརྒྱ་དང་བརྒྱད ། ནོར་བདག་ཛམ་བྷ་ལའི་སྐུ་བརྙན་ཆེ་ལེགས་སྟོང་གཅིག །ལྷ་མོ་ནོར་རྒྱུན་མའི་སྐུ་བརྙན་བརྒྱ་དང་བརྒྱད །   ནོར་བུམ་སུམ་སྟོང་སུམ་བརྒྱ་སོ་གསུམ་བཅས་དང་། ། 

 ཕྱི་རོལ་གྱི་བར་བསྐོར་དུ་མཆོད་རྟེན་ཆ་བརྒྱད་ཆ་བཅུ།  མཐའ་བསྐོར་དུ་མཆོད་རྟེན་ཆུང་བ་བརྒྱ་དང་ཉེར་ལྔ། ཐར་མདོ་དང་ཡིག་བརྒྱའི་འཁོར་ལོ་སུམ་བརྒྱ་བཅས་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་སར་མངོན་པར་བཞུགས་པ་ཡིན་ནོ།   དེ་ལྟ་བུའི་མཆོད་སྡོང་ཆེན་པོ་འདིའི་རྒྱ་དཔངས་ཀྱི་ཚད་ལ།རྩིག་པའི་རྨང་གཞིའི་ཟུར་ནས་ཟུར་དུ་ངོས་རེར་སྨི་བརྒྱད་བཅུ་གྱ་གསུམ།        རྩ་བ་ནས་རྩེ་མོའི་ནོར་བུའི་ཏོག་གི་བར་སྨི་ལྔ་བཅུ་ང་གཉིས་དང་།      ཕྱིའི་འཁོར་ཡུག་གྲུ་བཞིའི་ཕྱོགས་རེར་སྨི་བརྒྱ་དང་གསུམ་རེའི་རྒྱ་ཁྱོན་མངའ་བའོ། །

 འདི་ལྟ་བུའི་རིང་བསྲེལ་རྣམ་བཞིའི་སྙིང་པོ་ཅན་གྱི་མཆོད་རྟེན་བཞེངས་པ་དང་། ཕྱག་མཆོད་བསྐོར་བ་དང་མཐོང་ཐོས་དྲན་རེག་གི་ཕན་ཡོན་ཇི་ལྟར་མངའ་བ་རྒྱལ་བཀའ་དྲི་མ་མེད་པར་ཁུངས་བཅོལ་ཏེ་མདོ་ཙམ་སྨྲོས་ན། དེ་ཡང་འོད་ཟེར་དྲི་མ་མེད་པའི་མདོ་ལས། བྲམ་ཟེ་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་མ་གང་ལ་ལ་ཚེ་ཐུང་བའམ་ནད་མང་བ་ཞིག་ཡོད་ན་དེས་མཆོད་རྟེན་རྙིང་པ་བཅོས་སམ། གསར་དུ་བཙིགས་ཀྱང་རུང་སྟེ། གསང་སྔགས་འདི་བྲིས་ལ་ནང་དུ་བཞུགས་ནས་དཀྱིལ་འཁོར་བྱི་དོར་བྱས་ཏེ་མཆོད་ན་ཡོན་ཏན་ནི་ཚེ་ཟད་པ་ལས་ཚེ་སླར་བསྣུར་ཞིང་རིང་བ་དང་། ནད་ཀྱིས་བཏབ་སྟེ་སྡུག་བསྔལ་བའང་ནད་དོ་ཅོག་ལས་ཐར་པ་དང་ནམ་དུ་ཡང་ངན་འགྲོ་དང་། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་མི་འགྱུར། དེ་དག་གི་སྒྲ་རྣ་ལམ་དུའང་གྲགས་པར་མི་འགྱུར་ན་དེར་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དང་། མཆོད་རྟེན་ཆེ་ཆུང་ཅི་ཙམ་ནུས་པ་བདུན་ཅུ་རྩ་བདུན་གདབ་པར་བྱ་ཞིང་། དེ་རེ་རེའི་ནང་དུ་གསང་སྔགས་བཅུག་སྟེ་སེམས་རྩེ་གཅིག་ཏུ་མཆོད་པ་བྱེད་ན། ཚེ་ཟད་པ་ལས་ཚེ་སླར་བསྣུར་ཞིང་རིང་བ་དང་། སྔོན་གྱི་ལས་ཀྱི་སྒྲིབ་པ་ཚེ་རབས་གྲངས་མེད་པའི་སྡིག་པ་བྱང་ནས་ནམ་དུའང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དྭགས་ཀྱི་སྐྱེ་གནས་ཐམས་ཅད་དུ་སྐྱེ་བར་མི་འགྱུར་རོ། །གང་དུ་སྐྱེ་བའི་གནས་ཐམས་ཅད་དུའང་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར་རོ། །ཡིད་ལ་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཞེས་དང་གང་ལ་ལ་ཞིག་གིས་མཆོད་རྟེན་བདག་ཉིད་ཀྱིས་སམ་གཞན་ལ་བྱེད་དུ་བཅུག་གམ། མཆོད་རྟེན་རྙིང་པ་བཅོས་སམ་ལེགསཔར་བྱས་ཀྱང་། ས་འཇིམ་དང་། སོ་ཕག་གམ། རྡོ་བ་ལས་བྱས་ཀྱང་རུང་སྟེ་དང་པོ་གསང་སྔགས་ཀྱི་སྙིང་པོ་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེའི་འོག་ཏུ་མཆོད་རྟེན་སེན་མོ་གང་ཙམ་གྱི་ཚད་དུ་བྱས་སམ། དཔག་ཚད་བྱེད་ནའང་རུང་སྟེ་གསང་སྔགས་ཀྱི་མཐུས་དང་སེམས་རྩེ་གཅིག་ཏུ་བྱས་པའི་སྟོབས་ཀྱིས་མཆོད་རྟེན་དེ་ལ་སྤོས་ཀྱི་ངད་ལྡང་བར་འགྱུར། ཙནྡན་ག་བུར་གླ་རྩི་དང་། གུར་གུམ་ལ་སོགས་པའི་དྲི་བྲོའོ། །ལྷ་ཡི་སྤོས་དྲི་ཞིམ་པོའི་ངད་ལྡང་བར་འགྱུར་རོ། །བདག་དང་གཞན་མཆོད་རྟེན་གྱི་ལས་བྱས་པ་དང་། བཟླས་བརྗོད་བྱེད་པ་དེ་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར། དགེ་བའི་རྩ་བ་རྒྱ་ཆེན་པོ་གསོགས་པར་འགྱུར། ཡོན་ཏན་ལེགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ཚེ་ཐུང་བའི་ལས་ཞིག་ཡོད་ནའང་ཚེ་རིང་བར་འགྱུར་རོ། །ནམ་འཆི་བའི་དུས་བྱེད་པ་ན་སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་ཞལ་མཐོང་ཞིང་། དེ་བཞིན་གཤེགས་པ་དེ་དག་གིས་རྗེས་སུ་དགོངས་ཏེ། སྐྱེ་གནས་ཕྱི་མ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཞིང་མངོན་སུམ་དུ་ལུང་སྟོན་པར་འགྱུར། དེར་ཡང་ཚེ་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐུབ་པར་འགྱུར་ཏེ། སྔོན་གནས་རྗེས་དྲན་དང་། ལྷ་ཡི་མིག་དང་། རྣ་བ་རྣམ་པར་དག་པ་ཐོབ་ཅིང་། ཕ་རོལ་གྱི་སེམས་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ལུས་ལ་ཙནྡན་གྱི་དྲི་འབྱུང་ཞིང་ཁ་ནས་ཨུཏྤལའི་བསུང་ལྡང་བར་འགྱུར། བླ་ན་མེད་པ་བྱང་ཆུབ་ཀྱི་ལམ་ཐོབ་ནས་ཕྱིར་མི་ལྡོག་པའི་སའང་ཐོབ་པར་འགྱུར་རོ་ཞེས་དང་། གཙུག་ཏོར་དྲི་མ་མེད་པའི་མདོ་ལས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་སྙིང་པོ་འདི་ལ་གུས་པར་བྱས་ཏེ། མཆོད་རྟེན་གྱི་ལས་བྱས་ན། ཚེ་ཟད་པའང་ཚེ་སླར་བསྣུར་ཏེ་ཚེ་རིང་པོར་སྐྱོང་བར་བྱེད་དོ། །གལ་ཏེ་འཆི་འཕོས་ནའང་སྦྲུལ་གྱི་ལྤགས་པ་བརྗེས་པ་བཞིན་ལུས་བོར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མྱོང་བར་མི་འགྱུར། ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར། ཕྱིན་ཆད་སེམས་ཅན་དམྱལ་བའི་སྒྲ་རྣ་ལམ་དུ་གྲགས་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཕྱག་མཆོད་བསྐོར་བའི་ཕན་ཡོན་ནི། འོད་ཟེར་དྲི་མེད་ལས་གང་ལ་ལ་ཞིག་གིས་མཆོད་རྟེན་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། ཐལ་མོ་སྦྱར་རམ། མེ་ཏོག་ཕུལ་ལམ། བྱུག་པ་དང་། བདུག་སྤོས་ཕུལ་ལམ། དྲིལ་བུ་དང་། བ་དན་དང་། གདུགས་འགའ་ཞིག་ཕུལ་ན། དེ་བཞིན་གཤེགས་པ་དགུ་ཁྲི་དགུ་སྟོང་གི་མཆོད་རྟེན་ལ་ཕུལ་བའི་བསོད་ནམས་དང་མཉམ་པ་ཡིན་ནོ། །དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་དཔལ་དང་མཐུ་སྟོབས་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་དང་། རིགས་ཀྱི་བུའམ༑ རིགས་ཀྱི་བུ་མོ་གང་གིས། མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བླ་ན་མེད་པ་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་ཡང་འགྱུར་རོ། །སྔོན་གྱི་སྒྲིབ་པ་རྣམས་ཀྱང་བྱང་བར་འགྱུར་རོ་ཞེས་དང་། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། མཆོད་རྟེན་བསྐོར་བ་བྱས་པས་ན། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར༑ ༑ཞེས་སོགས་མཐའ་ཡས་སོ། །མཐོང་ཐོས་དྲན་རེག་གྲོལ་བའི་ཕན་ཡོན་ནི། འོད་ཟེར་དྲི་མེད་ལས། ཐ་ན་བྱ་དང་རི་དྭགས་ལ་སོགས་ཏེ་གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་ཡང་དུད་འགྲོ་ལ་སོགས་པའི་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར། མཚམས་མེད་པ་ལྔའི་སྡིག་པ་དང་ལྡན་པའང་། མཆོད་རྟེན་དེ་ལ་རེག་གམ། དེའི་གྲིབ་མ་ཕོག་ཀྱང་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཐོབ་ཅིང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཞིང་། ཡང་གང་ཞིག་གི་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ། རྒྱང་ནས་མཐོང་ངམ་དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་བཞེངས་པ་རྣ་བར་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྲུང་བ་དང་། རྗེས་སུ་དགོངས་པར་མཛད་དོ། །རྫོགས་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་རོ། །ཞེས་དང་། གང་གཞན་ལ་ལ་ཞིག་གིས་མཆོད་རྟེན་དེ་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ནའང་༑ ལས་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པའང་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་དུ་སྐྱེའོ། །གང་ཞིག་གིས་མཆོད་རྟེན་དེའི་མིང་ཐོས་པའང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར། ཐ་ན་བྱ་དང་རི་དྭགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེའང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ་བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ།། ཞེས་དང་། གསང་སྔགས་ཡི་གེར་བྲིས་ལ་ལམ་གྱི་གཞི་མདོའམ་སུམ་མདོ་སྐྱེ་བོ་མང་པོ་ཕན་ཚུན་འགྲོ་བའི་གནས་སུ་མཆོད་རྟེན་བྱས་ལ་དེའི་ནང་དུ་བཅུག་ན། འགྲོ་བ་ཐམས་ཅད་དང་། བྱ་དང་སྦྲང་མ་དང་། ཐ་ན་གྲོག་སྦུར་ཡན་ཆད་ཀྱིས་མཐོང་བ་དང་ཐོས་པ་དང་། རེག་པ་དང་། དེ་ལ་ཕོག་པའི་ས་དང་རྡུལ་དང་རླུང་དང་གྲིབ་མས་ཕོག་ནའང་བྱོལ་སོང་དང་། ཡི་དྭགས་དང་། ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་ཐམས་ཅད་དང་བྲལ་ཞིང་འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་ནས། ཚེ་རབས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ཞིང་། ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་དང་། གཙུག་ཏོར་དྲི་མེད་ལས། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་དང་། གཞན་ཡང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་དེར་འོང་བ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་པའང་ཡོངས་སུ་གྲོལ་བར་འགྱུར་ན། བཀུར་སྟི་མང་དུ་བྱེད་པ་རྣམས་ནི་ཅི་སྨོས་ཏེ། འདིའི་ཕན་ཡོན་དང་ཡོན་ཏན་ནི་བརྗོད་པར་མི་ནུས་སོ། །ཞེས་གསུངས་སོ། དེ་ལྟར་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ནི་ཞིང་ཁྱད་པར་བ་འདི་ལྟ་བུ་ལ་རྟེན་ནས་འབྱུང་བས་ན་མཆོག་དམན་ཐམས་ཅད་ནས་ཕྱག་སྐོར་མཆོད་འབུལ་སོགས་བསོད་ནམས་བསགས་པ་ལ་སྒོ་དུ་མ་ནས་འབད་པ་དང་། དེ་ཐམས་ཅད་ཀྱང་འཕགས་པ་ཀུན་ཏུ་བཟང་པོའི་རྗེས་སུ་འབྲང་ཏེ་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་ལ་རྩེ་གཅིག་པའི་ཡིད་ཀྱིས་འབད་པར་གསོལ་བ་འདེབས་པ་ལགས་སོ། ། 

 

སླར་སྨྲས་པ། རབ་དཀར་ཁ་བའི་རྡུལ་མང་བརྩེགས་པ་གངས་རི་ཏེ་སིའི་ལང་ཚོ་ཉིད། །བསོད་ནམས་ཤིང་རྟས་ས་འདིར་དྲངས་ལྟའི་ངོ་མཚར་ཆོས་སྐུའི་མཆོད་སྡོང་མཆོག། །རྒྱལ་བཀའ་འགྱུར་ཅོག་ཁྲི་ཕྲག་གྲངས་བརྒལ་ལྷུན་པོར་སྤུངས་པའི་རིན་ཆེན་མཛོད། །མཐོང་དང་དྲན་རེག་མ་འབད་གྲོལ་བའི་རྟེན་འདི་ཚོགས་ཆེན་ཞིང་གི་གཙོ། །རབ་ཡངས་ལེགས་བྱས་ས་གཞི་ལས་ཐོན་ཚད་མེད་རྣམ་བཞིའི་བང་རིམ་རྩེར། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་བང་མཛོད་ཀུན་ནས་ཟླུམ་པའི་བུམ་བཟང་རྩེར། །བཅུ་གསུམ་ས་མཚོན་ཆོས་འཁོར་བརྩེགས་པར་ཐབས་ཤེས་ཉི་ཟླའི་འོད་སྣང་གིས། །བགྲང་ཡས་འགྲོ་བའི་བདེ་སྐྱིད་པདྨོ་འཛུམ་པར་མཛད་འདིར་ཡིད་རེ་རངས། །དེ་ལས་བྱུང་བའི་དགེ་ཚོགས་སྤྲིན་ཆེན་སྟོན་ཟླ་གསར་བའི་མདངས་འཛིན་པ། །ས་གསུམ་མཁའ་དབྱིངས་དཀྲིགས་པ་ལས་ཐོན་མི་ཟད་ཕན་བདེའི་ཆར་རྒྱུན་གྱིས། །སྙིགས་མ་ལྔ་ཡི་གདུང་བ་རབ་གཞིལ་བསྟན་འགྲོའི་ཕུན་ཚོགས་རབ་རྒྱས་པའི། །དགེ་མཚན་སྙེ་མའི་ལང་ཚོ་དར་བབས་འཇིག་རྟེན་ཁྱོན་ཀུན་མཛེས་གྱུར་ཅིག། །འཕྲལ་དང་ཡུན་གྱི་རྒུད་པ་ཀུན་སེལ་འདི་དང་གཏན་གྱི་ལེགས་ཚོགས་འབུམ།  །གང་ལས་འབྱུང་བའི་ཡིད་བཞིན་ནོར་མཆོག་ལུང་རྟོགས་རྒྱལ་བསྟན་ཉིན་མོར་བྱེད། །ས་གསུམ་སྐྱེ་རྒུའི་བསོད་ནམས་མཁའ་ལ་མི་ནུབ་ཡུན་ཏུ་རྟག་འཆར་ཞིང་། །བཀྲ་ཤིས་ཕུན་ཚོགས་འོད་ཀྱི་སྣང་བས་བཟོད་དཀའི་རྒུད་མུན་གཞོམས་གྱུར་ཅིག། །སྟོན་ཟླ་སོ་མའི་མདངས་ཀྱིས་སྤུད་པའི་གངས་རིའི་ཕྲེང་བས་ཡོངས་སྐོར་ཞིང་། །ཟླ་དང་བྲལ་བའི་ཆོས་རིག་ནོར་བུ་ལྷུན་པོར་སྤུངས་པའི་ཞིང་ཁམས་འདིར། །རྣམ་པར་གྲོལ་བའི་འཇུག་ངོགས་འཁྲུལ་མེད་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན། །སྲིད་མཐའི་བར་དུ་སྐྱེ་རྒུའི་གསོས་སུ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།།འདིས་མཚོན་ལེགས་བྱས་དགེ་བའི་བྱིན་མཐུ་ཡིས། །དཀར་མིན་ལས་ཀྱི་འབྲས་བུས་རབ་མནར་བའི། །རྣམ་གསུམ་ངན་འགྲོར་འཁྱམས་པའི་ཡིད་ཅན་ཀུན། །མཐོ་རིས་དཔལ་ལ་ལོངས་སུ་སྤྱོད་པའི་མཐར། །མནན་ན་ནེམ་ཞིང་བཏེགས་ན་འཕར་བའི་རིན་ཆེན་ལས་གྲུབ་ས་ཡི་གཞིར། །སྣ་ཚོགས་གེ་སར་བཞད་པས་རབ་མཛེས་རྙོག་མ་དང་བྲལ་རྫིང་བུ་རུ། །འོད་སྣང་དཔག་མེད་ཟེར་གྱིས་ཕྱེ་བའི་པདྨའི་སྦུབས་ལས་རྫུས་འཁྲུངས་ཏེ། །ཐེག་པ་མཆོག་གི་ལམ་ལ་ཉེར་ཞུགས་མི་གནས་བྱང་ཆུབ་མྱུར་འཐོབ་ཤོག།།ལྷ་མིའི་ཐེག་པའི་འབྲས་བུ་ལ་སྤྱོད་མཐོ་རིས་དཔལ་གྱིས་རབ་འབྱོར་བའི། །བགྲངས་ཡས་འགྲོ་རྣམས་གསང་ཆེན་ངེས་པའི་ལམ་མཆོག་བཟང་པོ་འདིར་ཞུགས་ཏེ། །ཚེ་ལུས་གཅིག་གིས་གཏན་བདེ་བླ་མེད་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ནས། །རྟག་ཁྱབ་ཕྲིན་ལས་སྣང་བ་འབུམ་ཕྲག་སྐྱེ་རྒུའི་གཉེན་དུ་སྦྱིན་གྱུར་ཅིག།།གངས་རྒྱན་མཆོད་སྡོང་བྱ་རུང་ཁ་ཤོར་གྱི་དཀར་ཆག་ལེགས་བྱས་ཉི་མའི་འོད་སྣང་ཞེས་བྱ་བ་འདི་ནི་ཆོས་སྨྲ་བའི་དགེ་སྦྱོང་གི་གཟུགས་འཛིན་པ་ཨོ་རྒྱན་རིག་འཛིན་ནམ་མིང་གཞན་པདྨ་འགྱུར་མེད་ལུང་རྟོགས་བསྟན་པའི་ཉིན་བྱེད་དུ་འབོད་པས་གསང་ཆེན་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཤར་རྒྱལ་བ་དཔལ་ཡུལ་བའི་གདན་ས་ཆེན་པོ་རུ་བོད་རབ་བྱུང་བཅུ་བདུན་པའི་གདོང་ངན་མེ་སྤྲེལ་ལོའི་ནག་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་མཇུག་གྲུབ་པར་བགྱིས་པ་མངྒ་ལམ། །དགེའོ། དགེའོ། དགེའོ། 

1488954864172762.jpeg

 རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།