དགུན་དུས་སུ་ཟས་སྤྱོད་ག་འདྲ་བསྟེན་དགོས་མིན་སྐོར།

དགུན་དུས་ཕྱི་ཡུལ་གྲང་ཞིང་བསིལ་བའི་རང་བཞིན་གྱི་སྟོབས་ཤིན་ཏུ་ཆེ་བས་ལུས་ཀྱི་བ་སྤུའི་བུ་གའི་སྒོ་རྣམས་བཀག་སྟེ་ནང་གི་དྲོད་ཕྱིར་མ་ཤོར་བས་མེ་དྲོད་ཀྱི་སྟོབས་ཆེ་བ་དང་། ཟས་འཇུ་སླ་བས་ཁ་ཟས་ཉུང་ངུ་ལས་མ་བསྟེན་ན་ལུས་ཟུངས་སྐེམ་ཞིང་སྟོབས་འཆོར་བར་འགྱུར་བས་ཁ་ཟས་མང་པོར་བསྟེན་རྒྱུ་དང་། ལྷག་པར་དུ་རོ་མངར་བ་དང་སྐྱུར་བ། ལན་ཚྭའི་རིགས་ཏེ། ལུག་ཤ་དང་ནང་ཁྲོལ། ཞུན་མར་སོགས་བཟའ་བཏུང་སྣུམ་བཅུད་ཀྱི་རིགས་བསྟེན་འོས་པ་ཡིན།  དུས་འདིར་ཉིན་མོ་ལས་མཚན་མོ་ཤིན་ཏུ་རིང་ཕྱིར་ཐོ་རེངས་ཀྱི་དུས་སུ་ཕོ་བ་ལྟོགས་པས་ལུས་ཀྱི་བཅུད་ཟད་པར་གྱུར་ནས་པགས་པ་རྩུབ་པོར་འགྱུར་བས་ཏིལ་མར་དང་འབྲུ་མར་རིགས་ཀྱིས་ལུས་ལ་བྱུག་ཅིང་འཕུར་མཉེ་བྱས་ན་ཕན་པ་ཡིན། དེ་མིན་སྐབས་སྐབས་སུ་དྲོད་དུགས་ཏེ་སྲོས་རྒྱག་པ་དང་ཉི་མའི་འོད་ལ་རན་ཙམ་བསྲོ་དགོས་པར་མ་ཟད། གྱོན་གོས་ལ་པགས་པའི་གོས་ལ་སོགས་པའི་གྲང་ངད་འགོག་ཐུབ་པའི་གོས་གྱོན་དགོས་ལ་གནས་ཁང་ཡང་ས་ཡི་ཁང་བ་ཉིས་རིམ་དང་དེ་མིན་དྲོད་ཆེ་བའི་སྡོད་ཁང་དུ་བསྡད་ནས་གྲང་བའི་ནད་དེ་དཔེར་ན། གྲུམ་བུའི་ནད་དང་མཁལ་མའི་ནད་སོགས་མི་འབྱུང་བར་འབད་དགོས་པ་ཡིན། མདོར་ན་དུས་ཚིགས་བཞིའི་ཟས་སྐོམ་དང་སྤྱོད་ལམ་གྱི་སྤང་བླང་ནི་དུས་ཚིགས་སོ་སོའི་ཁྱད་ཆོས་དང་སྦྱར་ཏེ་དབྱར་དགུན་གཉིས་ལ་ཟས་སྤྱོད་དྲོ་བའི་རིགས་དང་སྟོན་དཔྱིད་གཉིས་ལ་ཟས་སྤྱོད་བསིལ་བའི་རིགས་བསྟེན་འོས་པ་ཡིན་ནོ།།

timg.jpeg 

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།