གློ་ནད་ཀྱི་འཛེམ་བྱ།

གློ་ནད་ཀྱི་འཛེམ་བྱ།

1.རོ་ཚ་སྐྱུར་ལན་ཚའི་ཟས་རིགས་བསྟེན་དྲགས་པ་ལས་གློ་ནད་སློང་སྲིད་པས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་གོང་གི་རོ་ཤས་ཆེ་བའི་ཟས་རིགས་དག་ལ་ཅུང་འཛེམ་དགོས།

2.སྦགས་བཙོག་བཟོས་པའི་ཁོར་ཡུག་དང་དུ་བའི་ཁྲོད་དུ་ཡུན་རིང་དུ་བསྡད་པ་ལས་གློ་ནད་འབྱུང་སྲིད་པས། མི་གཙང་བའི་ཁོར་ཡུག་ཏུ་ཡུན་རིང་དུ་སྡོད་མི་རུང་།

3.ནམ་རྒྱུན་གྱི་འཚོ་བའི་ཁྲོད་གློ་ཁམས་གསོ་ཕྱིར་ཁང་པའི་དཀར་ཁུང་སོགས་དུས་ལྟར་ཕྱེ་ནས་ཁང་པའི་ནང་གི་ཁ་དབུགས་ཇེ་ལེགས་སུ་གཏོང་རྒྱུ་ཤིན་ཏུ་གལ་ཆེ།

4.དུ་བ་འཐེན་པ་ལས་གློ་ནད་འབྱུང་བ་ནི་མིག་མཐོང་ལག་ཟིན་ཡིན་པས་དུ་བ་འཐེན་མི་རུང་།

5.མཐོ་སྒང་སོགས་དབྱང་དབུགས་ཉུང་བའི་གནས་སུ་ཡུན་རིང་དུ་བསྡད་པས་གློ་ནད་འབྱུང་སྲིད་པས་དབྱང་དབུགས་ཉུང་བའི་གནས་སུ་ཡུན་རིང་དུ་སྡོད་མི་རུང་།

6.དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཆུ་ཁོལ་མང་དུ་བཏུངས་ནས་རྩོལ་བཅག་རན་ཙམ་བྱས་ན་གློ་ནད་སྔོན་འགོག་གི་ནུས་པ་ཆེ་ཆེར་ཐོན་ངེས།

7.དགུན་དུས་ནི་གློ་ནད་ལྡང་བའི་དུས་ཚིགས་གཙོ་བོ་ཡིན་པས་ཁ་ཟས་སུ་རྒུན་འབྲུམ་དང་སེ་འབྲུ། ལ་ཕུག ཚ་ལི་མ་སོགས་བསྟེན་ན་གློ་ནད་སྔོན་འགོག་གི་ནུས་པ་ཆེས་ཆེར་འདོན་ཐུབ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།