རྒྱ་ནག་གི་ནང་བསྟན་གྱི་གནས་རི་གྲགས་ཅན་གླང་ཆེན་འགྱིང་རི།

འཕགས་པ་ཀུན་ཏུ་བཟང་པོའི་གནས་གླང་ཆེན་འགྱིང་རི་འདི་ནི་རྒྱ་ནག་ནང་སའི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ལེ་ཧྲན﹙乐山﹚སུ་ཁུལ་དུ་ཡོད་ཅིང་།   ཤར་ལྷོ་ནུབ་བྱང་བཞི་ལ་རྫོང་ཁག་བཞི་ནས་བསྐོར་ཞིང་།  ཤར་དུ་ལེ་ཧྲན་དང་ལྷོ་རུ་འོ་པན།   ནུབ་དུ་ཧུང་ཡཱ་དང་བྱང་དུ་ཇ་ཅང་ཅེས་རྫོང་གནས་བཞི་ཡོད།   ཡིན་ནའང་སྲིད་འཛིན་གྱི་ཁོངས་གཏོགས་ལོ་ཧྲན་གྲོང་ཁྱེར་ཡིན།   གླང་ཆེན་འགྱིང་རི་འདི་རྒྱ་ནག་རང་གི་སྐད་དུ་ཨོ་མེ་ཧྲན﹙峨眉山﹚ཞེས་རི་བོ་མཐོ་ཞིང་བརྗིད་ལ་ཤིན་ཏུ་མཛེས་པ་ཡིད་དབང་འཕྲོག་པའི་དོན་དུ་གོ་ལོ་རྒྱུས་སྟེང་དུ་རི་བོ་འདི་ལ་མིང་མི་འདྲ་བ་མང་ཙམ་ཡོད་ཅིང་།   མདོ་སྡེ་ཕལ་ཆེན་ལས་བསྟན་པའི་རི་བོ་འོད་ཟེར་ཅན་དང་རྒྱ་ནག་གདོད་མའི་ཆོས་ལུགས་ཏྭབ་ཀྱི་གཞུང་དུ་རི་བོ་རྩེ་རྒྱལ།   སྒྲུབ་གནས་བདུན་པ།   དེ་མིན་སངས་རྒྱས་ཁྲི་ཡི་རི་བོ།   སངས་རྒྱས་འབུམ་གྱི་རི་བོ།   ཡང་ན་ཨོ་མེ་ཧྲན་ཞེས་བརྗིད་མཛེས་རི་བོ།   བོད་པས་གླང་ཆེན་འགྱིང་རིའམ་རྒྱ་ནག་གླང་ཆེན་ཞེས་འབོད།   ཆེས་སྔ་བའི་བོན་གཞུང་ཁག་ཏུ་རིའི་རྒྱལ་པོ་འོད་ཟེར་ཅན་ཞེས།   གང་ལྟར་གནས་རི་འདི་ལ་དད་ལྡན་སྐྱེ་བོ་མང་པོ་ཞིག་དགའ་མགུ་ཡི་རངས་དེ་བློ་བརྟན་དབང་མེད་དུ་འཕྲོག་པ་སོམ་ཉི་དང་བྲལ།   ཁྱད་པར་དུ་རི་བོ་འདི་རྒྱ་ནག་ནང་ཆོས་གནས་རི་རྩ་ཆེན་བཞིའི་ཡ་གྱལ་དུ་ངོས་འཛིན་དེ་ལུང་དང་རྟོགས་པའི་སྒྲུབ་བྱེད་གང་མང་དོན།   གནས་ཆེན་བཞི་ནི་སི་ཁྲོན་གྱི་གླང་ཆེན་འགྱིང་རི་དང་ཨན་ཧུའེ་ཡི་ཅིའུ་ཧྭ་རི་བོ་ཡང་ན་རི་བོ་རྩེ་དགུ།   ཀྲེ་ཅང་གི་རི་བོ་པོ་ཏ་ལ།   ཧྲན་ཞིའི་རི་བོ་རྩེ་ལྔ་བཅས་ཡིན།    རྒྱ་གཞུང་རང་གི་འགྲེལ་ལུགས་སུ་བལྟོས་ན་གནས་ཆེན་པོ་བཞི་འདི་ས་ཆུ་མེ་རླུང་གི་ཁམས་བཞི་རུ་བསྡུས་པ་ལས་གྲངས་ཀ་རྐྱང་པ་བཞི་ཁོ་ན་ལ་བརྟེན་ནས་མ་ཡིན་གསུངས།   ཅིའུ་ཧྭ་རི་བོ་འདི་གཤིན་རྗེ་ཡི་ཞིང་དུ་གཏོགས་པས་ན་ཁམས་ས།   རི་བོ་པོ་ཏལ་འདི་བེེ་ཌཱུརྱ་ཡི་ཞིང་དུ་གཏོགས་པས་ན་ཁམས་ཆུ།  གླང་ཆེན་འགྱིང་རི་འདི་དངུལ་མདོག་གི་ཞིང་ལ་མཚན་པས་ན་མེ་ཡི་ཁམས།   རི་བོ་རྩེ་ལྔ་འདི་སེར་པོ་གསེར་མདོག་གི་མཚན་པས་ན་རླུང་གི་ཁམས་བཅས་གནས་ཆེ་བཞི་ཡི་བཀོད་པ་དེ་ལྟར་བསྒྲིགས་ཡོད།       ལོ་ལྟར་གནས་ཆེན་བཞི་ལ་རྒྱལ་ཕྱི་ནང་གི་བསྐོར་བ་བྱེད་མཁན་མང་ལ་གནས་བཞིའི་ཡུལ་ལྗོངས་ལ་མོས་པའང་ཡང་ན་གནས་བཞིའི་བྱིན་བརླབས་ལ་མོས་པའི་སྐྱེ་བོ་སོ་སོས་ཐད་དུ་ཉིད་ཀྱི་རེ་འདོད་སྐོང་དེ་སྤྲོ་བ་དང་དགའ་བ་དང་དུ་བསྐྱེད་ཐུབ།   སྔོན་གྱི་ལོ་རྒྱུས་ཁག་ཏུ་སྙན་ངག་པ་མང་པོ་ཞིག་གླང་ཆེན་འགྱིང་རི་ལ་བཅར་ཏེ་སོ་སོས་ཚེར་སྣང་ལས་འབུས་བའི་བསྟོད་ཚིག་དུ་མ་ཞིག་ཀྱང་ཡོད་ལ།   དཔེར་ན།   སུང་རྒྱལ་རབས་སྐབས་ཀྱི་མཁན་ཆེན་སུའུ་ཏུང་ཕོ་ནས་འགྱིང་རིའི་ནུབ་ངོས་གངས་དཀར་བརྗིད།   །བྱང་བལྟས་ཁྲེན་ཏུའུ་ཁྲོན་པའི་གཏིང་།   །ཅེས་གསུངས་པས།   ནུབ་ངོས་ཀྱི་གངས་དཀར་དེ་བོད་ཀྱི་མི་ཉག་གངས་དཀར་ལ་གཟིགས་པ་ཡིན་ཞིང་།   གླང་ཆེན་འགྱིང་རི་འདི་ཁུ་ལུན་རི་བོའི་རི་རྒྱུད་བྱང་མའི་ཆེན་ལིང་དང་མིང་ཧྲན་རི་བོ་གཉིས་ལས།   མིང་ཧྲན་ཆང་ནས་རི་རྒྱུད་ཀྱི་ཁོངས་སུ་གཏོགས།  རི་རྩེ་འབུར་མ་གསུམ་དེ་གསེར་ཏོག﹙金顶﹚དང་སངས་རྒྱས་ཁྲི་དང་འབུམ་གྱི་རྩེ་འབུར་གཉིས་བཅས།   རི་རྩེ་མཐོ་ཤོས་དེ་རྒྱ་མཚོ་ངོས་ལ་སྨི་སུམ་སྟོང་བརྒྱ་མེད་དགུ་བཅུ་གོ་དགུ་དང་རི་འདི་བསྐོར་བ་ཚར་གཅིག་ལ་སྤྱི་ལེ་བརྒྱ་དང་སུམ་ཅུ་ཡོད།   རི་བོ་འདི་ཡི་དབྱིབས་གཟུགས་ཤིན་ཏུ་མཚར་བས་ཟེར་སྲོལ་ལ་གླང་ཆེན་འགྱིང་རི་བྲིས་ན་དཀའ་ཞེས་རི་མོའི་ཐོག་ཡང་འཚེར་བ་གྲགས།  ཡིན་ན་བལྟ་ལུགས་ཤིན་ནས་གནས་རི་འདི་གླང་པོ་ཆེ་རོག་པོས་ཕྱིར་ཕྱོགས་པ་ལྟར་དུ་གནས་ཡོད།   

timg-4.jpeg

ཁྱད་པར་དུ་བོད་ཀྱི་ཡིག་ཚགས་དུ་མ་ཞིག་ནས་རི་བོ་འདི་འཕགས་པ་ཀུན་ཏུ་བཟང་པོའི་གནས་ཡིན་པས་ན་འཕགས་པས་གླང་དཀར་མཆེ་བ་དྲུག་ལྡན་ཞིག་ཆིབས་པའི་རྒྱུན་མཚན་དང་རི་བོ་དེ་ཡང་གླང་ཆེན་རང་གི་གཟུགས་སུ་གནས་པས་ན་ཤིན་ཏུ་ངོ་མཚར་བའི་བཀོད་པ་ལྟར།   དེ་ན་བརྗིད་པའི་ལྷུན་པོ་འདི་ལ་དཔྱད་ལྡན་མཁས་པ་རྣམ་པས་མཚན་ཉིད་ལྔ་ནས་མཆོད་པ་མཛད་ཅིང་།  བརྗིད་པ།  མཛེས་པ།   མཚར་བ།   དབེན་པ།   གཟར་བ་བཅས་རྣམ་བཞག་ལྔ་བསྟན་ཡོད།སྤྱིར་ན་གླང་ཆེན་འགྱིང་རི་འདིར་གཟུགས་དབྱིབས་ཆགས་སྟབས་ནས་བཅད་མཚམས་བགོས་ན་རིམ་པ་གསུམ་དུ་ཕྱེ་ཐུབ།   ཅིན་ཤར་མ་ནས་རིམ་པར་དར་བའི་ནང་ཆོས་དེ་ཐང་རྒྱལ་རབས་ཀྱི་དཀྱིལ་ཙམ་ལ་སླེབས་དུས་ཤིན་ཏུ་དར་ཆེ་བའི་སྐལ་པ་ཐོབ་སྟེ་དགོན་པའི་གྲངས་ཀའང་ཇེ་མང་སོང་།   ཐང་རྒྱལ་རབས་ནས་ལོ་རབས་བསྟུད་མར་ནང་ཆོས་ཇེ་དར་དུ་སོང་བས་ཁྱད་པར་དུ་སྤྱི་ལོ980ཡི་སུང་བྱང་མའི་སྐབས་སུ་ཁྲི་ལོ་དགོན་པའི་རྟེན་གཙོ་འཕགས་པ་ཀུན་བཟང་གི་ཟངས་སྐུ་ཆེན་མོ་འདི་ལེགས་པར་བཞེངས།    མིང་རྒྱལ་རབས་ཀྱི་རྒྱལ་པོ་ཝན་ལི﹙万历﹚ཡི་མ་ཡུམ་ཚུའུ་ནན་མཆོག་ནས་གླང་ཆེན་འགྱིང་རིའི་འཕགས་པ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སྟེ་རྒྱལ་བུ་འན་ལི་འཁྲུངས་པའི་དགེ་མཚན་གྱི་རྐྱེན་པས་རྗེས་སོར་རྒྱལ་པོ་འདིས་མ་ཡུམ་གྱི་གསོལ་འདེབས་འགྲུབ་པའི་བཀའ་དྲིན་རྗེས་དྲན་ལྟར་གླང་ཆེན་འགྱིང་རི་ལ་ཞལ་འདེབས་གྱ་ནོམ་པ་གནང་བཞིན་ཡོད།   འདི་ནས་གླང་ཆེན་འགྱིང་རིའི་འཛུགས་སྐྲུན་གོང་འཕེལ་ལ་ཤུགས་རྐྱེན་རྒྱ་ཆེན་པོ་ཐེབས།  ཡིན་ནའང་ཆིང་རྒྱལ་རབས་ཀྱི་དུས་སུ་གླང་ཆེན་འགྱིང་རིའི་བསྟན་པ་ཅུང་ཉམས་པའི་ཚུལ་དུ་ཕྱིན།   དགོན་པ་ཁག་གི་འཚོ་བའི་ཐད་དུ་འོ་རྒྱལ་འཕྲད་དེ་ཨ་མཆོད་ཀྱི་ལས་ལ་བྲེལ་བའི་བཙུན་པ་མང་ཙམ་དོན།   ཆིང་རྒྱལ་རབས་ཀྱི་མཇུག་རྫོགས་ཏེ་མིང་གོ་ལ་སླེབས་དུས་གླང་ཆེན་འགྱིང་རི་ལ་དགོན་པ་བདུན་ཅུ་དོན་གསུམ་ལས་ལྷག་མེད།  དགོན་པ་དེ་དག་ལས་མང་ཤོས་མིང་དང་ཆིང་གི་སྐབས་སུ་བཞེངས་པ་ཤ་སྟག་ཡིན།   རིག་གསར་གྱི་སྐབས་སུ་དགོན་པ་ཁག་ལ་གཏོར་སྐྱོན་ཐེབས་ཏེ་ཡོངས་རྫོགས་བདག་མེད་དུ་ལུས།   སྤྱི་ལོ་1980ནས་སླར་དགོན་པ་དང་འདུ་གནས་རྣམས་ཉམས་གསོ་གང་ལེགས་ཐོབ།   ཁྱེད་པར་དུ་ལམ་ཁ་དང་གློག་གི་ཁུར་སྒམ་སོགས་བཙུགས་ཏེ་གནས་བསྐོར་བ་རྣམས་ལ་བསྟབས་བདེ་གང་མང་སྟེར།   དེང་སང་གླང་ཆེན་འགྱིང་རི་ལ་དགོན་པ་ཉི་ཤུ་རྩ་དྲུག་ཡོད་དོ། 

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།  

timg-5.jpeg