ན་མོ་གུ་རུ་ལོ་ཀཱི་ཤཱ་ར་ཡ། མཐའ་ཡས་འགྲོ་ལ་བརྩེ་བ་ལྷུར་ལེན་པའི། །མཁྱེན་དང་ནུས་པ་དཔག་དཀའི་མཛད་པ་ཅན། །རིགས་གསུམ་སེམས་དབང་རྒྱལ་བ་ཐམས་ཅད་ཀྱི། །རྒྱལ་ཚབ་སེམས་དཔར་གྱུར་ལ་ཕྱག་འཚལ་ལོ། །གང་ལ་བརྟེན་ན་དུས་ཀུན་མི་བསླུ་བ། །འདུལ་བ་མདོ་སྡེ་མངོན་པ་རིན་པོ་ཆེ། །བསླབ་གསུམ་ཡོངས་རྫོགས་མཚུངས་མེད་བླ་མའི་དཀའ། །མན་ངག་བདུད་རྩིའི་སྙིང་ཁུ་དེས་ཀྱང་སྐྱོངས། །སྐལ་བཟང་གང་ཞིག་ཞི་བའི་ལམ་དགྱེས་པ། །དེ་འདྲའི་ཡིད་ལ་སྤྲོ་དགའ་བསྐྱེད་པའི་ཕྱིར། །དབེན་པའི་གཏམ་འདི་ལྷ་ཡི་རྔ་སྒྲ་བཞིན། །སྒྲོགས་པར་བགྱི་ཡིས་དེ་དོན་ཡོད་བགྱིད་རིགས། །ཀྱེ་ཧོ་འཁོར་བ་སྒྱུ་མའི་གྲོང་ཁྱེར་ན། །མེད་བཞིན་སྣང་བ་ལས་ཀྱི་ཚོང་ཟོང་གིས། །སྡུག་བསྔལ་གསུམ་གྱི་མཛོད་ཁང་བསགས་པ་ལ། །མ་རིག་སེམས་ཅན་བུང་བ་བཞིན་དུ་འཁོར། །སྲིད་པའི་འགྲོ་བ་ཞིང་རྡུལ་ལས་མང་ཡང་། །བདེ་བའི་རྣམ་འགྱུར་ཉིན་སྐར་ལས་དཀོན་ན། །འགྲོ་བའི་གནས་འདིར་སུ་ཞིག་མི་སྐྱོ་སྟེ། །བདེ་གཤེགས་ཆོས་ལ་རབ་དགའ་ཅིས་མི་སྐྱེ། །སྙིགས་མའི་སྐྱེ་བོ་ཤིན་ཏུ་བསྟེན་དཀའ་བ། །སྲིན་པོ་བཞིན་དུ་ཁྲོ་བའི་ངང་ཚུལ་ཅན། །གང་དང་འགྲོགས་ན་ཉོན་མོངས་ཚོགས་འཕེལ་བ། །དུས་ངན་གྲོགས་ཀྱིས་སུ་ཞིག་སྐྱོ་མི་འགྱུར། །བསགས་ཤིང་བསགས་པའི་ལོངས་སྤྱོད་སྦྲང་རྩི་བཞིན། །རང་གིས་མི་སྤྱོད་ཆོས་ཕྱིར་ལྟ་ཅི་སྟེ། །འཆི་བའི་ཚེ་ན་ཞེན་པའི་ལྕགས་སྒྲོག་གིས། །རང་རྒྱུད་འཆིང་བའི་རྒྱུ་དེ་ཁོ་ནར་ཟད། །ཕུན་སུམ་ཚོགས་ཤིང་དྲེགས་པའི་སྙན་པ་ཀུན། །གཡེང་བའི་ངང་དུ་གསོན་པའི་ཚེ་སྤངས་ནས། །འཆི་བའི་ཚེ་ན་གདུང་བ་སྐྱེ་འགྱུར་བའི། །གནས་འདི་བསམ་ན་འབྱོར་པས་ཅི་ཞིག་བྱ། །སྲིད་གསུམ་བདག་པོ་བསྐལ་བརྒྱར་བྱས་ན་ཡང་། །འདོད་པའི་ཡུལ་འདིས་ངོམས་པ་ལྟ་ཅི་སྟེ། །མྱང་བཞིན་མྱང་བཞིན་སླར་ཡང་སྲེད་པ་འཕེལ། །ཇི་ཙམ་སྲེད་བཞིན་སྲིད་པའི་རྒྱུ་རུ་ངེས། །ལོངས་སྤྱོད་བདེ་ཡང་འབྲས་བུ་སྡུག་བསྔལ་ཏེ། །སྲིད་པའི་འཕྲལ་བདེ་ངན་སོང་ཁོ་ནའི་རྒྱུ། །ངེས་པར་བརྟགས་ན་འཁོར་བའི་གནས་རིས་འདིར། །ཁབ་རྩེ་ཙམ་གྱི་བདེ་བ་ཡོད་མི་སྲིད། །དྲེགས་ལྡན་སྟོང་གི་སྤྱི་བོའི་ལ་ཐོད་ཀྱིས། །མངོན་པར་འདུད་བྱས་སྙེམས་པ་འཆང་རྣམས་ཀྱང་། །བྲན་གྱི་ཐ་མར་མཆི་བའི་སྐབས་ཡོད་ན། །ཁེངས་དང་རྒྱགས་པས་བདག་ལ་ཅི་ཞིག་བྱ། །སྙིགས་མའི་མཐའ་འདིར་ཐུབ་པའི་བསྟན་པ་ཡང་། །གཟུགས་བརྙན་ཙམ་གྱིས་ཚེ་འདིའི་ཆེ་ཐབས་བགྱིད། །ལུང་རྟོགས་གནས་ལ་བརྩོན་པ་མི་འོང་གིས། །རང་རྒྱུད་བསླབ་གསུམ་བསྟན་པའི་སྙིང་པོར་ཟུངས། །རང་གི་བློ་རྩེ་ཆོས་ལ་སྒྲིལ་བ་ན། །རང་དང་མཐུན་པ་སུ་ཡང་ཡོད་དཀའ་བས། །རང་སེམས་གཙང་མ་རང་གི་དབང་བྱས་ཏེ། །ཐམས་ཅད་མགུ་བའི་བློ་རྒྱ་བསྐྱུངས་ན་ལེགས། །རྒྱལ་བ་སྟོང་གིས་གདུལ་བར་མ་ནུས་པའི། །དུས་ངན་འགྲོ་ལ་སོ་སྐྱེ་བདག་ལྟས་ཅི། །དེ་སླད་གཞན་དོན་སྨོན་པའི་ཡུལ་བགྱིས་ནས། །འཕགས་པའི་ལམ་ལ་བདག་ཉིད་གཉེར་བར་རིགས། །རྣམ་གཡེང་འཁྲུལ་པ་སྤྱོད་བཞིན་སླར་ལ་འཕེལ། །བདག་གི་ཚེ་ནི་རང་བཞིན་རྒྱུན་དུ་འཛད། །ཡེངས་མ་ལམ་ལ་འཆི་བའི་དགྲས་གཏུགས་ན། །དེ་ལས་བསླུས་པ་བདག་ལ་ཇི་ལྟར་ཡོད། །གདུལ་བར་དཀའ་བའི་སེམས་ནི་གདུལ་ནུས་ན། །མཁས་པའི་ལག་རྗེས་དེ་ལས་གཞན་མེད་དེ། །གྲུབ་པའི་རྟགས་ཀྱང་དེ་ལས་ལྷག་པ་མེད། །བཙུན་པའི་ཚུལ་ཡང་འདི་ཙམ་ཁོ་ནར་ཟད། །བཅོས་ཤིང་བཅོས་པའི་ཕྱི་ཚུལ་མཛེས་མཛེས་ལྟས། །གཞན་དག་མགུ་ནས་བསྔགས་པ་སྨྲ་ན་ཡང་། །རང་གི་སེམས་ལ་ཆོས་བརྒྱད་མ་སྤངས་ན། །སོ་སྐྱེའི་རྒྱུད་འདི་འཆིང་བྱེད་མང་བ་ཡིན། །དུས་ངན་གྲོགས་ཀྱི་སྣང་བ་མགུ་ཙམ་ན། །ཅིས་ཀྱང་རང་རྒྱུད་ཆོས་ལས་རིང་བའི་རྟགས། །རྙེད་དང་བཀུར་སྟིའི་སྒོ་འཕར་ཕྱེ་ཙམ་ན། །ངན་འགྲོའི་ཁང་སྒོར་བདག་ཉིད་སླེབས་པ་ལགས། །རྨོངས་པས་བྱིས་པ་སྨིག་རྒྱུས་རི་དྭགས་བཞིན། །སྲིད་འབྱོར་ཕྲ་མོས་བསླུས་པ་འདི་མཐོང་ནས། །མཁས་པའི་རང་བཞིན་ཞེན་པའི་སྒྲོག་དྲལ་ཏེ། །དབེན་པའི་གནས་སུ་སྒྲུབ་ལ་བརྩོན་པར་རིགས། །ཐུབ་པས་བསྔགས་པ་དབེན་པའི་རི་ཁྲོད་དུ། །རྒྱལ་དང་རྒྱལ་སྲས་སྲང་སྲོང་ཆེ་རྣམས་བརྟེན། །ཡོན་ཏན་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །གནས་འདི་བརྟེན་ལ་ཐར་ལམ་ཉེ་བ་ཡིན། །མཐོ་བའི་ངོ་སྲུང་དམའ་བའི་སྐྱོང་བྲན་དང་། མཉམ་པའི་ཆགས་སྡང་དག་གིས་འཆིང་བ་མེད། །རང་ཉིད་གཅིག་པུ་ངེས་འབྱུང་འོད་དཀར་ཅན། །དབེན་པའི་མལ་ན་ཟླ་བ་བཞིན་དུ་མཛེས། །ཆགས་མེད་མཁའ་ལ་ཉི་མའི་དཀྱིལ་འཁོར་བཞིན། །དབེན་པའི་གནས་ན་མང་ཐོས་འོད་སྟོང་ཅན། །མི་སྣང་ལྷ་བརྒྱའི་སྐར་ཚོགས་མཛེས་བསྐོར་ཀྱང་། །གཡེངས་པའི་རྒྱུ་མིན་དམ་ཆོས་སྤྱོད་པའི་གྲོགས། །རྨོངས་པའི་སྐྱེ་བོས་མཐོང་བ་སྤངས་བ་ན། །འཕགས་པ་མཆོག་གིས་གཟིགས་པ་ལྷུར་མཛད་དེ། །རྒྱལ་དང་རྒྱལ་སྲས་སེམས་དཔའ་ཆེ་རྣམས་ཀྱིས། །སྲས་དང་སྤུན་དགོངས་བདག་གི་བཤེས་སུ་བགྱིད། །འདོད་པའི་ཡུལ་ལ་དུག་ལྟར་བྱོལ་ཙམ་ན། །དམ་ཆོས་སྨན་མཆོག་བདག་གིས་རྙེད་འགྱུར་ཏེ། །འཆི་བ་མེད་པ་ལྷ་ཡུལ་བདུད་རྩི་ལས། །ལྷག་པའི་རོ་བདའ་སྙིང་ལ་བདུད་རྩིར་འགྱུར། །འདུ་འཛིའི་དགྲ་ལས་རྒྱངས་རིང་འབྲོས་པ་ན། །ལྷག་པའི་ཏིང་འཛིན་བདག་གིས་རྙེད་འགྱུར་ཏེ། །མངོན་ཤེས་རྒྱལ་སྲིད་ལག་རྩེར་སྦྱིན་ནུས་པའི། །ཡོན་ཏན་འཁོར་འདབ་རྣམ་པར་རྒྱས་པར་འགྱུར། །ཆོས་སྤྱོད་དགེ་བ་ལྷག་པར་འཕེལ་ན་ཡང་། །དབེན་པའི་གནས་སུ་རློམ་པ་མི་སྐྱེ་སྟེ། །འགྲན་ཟླའི་གནས་དང་ངོམ་པའི་ཡུལ་མེད་ལ། །སྲས་བཅས་རྒྱལ་བ་བདག་གི་དབང་དུ་འགྱུར། །ལེ་ལོས་བཅོམ་བྱས་བག་མེད་ལུས་ན་ཡང་། །ཆགས་སྡང་ཉོན་མོངས་དབེན་པར་འཕེལ་མིན་ཏེ། །རང་གི་རྒྱུད་ལ་བརྟགས་པ་ལྷུར་ལེན་ལས། །གཞན་ལ་བསྟེན་ནས་ཁྲོ་དང་ཞེན་དུ་མེད། །རྣམ་གཡེང་ལས་དང་འདུ་འཛིའི་གྲོགས་མང་དང་། །ཆགས་སྡང་ཡུལ་ལས་རིང་དུ་སོང་དེས་ན། །དབེན་པའི་གནས་སུ་དམ་ཆོས་ཁོ་ན་ལས། །བདག་ལ་བསམ་པར་བྱ་བ་ཅི་ཞིག་ཡོད། །ངེས་འབྱུང་བློ་དང་སྙིང་རྗེའི་སེམས་སྟོབས་དང་། །མོས་གུས་དད་པས་མཆི་མ་སློང་ནུས་པ། །དབེན་པའི་གནས་འདིར་ཤུགས་ཀྱིས་སྐྱེ་འགྱུར་ཏེ། །བསྒྲིམ་པ་མེད་པར་ཏིང་འཛིན་ལ་གནས་འགྱུར། །གང་ལ་བརྟེན་ན་གནས་སྐབས་མཐར་ཐུག་ཏུ། །ཕུང་བར་འགྱུར་བ་ཁྱིམ་དང་སྡིག་གྲོགས་དང་། །འདོད་པའི་ཡུལ་བཅས་ངེས་པར་ཐག་བསྲིང་བས། །ཉོན་མོངས་ཚོགས་ཀུན་ཤུགས་ཀྱིས་བྲི་བར་འགྱུར། །སྣ་ཚོགས་བྲག་རིའི་བ་གམ་མཛེས་པ་ནི། །ཡིད་འོང་བདེ་བའི་ངལ་སྟེགས་སྟོང་སྦྱིན་པ། །ཐུབ་བསྟན་རིན་ཆེན་ཐར་པའི་སྟེགས་བཞིན་དུ། །སྐལ་བཟང་སྐྱེ་བོའི་བསྟི་གནས་ཁོ་ན་ཡིན། །ཡལ་འདབ་དུད་པའི་འཁྲི་ཤིང་གཡོ་བཞི་ཚེད། །མགྲིན་སྙན་གླུ་ཡིས་ངེས་འབྱུང་བསྐྱེད་པའི་གཏམ། །ཡང་ཡང་སྒྲོགས་མཁས་ལྷ་ཡི་བྱ་ཚོགས་འདྲས། །སུམ་རྩེན་རྒྱལ་རྔའི་ཁེངས་པ་བཅོམ་མམ་སྙམ། །དཀར་དམར་ཚོན་བརྒྱའི་ལང་ཚོ་བཀྲག་འབར་བའི། །དྲི་བཟང་དབྱིབས་མཛེས་མེ་ཏོག་ཚོམ་བུའི་ཚོགས། །ཐབས་མཁས་སེམས་དཔའི་བསོད་ནམས་ཉེར་སྤྱད་དུ། །རྒྱལ་བའི་མདུན་སར་ཆས་ལ་རིངས་བ་བཞིན། །ནང་དུ་རྐང་དྲུག་སྙན་པའི་གླུ་སྒྲ་ཅན། །པདྨའི་ཚལ་བུ་རབ་དགས་ལེགས་འཇུག་པ། །ཐུབ་བསྟན་སྐྱོན་མེད་པདྨའི་སྐྱེད་ཚལ་དུ། །ཐོས་བསམ་སྒོམ་པར་འཇུག་ལ་བསྐུལ་བ་བཞིན། །བདུད་རྩིའི་ཟིལ་མངར་མྱང་ཞིང་མྱང་ནས་སླར། །མྱོས་པའི་འཕུར་ལྡིང་བར་སྣང་ལ་སྤྱོད་པ། །བསམ་དང་སྒོམ་པའི་དམ་ཆོས་རོ་མྱོང་ནས། །ཞེན་མེད་སྤྱོད་པའི་བརྡ་སྟོན་མ་ཡིན་ནམ། །དྭངས་པའི་མཁའ་དབྱིངས་ཉི་ཟླའི་འོད་སྣང་ཅན། །ལྷུན་གྲུབ་ཐིག་ལེའི་མཛེས་པ་སྟོང་ངོམ་པ། །འོག་མིན་སྣང་བའི་མཛེས་བཀྲགས་ཕྲོག་ནས་སླར། །བདག་སྐལ་ཟོངས་སུ་འདི་ན་བཀྲམ་པ་བཞིན། །མཐིང་ཞུན་རྒྱ་མཚོ་མཛེས་པ་ལ་འགོང་བ། །སྒྲིབ་བྲལ་ལྷ་ལམ་སྟོང་པའི་རང་མདངས་ཅན། །གདོད་མའི་གཞི་ཀློང་གཉུག་མ་བས་མཚོན་ཞེས། །གསང་ལམ་ངོ་སྤྲོད་གསང་དོནབདག་ལ་འདོམས། །ལྷུང་ལྷུང་འབབ་པ་ཕུ་ཆུ་སྙན་པའི་སྒྲ། །རྒྱུན་རིང་བརྩོན་པས་རྣམ་མཁྱེན་རྒྱ་མཚོ་རུ། །སྙོགས་པར་བགྱི་ཞེས་གདམས་ངག་འདི་འདོམས་ཏེ། །ཞི་བསིལ་བདུད་རྩིའི་དཔལ་ཡང་ལྷག་པར་སྦྱིན། །དཔག་བསམ་དཔལ་མོའི་དྲེགས་པ་གཞོམ་པ་ལ། །ཆས་པ་མིན་ནམ་འབྲས་ལྡན་རྩ་བའི་རོ། །དཀའ་ཐུབ་ཟས་འདིས་ངོམས་པར་གང་གྱུར་དེས། །དབང་པོའི་དཔལ་འབྱོར་ལན་སྟོང་ཟིལ་གྱིས་མནན། །བྱིང་བ་བསང་དང་འབྱམས་པའི་རྣམ་རྟོག་གཅོད། །བརྟུལ་ཞུགས་རོལ་པས་ཉམས་དབྱངས་ཟང་མ་ཡང་། །དབེན་པའི་གནས་སུ་གབ་སྐྱིལ་མི་དགོས་ཏེ། །བྱུང་རྒྱལ་ཉམས་ཀྱིས་སྒེགས་པས་དགྱེས་པར་འགྱུར། །ཟང་ཐལ་རིག་པའི་རོལ་རྩལ་སྦྱངས་པའི་ཡུལ། །འཁོར་འདས་སྤྱོད་པའི་བག་ཉལ་སློད་པ་ལ། །རང་ཉམས་བག་ཡངས་དགྱེས་པའི་རྩེད་འཇོ་སྟོང་། །འགོག་པ་མེད་པའི་ཡ་མཚན་རྣམ་པར་འབར། །སྣང་བའི་ཡུལ་དང་ཞེན་པའི་རྡོས་བཅས་ལུས། །སྒྱུ་མར་སྦྱོང་བའི་ཏིང་འཛིན་ལ་འཇུག་པའི། །སྒྱུ་མའི་རྣལ་འབྱོར་ཧཱུྃ་སྒྲའི་རྒྱང་གླུ་ཅན། །སྒྱུ་མའི་ཡུལ་ན་བག་ཡངས་ཁོ་ནར་སྤྱོད། །ཟངས་མ །།།་ཐལ་དུ་རིག་པའི་རྣམ་རོལ་བཞིན། །ཆོས་ཅན་སྣང་བ་དུམ་བུར་གཞིག་པའི་མཚོན། །དྲག་པོའི་ཧཱུྃ་སྒྲས་གནམ་ས་འགེངས་པ་ཡང་། །དབེན་པའི་གནས་སུ་དོགས་པ་མེད་པར་སྒྲོགས། །མིག་སྟོང་ལྡན་པའི་ལག་ཉལ་ལ་འགྲན་པའི། །རྡོ་རྗེའི་ལུས་མཆོག་རྡོ་རྗེར་བཞེངས་པ་ཡང་། །སྐུ་གསུམ་ཡེ་ཤེས་རང་ལ་མཚོན་བགྱིད་ཀྱིས། །སྣོད་མིན་སྣང་བའི་གོ་སྐབས་འདིར་ཡོད་མིན། །རྣལ་མའི་གཤིས་སུ་རྣལ་འབྱོར་མནལ་བའི་མལ། །དབེན་པའི་གནས་སུ་རིང་ནས་བཤམས་པ་བཞིན། །སྤོང་བའི་བསམ་གཏན་མགྲོན་དུ་པོས་ནས་སླང་། །ཡིད་ཀྱི་གྲོགས་སུ་བཀོལ་བ་མ་ཡིན་ནམ། །ཐོས་སྒྲོགས་ཞི་བའི་ཏིང་འཛིན་འགུགས་པའི་རྫས། །ཆོས་བདུན་མི་གཡོ་མཉམ་པའི་སྐྱིལ་ཀྲུང་དང་། །སེམས་དཔའི་གཟིགས་སྟངས་ཁྲོ་བོ་རོལ་པའི་སྟབས། །དགྱེས་པའི་གད་མོས་དབེན་པར་དགྱེས་རྣམས་དགྱེས། །གངས་རི་འཛིན་པ་གདོང་ལྔའི་དབང་པོ་བཞིན། །མི་ཞུམ་མི་སྐྲག་འཁོར་འདས་ཟིལ་གནོན་པར། །ཆོས་ཀྱི་དབྱིངས་ལ་བལྟ་བ་མི་གཡེལ་བ། །དབེན་པའི་གནས་སུ་མི་ཡི་སེང་གེ་ཡིན། །རྣམ་རྟོག་རི་དྭགས་ཟོས་པའི་ང་རོ་ཡིས། །ཐེག་དམན་ཝ་སྐྱེས་གླད་པ་འགེམ་སྤྱོད་པ། །མངོན་སུམ་གཡུ་རལ་རྒྱས་པའི་ཆེ་རྟགས་ཅན། །རྣམ་གཡེང་གྲོང་དུ་འབྱམས་པ་ཇི་ལྟར་འོས། །དབྱིངས་སྣང་ཡེ་ཤེས་རྩལ་ལ་རོལ་པའི་ཉམས། །ལྷུན་གྲུབ་སྣང་བས་དྲེགས་པའི་ཤ་ཚུགས་ཅན། །གཟུང་འཛིན་ཡན་ལག་བསྐུམ་པའི་གཉིས་འཐུང་དབང་། །དབེན་པའི་གནས་སུ་ཡང་དག་རྟོགས་པས་དགྱེས། །ཤེས་རབ་རིག་པ་རང་བྱུང་སྒྲོན་མའི་གདངས། །རང་སྣང་ལོངས་སྤྱོད་རྫོགས་པའི་འཇའ་རིས་ལ། །རྒྱང་ཞག་ཟུར་གྱིས་རོལ་པའི་གཟིགས་སྟངས་ཅན། །རྣམ་རྟོག་སྤྲོས་པས་དབེན་པའི་གནས་དེར་དགྱེས། །བདེ་དྲོད་ཡེ་ཤེས་འབར་བའི་ལུས་དབེན་དང་། །བརྗོད་བྲལ་ངག་དབེན་རྫོགས་པའི་དྲང་སྲོང་དབང་། །སྒྲོན་དྲུག་སེམས་ཀྱི་དབེན་པ་ལ་དགྱེས་པའི། །སྣང་བཞིའི་རྩེད་འཇོ་འདི་རོལ་མ་ཡིན་ནམ། །མ་དག་བག་ཆགས་ཐུར་མ་སེལ་བའི་གནད། །ཟིམ་བུར་ཐུགས་རྗེའི་གཟིགས་པ་ལྷུར་ལེན་པའི། །མངོན་ཤེས་སྤྲུལ་སྐུའི་སྤྱན་གྱིས་གཟིགས་པ་ཅན། །དབེན་པའི་གནས་སུ་ལྷ་ཡི་དྲང་སྲོང་བཞིན། །ཐུབ་པ་མཆོག་དང་ཐུབ་པའི་སྲས་རྣམས་དང་། །གྲུབ་པ་རྣམས་ཀྱིས་ལེགས་པར་བསྟེན་གྱུར་པ། །དབེན་པ་ཡིད་འོང་ལྷ་ཡི་དགའ་ཚལ་ལས། །ལྷ་ཡི་གནས་འདིར་སུ་ཞིག་སྤྲོ་མི་འགྱུར། །གནས་འདིར་གནས་ན་སྲེད་པས་ཡིད་འབྱུང་ཞིང་། །འཁོར་བར་མི་སྐྱོ་ཞི་བའི་བསམ་གཏན་ཅན། །སྨོན་པའི་སྟོབས་ཀྱི་དོན་གཉིས་ཟུང་དུ་འཇུག །འཁོར་བ་དོང་སྤྲུག་སེམས་ཀྱིས་འགྲོ་དོན་ནི། །རྣམ་ཐར་དབྱིངས་སུ་སྤྲོས་པ་ཞི་བའི་བློ། །ཡེ་ཤེས་ངང་ལ་རང་སྣང་སྲིད་པའི་མཚང་། །རང་སར་ཞིག་ཚེ་འཁོར་བ་སྟོངས་ཞེས་གྲགས། །ཟང་ཐལ་རིག་པ་བློ་ཡིས་མི་ཐུག་པ། །ཆོས་སྐུའི་གཤིས་འདི་ཡེ་ནས་གནས་པ་སྟེ། །མ་བཅོས་མ་བསྒྱུར་རང་གི་ངང་བཞག་ན། །གདོད་མའི་གཞི་ཀློང་རང་བཞིན་གསལ་བ་ཡིན། །རྒྱ་ཡན་བར་མེད་རྡོ་རྗེ་སྙིང་པོའི་ཀློང་། །མཉམ་པའི་དབྱིངས་སུ་ལྟ་སྒོམ་སྤྱོད་པ་མེད། །ས་ལམ་རྩོལ་སྒྲུབ་བྱིས་པའི་རྩེད་མོར་ཟད། །རང་བཞག་རིག་པ་རྡོ་རྗེ་སེམས་དཔའ་ལ། །རང་བཟོས་བཅོས་ན་འཁྲུལ་པའི་ལམ་དུ་ལྷུང་། །རིག་པའི་ཡེ་ཤེས་སྤྲོས་པ་དབེན་པ་ནི། །དབེན་པ་ཀུན་གྱི་སྙིང་པོ་མཆོག་ལགས་ཏེ། །དབེན་པ་འདིར་དགྱེས་བསྐལ་བ་བཟང་པོ་ནི། །གྲོང་ན་གནས་ཀྱང་ཤིན་ཏུ་དབེན་པར་སྤྱོད། །བློ་གཏད་སྙིམས་བྱེད་གདོན་གྱིས་བཅིང་བ་ན། །མ་འཁྲུལ་སེམས་ཉིད་འཁྲུལ་པའི་གཡང་ལ་སྐྱུར། །གཏད་མེད་ངང་དུ་འཛིན་མེད་གནས་པ་ན། །ཆོས་སྐུའི་ཀློང་དུ་འཁོར་འདས་རང་སར་གྲོལ། །སྣ་ཚོགས་ཐབས་ཀྱིས་བསྒྲུབ་པའི་བསམ་གཏན་ནི། །འདུས་བྱས་ཉིད་ཕྱིར་རྐྱེན་གྱིས་ངེས་པར་བསླུ། །རྩོལ་མེད་རང་བཞག་ཆོས་སྐུའི་དགོངས་པ་ནི། །འདུས་མ་བྱས་ཀློང་རྐྱེན་ངན་གྲོགས་སུ་འཆར། །འདིའོ་སྙམ་པའི་ཆེད་འཛིན་འཆིང་བའི་སྒྲོག །ཡིན་ནོ་སྙམ་པའི་ངེས་ཤེས་འཁྲུལ་པའི་རྒྱུ། །བསྒྲུབས་སོ་སྙམ་པའི་བྱ་རྩོལ་བྱིས་པའི་བློ། །ཐམས་ཅད་ཆམ་གྱིས་བསྐྱུར་ན་ཆོས་ཉིད་ཡིན། །སྟོང་དང་མི་སྟོང་ལས་འདས་སྟོང་ཆེན་ཏེ། །མཐོང་དང་མི་མཐོང་མ་ཡིན་ལྟ་བའི་གནད། །སྒོམ་དང་མི་སྒོམ་འཆིང་བྱེད་ཆད་པ་ན། །ཇི་ལྟར་སྤྱོད་ཀྱང་སྒྱུ་མའི་རོལ་པ་ཙམ། །རིམ་དང་རིམ་མིན་ཐེག་པའི་རྣམ་གྲངས་དང་། །བདེན་དང་མི་བདེན་གྲུབ་མཐའི་ཞེ་འདོད་ཀུན། །དྲི་ཟའི་གྲོང་ཁྱེར་བཟང་ངན་རྩོད་པ་འདྲ། །གཏད་མེད་རྟོགས་ན་སྤྲུལ་མདུད་བཞིན་དུ་འཇིག །ཟང་ཐལ་རིག་པ་བར་མེད་མཉམ་པའི་ཀློང་། །རིག་རྩལ་རྟོག་པ་ཆུ་རླབས་བཞིན་གཡོ་ཡང་། །འཛིན་པའི་སྲོག་བྲལ་ཤི་བའི་སྤྲུལ་བཞིན་དུ། །རྣལ་འབྱོར་ལྡན་པས་འདོད་དགུར་སྤྱོད་པར་འགྱུར། །ཆོས་ཉིད་གཞི་བཞག་རིག་པ་རང་མལ་ལ། །སྒོམ་པའི་མན་ངག་རྒྱ་མཚོ་ཅོག་བཞག་ཡོད། །རིག་རྩལ་གཞི་བཞེངས་ཆོས་ཉིད་རོལ་པ་ལ། །སྤྱོད་པའི་མན་ངག་སྣང་བ་དབང་བསྒྱུར་ཡོད། །ཆགས་སྡང་རྟོག་པའི་བྲག་གཡང་མཐོན་པོ་དང་། །རྣམ་རྟོག་འཁྲུལ་པའི་ནགས་ཚལ་གཟིང་བ་འདི། །རང་གྲོལ་སྤྱོད་པའི་མཁའ་ལྡིང་རྒྱལ་པོ་དང་། །རིག་སྟོང་རི་དྭགས་རྩེད་འཇོར་རོལ་པའི་གནས། །འདི་ཡིན་སྙམ་པའི་ངེས་ཤེས་མ་ཟད་ན། །ཇི་ལྟར་བསྒོམས་ཀྱང་འཁྲུལ་པའི་ལམ་ཡིན་ཏེ། །ཐམས་ཅད་མཐོང་ནས་བློ་གཏད་སྟོར་བ་ན། །བགྲོད་པའི་ས་ལམ་ད་གདོད་ཇི་ལྟར་རྙེད། །ཇི་ལྟར་བྱས་ཀྱང་དེ་ལྟར་གྲོལ་བའི་ལམ། །གང་ལྟར་བསྒོམས་ཀྱང་གཉུག་མ་ཆོས་སྐུའི་ཀློང་། །བྱིས་པའི་རྩེད་མོ་བཟང་ངན་མདོ་དོན་གཅིག །ཆེད་འཛིན་མེད་ན་བློ་བདེ་རྒྱུན་མི་ཆད། །འདུས་བྱས་ཆོས་ཀུན་སྐད་ཅིག་སྐད་ཅིག་སྟེ། །སྐད་ཅིག་སྣང་བས་སེམས་ལ་ཕན་གནོད་ཅི། །ལེགས་ཉེས་ཆུ་རིས་ཆུ་ལ་ཐོབ་ཤོར་མེད། །ཞེ་འདོད་མེད་ན་ཆོས་བརྒྱད་ངང་གིས་འཇིག །རང་གི་ངང་འདི་ཡིན་གྱིས་ཅི་ཞིག་ཚོལ། །རང་བཞག་ཆོས་སྐུ་ཡིན་གྱིས་གང་ཞིག་སྒྲུབས། །རྩོལ་སྒྲུབ་འཆིང་བ་ཡིན་པར་སུས་ཤེས་པ། །སྣ་ཚོགས་གྲུབ་མཐའི་སྒྲོག་ལས་གྲོལ་བར་འགྱུར། །ཕྱར་མེད་ཆོས་སྐུའི་ངང་དུ་གནས་ནས་སླར། །སྲིད་པའི་རྡུལ་དྲན་བགྲང་དུ་མི་ཁོམ་གྱིས། །རང་བཞག་ཡངས་པ་ཆེན་པོའི་བདེ་ཀློང་འདིར། །ཞེ་འདོད་གྲུབ་མཐའི་བཤད་ཡམ་སྤངས་ན་ལེགས། །འགའ་ཞིག་བསྟན་བཅོས་བརྩོམ་ཞིང་འགའ་ཞིག་འཆད། །ལ་ལ་རྩོད་པའི་འཁོར་ལོས་གཡེངས་གྱུར་མོད། །བརྟགས་ན་ཐམས་ཅད་བདེན་ཏེ་ཐམས་ཅད་རྫུན། །བདེན་རྫུན་གནས་སྐབས་སྣང་བས་ཅི་ཞིག་བྱ། །རང་འདོད་གྲུབ་མཐའ་བསྒྲུབས་ཀྱང་འགྲུབ་དུས་མེད། །ཐམས་ཅད་བདེན་གྱིས་དགག་སྒྲུབ་དགོས་པ་མེད། །གཞན་གཞུང་བརྒལ་བརྟགས་སྨིག་རྒྱུའི་ཆུ་དང་འདྲ། །གནོད་མེད་ཆུ་ལ་རགས་གྱིས་ཅི་བྱར་ཡོད་ཡོད། །སྣང་བའི་རང་བཞིན་བདེན་ནམ་རྫུན་ཀྱང་རུང་། །སེམས་ཀྱི་རང་བཞིན་ཡོད་དམ་མེད་ཀྱང་རུང་། །འཁྲུལ་པའི་རང་བཞིན་སྟོང་རུང་མི་སྟོང་རུང་། །འདི་རང་ལགས་ཀྱི་དཔྱད་དུ་ཅི་ཞིག་ཡོད། །རྟོག་དཔྱོད་ཁོ་ནས་སྔར་ཡང་འཁྲུལ་ལགས་ན། །ད་དུང་དཔྱད་ན་སླར་ཡང་འཁྲུལ་འགྱུར་གྱིས། །རྟོག་མེད་ངང་དུ་འཛིན་མེད་ཉལ་བ་ན། །ལྷུན་གྲུབ་གཞི་ལ་གཡོ་བ་ཡེ་ནས་མེད། །འཕགས་དང་སོ་སྐྱེས་སྔ་མ་བརྒྱ་དག་གིས། །རང་གི་གྲུབ་མཐའ་རྣམ་པར་བཞག་གྱུར་ཀྱང་། །བྱིས་པའི་བློ་ལ་འགལ་འདུ་ཁོ་ནར་སྣང་། །དུ་དུང་བཞག་ཀྱང་དེ་འདྲ་ཁོ་ནར་ཟད། །གང་ལྟར་བྱས་ཀྱང་འགལ་འདུ་སྤང་བའི་བཤེས། །ཇི་ལྟར་སྨྲ་ཡང་གནས་སྐབས་བདེན་ཤེས་ན། །མཐར་ཐུག་དོན་ལ་ཡིན་དང་མིན་པ་མེད། །རང་འདོད་སྤང་ནས་རང་བཞག་སོས་རེ་དལ། །འཁོར་བའི་བྱ་བྱེད་འཁྲུལ་པ་སྤངས་པ་ན། །མྱ་ངན་འདས་པ་ད་གདོད་སྒྲུབ་ཏུ་ཅི། །ཡེ་སངས་རྒྱས་པའི་རང་བཞིན་དེ་ཤེས་ན། །ཡང་སངས་རྒྱས་པའི་ཞེ་འདོད་ཇི་ལྟར་སྐྱེ། །ལམ་དང་འབྲས་བུ་ལྟ་དང་སྤྱོད་པ་དང་། །ཆོས་དང་ཆོས་མིན་ཐམས་ཅད་གཞི་མཉམ་སྟེ། །སྤང་བླང་རྩོལ་མེད་རྟོག་བྲལ་དགོངས་པའི་ཀློང་། །བྱ་རྩོལ་འཛིན་ཞེན་རང་སར་དག་པ་དགོས། །ད་ནི་མི་སྨྲ་གཏམ་ལ་བདེན་རྫུན་མེད། །ད་ནི་མི་དཔྱོད་ཆོས་ལ་ཡིན་མིན་མེད། །ཐམས་ཅད་རོ་མཉམ་བདེན་ནམ་མི་བདེན་རུང་། །གང་བྱུང་བྱུང་དུ་བྱུང་རྒྱལ་སྨྲས་པར་ཟད། །བརྟགས་ཤིང་བརྟགས་ཤིང་ཐམས་ཅད་རྫུན་པ་སྟེ། །བསྒྲུབས་ཤིང་བསྒྲུབས་ཤིང་ཆོས་ལ་གཏད་སོ་མེད། །ཅི་ཙམ་སྨྲས་ཀྱང་བརྗོད་པ་མི་ཟད་དེ། །བརྗོད་མེད་རྟོགས་ན་བརྗོད་པ་ཀུན་གྱི་རྒྱུ། །རང་བཞིན་དེ་ཤེས་ཁོ་བོ་མ་ལགས་ཏེ། །ཀུན་མཁྱེན་སྟེ། །ཐམས་ཅད་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །བདག་ཀྱང་སྐྱེ་དང་སྐྱེ་བར་དད་པའི་ནོར། །མི་འབྲལ་ཡིད་ཆེས་གཅིག་གིས་འཁོར་ཡུག་ནས། །ཟུམ་པའི་ཐལ་མོ་སྦྱོར་བའི་སྐལ་བཟང་གིས། །རྗེ་བཙུན་བླ་མའི་ཞབས་རྡུལ་རེག་གྱུར་ཅིག །དགེའོ།། །།
རྫོགས་ཆེན་ཤྲྰི་སེང་ནྰ་ལེནྡྲ་མཐོ་རིམ་ནང་བསྟན་སློབ་གླིང་གི་མཁན་རབས་ལྔ་པ། དཔལ་སྤྲུལ་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོ་ནི། དེ་ཡང་འཕགས་མཆོག་མིག་མི་འཛུམ་པ་མངོན་སུམ་དགེ་བའི་བཤེས་ཀྱི་རོལ་གར་དུ་བྱོན་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་འདི་ནི། ཇི་སྐདདུ། མཁྱེན་བརྩེ་ཧེ་རུ་ཀའི་ཞལ་ནས། ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤྭ་བ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང༌་། གྲུབ་ཆེན་ཤྭ་བ་རི། གངས་ཅན་བོད་ཡུལ་དུ་ཨ་རོ་ཡེ་ཤེས་འབྱུང་གནས་ལ་སོགས་པའི་འཁྲུངས་རབས་ཀྱི་ཕྲེང་བ་དུ་མ་ཞིག་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་འགྲོ་འདུལ་འཕགས་པ་སེམས་ཉིད་ངལ་གསོའི་ཆོས་སྐོར་ན་གསལ་བ་དང་༌། གཞན་ཡང་ཚད་མའི་སྐྱེས་ཆེན་དུ་མའི་རྡོ་རྗེའི་གསུང་ལས། རིག་འཛིན་འཇིགས་མེད་གླིང་པའི་སྐུ་ཡི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གསུང་གི་སྤྲུལ་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཐུགས་ཀྱི་སྤྲུལ་བ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། ཡོན་ཏན་གྱི་སྤྲུལ་པ་མི་འགྱུར་ནམ་མཁའི་རྡོ་རྗེ། ཕྲིན་ལས་ཀྱི་སྤྲུལ་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་བཅས་བྱོན་པ་ལས་རྗེ་འདི་གསུང་གི་རྣམ་སྤྲུལ་དུ་བསྔགས་པ་དང༌་། རྗེ་དབོན་བསྟན་འཛིན་ནོར་བུས་པད་དཀར་ནང་བཞུགས་སྐབས་རྗེ་ཉིད་ལ་དྲི་བ་ཞུས་ཚེ། ཁོང་རིག་འཛིན་འཇིགས་མེད་གླིང་པ་ཡིན་པའི་མངོན་རྟགས་གསལ་ལོ་ཞེས་ཞལ་གྱིས་བཞེས་པ་སོགས་གཅིག་དང་དུ་མའི་རོལ་གར་བསམ་གྱིས་ཁྱབ་པའི་སྒྱུ་འཕྲུལ་རོལ་གར་ཚད་མེད་པ་སྣང་བ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལ། རེ་ཞིག་མཐུན་སྣང་ཐུན་མོང་པའི་སྣང་ངོ་ལྟར་ན་བྱང་རྒྱུད་རྫ་ཆུའི་སྟོད་ཕྱོགས་ཀྱི་བླ་མ་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྐུ་ཕྲེང་གསུམ་པ་སྟེ། བཤེས་གཉེན་དེ་ནི་འཕགས་པ་འཇམ་དཔལ་དབྱངས་ཐུགས་དམ་གྱི་ལྷར་མཛད་ཅིང་མཚན་བརྗོད་འབུམ་ཕྲག་ལྷག་ཞལ་འདོན་གནང་བ། ཡུལ་ཁམས་ཀུན་དགེ་བའི་ལས་ལ་བསྐུལ་ཏེ་དཀར་པོར་བསྒྱུར་པ་དང༌། ཁྱད་པར་དུ་རྨོག་གྲུབ་ཐོབ་ནམ་མཁའ་ཆོས་དབང་རྫ་སྟོད་མ་མོའི་ཐང་དུ་ཕེབས་སྐབས་ས་ཕྱོགས་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཞིག་བྱོན་ནས་ཡི་གེ་དྲུག་མའི་རྡོ་འབུམ་ངོ་མཚར་ཅན་བཞེངས་པར་འགྱུར་ཞེས་ལུང་བསྟན་པ་ལྟར། དཔལ་དགེའི་རྡོ་རིང་མར་གྲགས་པའི་རྟེན་བཞེངས་ཆེན་པོ་མཛད་དེ་མཐོང་ཐོས་དྲན་རེག་གི་འགྲོ་བ་དཔག་ཏུ་མེད་པ་ཐར་དང་རྣམ་མཁྱེན་གྱི་ས་ལ་འགོད་པར་མཛད་པ་པོ་དེ་ཉིད་སྐུ་རབས་དང་པོ་དང་༌། དེའི་ཡང་སྲིད་རྒྱ་སྡེའི་ནང་ར་ལོ་ཚང་ལ་འཁྲུངས་པ་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས་ངོས་འཛིན་མཛད་དེ་གོང་མའི་གདན་ཁྲིར་བཀོད། དམ་པ་དེས་ཁྲོམ་བཟའ་གོང་མའི་ནང་ཁྲོམ་དབང་ཞིག་གནང་སྐབས་བུ་མོ་ཆུང་ཆུང་ཞིག་གི་པང་དུ་དབུ་ཞྭ་ལྷུང་བས་སྐྱེ་བ་ཕྱི་མར་ང་འདིའི་བུར་སྐྱེ་ཞེས་གསུངས་པ་དང་༌། ཡང་དགུང་ལོ་ཉེར་ལྔའི་སྐབས་ལྷ་ལྡན་དུ་ཕེབས་ལམ་ནས་རྒྱལ་ཐོག་ཚང་སར་ཕེབས་སྐབས་མཆོད་ཆ་ཞིག་ལུས་པ་ཡར་ཕུལ་ཚེ། ད་སྐབས་ང་ལ་མི་དགོས་ཞེས་གསུངས་ནས་མ་བཞེས། དེ་ཉིད་དབུས་ཕྱོགས་སེ་ལེ་རྒོད་ཚང་གི་ཉེ་འདབས་སུ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་གཤེགས་སོ།།དེ་ནས་སྐུ་རབས་གསུམ་པ་ཆོས་རྗེ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ནི། རྫབཤད་ཀླུང་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ་ལྷ་གཉན་ཆེན་པོ་རྡོ་རྗེ་འཕན་ཕྱུག་རྩལ་གྱིས་བསྲུང་བའི་ཡུལ་གྲུ། བྱང་ཐང་མེ་ཏོག་གི་དོ་ར་ཉམས་དགའ་བ་དཀར་ཆུང་ཀོ་མོ་འོར་ལུ་ཞེས་གྲགས་པའི་ནོར་འཛིན་གྱི་ཐིག་ལེར། སྤྱི་ལོ་༡༨༠༨པ་སྟེ་རབ་བྱུང་བཅུ་བཞི་པ་གསར་ཚེས་ཀྱི་རབ་ཡིད་རྣམ་བྱུང་ཞེས་པ་ས་ཕོ་འབྲུག་གི་ལོར། བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་སྨུག་པོའི་རིགས་ཀྱི་བྱེ་བྲག་དགེ་རྩེའི་རྒྱལ་ཐོག་ལྷ་དབང་ཟེར་བ་བསྐྱེད་ཡབ་དང་༌། ཡུམ་ཁྲོམ་བཟའ་རྗེས་དངོས་བུ་མོ་སྒྲོལ་མ་ཟེར་བའི་སྲས་སུ་མཚན་དཔེའི་མེ་ཏོག་གསར་དུ་བཞད། ཐོག་མར་སྐུ་འཁྲུངས་པའི་ཚེ་འཇའ་འོད་དཀར་པོ་ཞིག་གིས་ཁྱིམ་ཡོངས་སུ་ཁྱབ་པ་དང༌། དེ་ནུབ་ཞལ་ནས་ཨ་དང་ཨོ་ཆ་མ་ཆོད་པ་འགའ་དང་༌། ཨོཾ་ངོ་མ་ཡང་འགའ་རེ་གསུངས་ཤིང་ཕྱི་ནུབ་ནས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་གསལ་བར་གསུངས་པ་དང༌། ཕྱག་སྐེ་ལ་མ་ཎི་འབྲུ་དྲུག་གསལ་བར་དོད་པ། ལྗགས་ལ་དྷཱིཿཡིག་དམར་པོ་རང་བྱུང་དུ་ཡོད་པ་ཕྱིས་སུའང་མཇལ་དུ་ཡོད་པ་སོགས་ངོ་མཚར་བའི་རྟགས་སྣང་མཐའ་ཡས་ཀྱང་བསྐྱེད་ཡུམ་གྱིས་མ་ཁ་མཁས་མའི་བུ་སྤྲུལ་སྐུ་ཞེས་པའི་དཔེ་ལྟར་འགྱུར་དུ་དོགས་ནས་སུ་ལའང་མ་སྨྲས་པར་གྲགས། རྗེའི་ཞལ་ནས། ང་རང་གི་ཨ་མ་དེ་ནི་ཆོས་ལ་དཀར་བ་དང་༌། ངང་རྒྱུད་བཟང་ཞིང་ཁོག་ཡངས་ལ་ཚིག་བཙུན་པ།ང་དང་པོ་ཆོས་ལམ་ལ་ཞུགས་པ། བར་དུ་བླ་ཆེན་དང་དཀོར་ལ་མི་འབགས་པ། ཐ་མ་འགྲོ་དོན་ལ་བར་ཆད་མི་བྱེད་པ་སོགས་དྲིན་ཆེན་མ་ཞིག་ཡིན་གསུངས། སྐུ་ཆུང་ངུ་ནས་སྐྱེ་མཆེད་དྭངས་ཤིང་། སྨྲ་བརྗོད་བདེ་བ། རིག་པ་གསལ་པ། སྙིང་རྗེ་ཆེ་བ། སྤོབས་པའི་གཟེངས་མཐོ་བ་སོགས་ཡོན་ཏན་གྱི་འབྱོར་བ་ཚད་མེད་པས་ཕྱུག་པ་ཞིག་བྱུང༌། ཅུང་ཟད་ནར་སོན་པའི་ཚེ་རྡོ་བླ་མཁས་གྲུབ་ཆེན་པོ་འཇིགས་མེད་སྐལ་བཟང་གིས་དཔལ་དགེའི་ཡང་སྲིད་དུ་ངོས་བཟུང་ཞིང་༌། གྲུབ་དབང་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་དེ་ཚུལ་ཞུས་པས། ཁོང་གི་ཞལ་ནས་ཀྱང༌། དེ་ཁྱེད་ཀྱིས་ངོས་འཛིན་བྱས་པ་ལྟར་ཡིན་ངེས། ངས་ཀྱང་ཀློང་ཆེན་སྙིང་ཐིག་གི་བསྟན་པ་ཡོངས་རྫོགས་དགོངས་གཏད་སྨོན་ལམ་དང་བཅས་དེ་ལ་གཏད་ཅིང༌། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོར་མཚན་གསོལ་བ་ཡིན་ཞེས་ཕྱི་མཐའ་གཟིགས་པའི་ལུང་བསྟན་བསྩལ། དེ་ནས་དཔལ་དགེའི་དབོན་པོ་དཀོན་མཆོག་གིས་བླ་བྲང་དུ་སྤྱན་དྲངས་ཏེ་གོང་མའི་གདན་ཁྲིར་མངའ་གསོལ། སྐྱེས་ཐོབ་ཀྱི་མཁྱེན་རབ་ཕུལ་དུ་བྱུང་བ་དང་༌། ལྷག་པའི་ལྷས་བྱིན་རླབས་རྗེས་བཟུང་གི་མཐུས་ཡོངས་འཛིན་བཤེས་གཉེན་དག་ལས་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ་པ་རྣམས་ཚེགས་ཆུང་ངུས་མཁྱེན་ཞིང༌། ཁྱད་པར་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་འཇིགས་མེད་རྒྱལ་བའི་མྱུ་གུ་ལས་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་བཀའ་ཕལ་མོ་ཆེ་དང་༌། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཟབ་ཁྲིད་ཁོ་ན་ཚར་ཉི་ཤུ་རྩ་ལྔ་གསན་བཞེས་མཛད་ཅིང་ཁྲིད་སྦྱང་ཡང་དེ་སྙེད་གྲུབ་པར་མཛད། གཞན་ཡང་རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་འོད་གསལ་སྙིང་པོའི་ཆོས་སྐོར་རྣམས་གདམས་པའི་གཏད་རྒྱ་དང་བཅས་ལྷག་མེད་བུམ་པ་གང་བྱོས་སུ་རྫོགས་པར་གནང་ནས་དོན་བརྒྱུད་འཛིན་པའི་རྒྱལ་ཚབ་ཏུ་དབང་བསྐུར། དམ་པ་དེ་ཉིད་ཀྱི་ཞལ་ནས་ཀྱང་༌། ཁོ་བོ་རྫ་ཆུ་ཁར་སྡོད་པ་དཔལ་དགེ་སྤྲུལ་སྐུ་གཅིག་པོ་འདིའི་དོན་ཡིན་ཞེས་སློབ་རྒན་སངས་རྒྱས་དཔལ་བཟང་ལ་གསུངས། གཞན་ཡང༌། རྗེ་བླ་མ་འཇིགས་མེད་ངོ་མཚར་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇིགས་མེད་སྐལ་བཟང་སོགས་ལས་ངལ་གསོ་སྐོར་གསུམ་དང་༌། སྤྱོད་འཇུགརྩ་རྒྱུད་གསང་བ་སྙིང་པོ། རིག་གནས་སྐོར་འགའ་ཞིག་དང་༌། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་ལས་བཀའ་འགྱུར་གྱི་ལུང་དང་སྒྲ་རིག་གསན། དེ་ལྟར་གང་གསན་ཐམས་ཅད་ལན་རེ་ཙམ་གྱིས་ཐུགས་སུ་ཆུད་པའི་མཁྱེན་རབ་ཀྱི་རྩལ་འབར་ཞིང་༌། གཙོ་བོ་བཀའ་བསྟན་འགྱུར་རོ་ཅོག་དང་ཀུན་མཁྱེན་ཡབ་སྲས། རྗེ་ཙོང་ཁ་པ་ས་པཎ་སོགས་རིས་མེད་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་ལ་དཔེ་གཟིགས་རྟག་འགྲུས་སུ་མཛད་པས་ཉིན་རེ་བཞིན་མཁྱེན་རྟོགས་ཟླ་བ་ཡར་ངོ་ལྟར་གོང་འཕེལ་དུ་གྱུར། ཐ་ན་འཇིག་རྟེན་གྱི་ཕོ་སྒོའང་འགྲན་ཟླ་མེད་པ་ཞིག་སྟེ། སྐུ་ན་ཤིན་ཏུ་ཆུང་བའི་དུས་ཤིག་དཔལ་དགེ་དབོན་པོར་བཙན་པོས་གཉའ་གནོན་ལྟ་བུའི་ཁ་མཆུ་ཞིག་ཕོག་པས་སྡེ་དགེའི་སྐུ་ཚབ་རྩར་གཏུག་གཤེར་བྱེད་སྐབས། བྱང་སྡེ་རྫ་ཆུ་ཁ་ན་ཕོ་རྒོད་ཡ་མེད་དུ་གྲགས་པའི་འབུམ་ཤུལ་མཐུ་སྟོབས་མགོན་པོ་བྱ་བ་དེ་ལན་གཅིག་མིན་པར་ཤགས་ཀྱིས་ཕམ་པར་བྱས་ནས་རྒྱལ་ཁ་བླངས་པས། དཔལ་དགེ་དབོན་པོ་མགུ་སྟེ་སྤྲུལ་སྐུ་ཡིན་རུང་མིན་རུང་ངོ་མ་ལོ་སྤྱད་ཅིག་རེད་ཅེས་སྨྲས། མདོ་མཁྱེན་བརྩེ་འཇིགས་མེད་ཡེ་ཤེས་རྡོ་རྗེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་ཕེབས་སྐབས། རྗེ་འདིའི་ཉེ་སྐོར་དུ་བྱོན་ནས་དཔལ་དགེ་ཞེས་བོས་ཏེ། ཁྱེད་དཔའ་སྙིང་ཅི་འདྲ།བཟང་ན་འདིར་ཤོག་གསུངས་པར། སྐུ་རྩར་ཕྱིན་པ་དང་སྐྲ་ནས་བཟུང་སྟེ་ས་ལ་བརྡབས་ཤིང་དྲུད་དེ་བྱོན་པས་མཚམས་ཤིག་ན་ཆང་གི་དྲི་མ་ཞིག་ཆིལ་གྱིས་བྱུང༌། དཔལ་སྤྲུལ་རིན་པོ་ཆེའི་ཐུགས་དགོངས་ལ་ཁོང་གིས་ཆང་གསོལ་ཡོད་པ་འདྲ་གྲུབ་ཐོབ་ཆེན་པོ་འདི་འདྲ་ཡིན་ཡང་ཆང་བཟིའི་འཆོལ་སྤྱོད་མཛད་ན། བཅོམ་ལྡན་འདས་ཀྱིས་ཆང་གི་ཉེས་དམིགས་མང་པོ་བཀའ་སྩལ་པ་ཐོག་ཏུ་བབ་སྙམ་པའི་ཚེ་ཕྱག་གིས་བཏང་སྟེ་ཁྱོད་རྟོག་གེ་བྱ་བ་འདི་འདྲའི་རྣམ་རྟོག་ངན་པ་འཆར་བ་ཕའུ། ཁྱོད་ཁྱི་རྒན་རེད་ཅེས་གདོང་ལ་ཞལ་མཆིལ་བཏབ། མཛུ་གུ་ཆུང་བསྟན་ནས་ཕེབས། དེ་འཕྲལ་ག་རེ་ང་རེ་འཁྲུལ། དེ་ངོ་སྤྲོད་ཅིག་ཡིན་པར་འདུག་སྙམ་ནས་ལུས་གནད་བཅོས་ཏེ་བཞུགས་པས་ཟང་ཐལ་གྱི་རིག་པ་ནམ་མཁའ་གཡའ་ཐག་ཆད་པ་ལྟ་བུ་ཞིག་མངོན་དུ་གྱུར་ཏེ། སྔོན་འཇིགས་མེད་རྒྱལ་བའི་མྱུ་གུས་རིག་ངོ་སྤྲད་པ་དེ་ནམ་ལངས་པའི་སྟེང་དུ་ཉི་མ་ཤར་བ་བཞིན་སོང་ཞེས་དང་༌། ཕྱིས་སུ་ཡང་ཁྱི་རྒན་ཟེར་བ་འདི་སྐུ་ཞབས་མཁྱེན་བརྩེས་ང་ལ་གསང་མིང་བཏགས་པ་ཡིན་ཞེས་ཞལ་རྩེད་གནང་༌། སྦས་པའི་རྣལ་འབྱོར་ཆེན་པོ་བསོད་ནམས་དཔལ་དགེ་དང་ལྷན་ཅིག་ཀློང་སྙིང་རྩ་རླུང་གི་ཁྲིད་སྦྱང་ཤིན་ཏུ་རྒྱུན་རིང་བསྐྱངས། དཔལ་དགེ་དབོན་པོ་འདས་ནས་གཤེགས་རྗེས་ཀྱི་བྱ་བ་རྣམས་བཤད་སྒྲུབ་བསྟན་པའི་སྲོག་འཛིན་རྫོགས་འཕྲལ་བླ་བྲང་བསྡུས་ནས་ཀུན་སྤང་བྱ་བཏང་གི་རྣལ་འབྱོར་པ་མཛད་དེ་མདོ་ཁམས་རྫོགས་ཆེན་དུ་ཕེབས། མཁན་ཆེན་ཤེས་རབ་བཟང་པོའམ་སེང་ཕྲུག་པདྨ་བཀྲ་ཤིས་ལས་རབ་ཏུ་བྱུང་བས་འཇིགས་མེད་དགེ་བའི་འབྱུང་གནས་ཞེས་མཚན་གསོལ་བ་དང་༌། དམ་པ་འདི་ལས་བཀའ་མའི་དབང་ལུང་ཡོངས་རྫོགས་གསན་པས་མཁན་པོ་བདེ་གཤེགས་ཚང་ཞེས་གསུངས་ཏེ་ཐུགས་རྩིས་ཆེན་པོ་མཛད། གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེ་དང་༌། རྒྱལ་སྲས་གཞན་ཕན་མཐའ་ཡས་ཡབ་སྲས་ལས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་དུ་མ་དང༌། རྫོགས་ཆེན་སྙིང་ཐིག་གོང་འོག་གི་གདམས་ཁྲིད་ཡང་དུ་གསན་ནས་རྟོགས་པའི་བོགས་འབྱིན་མཛད། རུ་དམ་གཤིན་རྗེ་སྒྲུབ་ཕུག་དང་༌། ཚེ་རིང་ཕུགཤྲཱི་སེང་རི་ངོགས་ཀྱི་དཔལ་སྤྲུལ་ཕུག་པ་སོགས་སུ་ལོ་ངོ་བཅུ་ཕྲག་ལྷག་ཏུ་བཞུགས་ནས་བྱང་ཆུབ་ཀྱི་སེམས་གཉིས་དང་༌། རང་བཞིན་རྫོགས་པ་ཆེན་པོ་ལ་ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་གཞོལ་བས་གནས་ལུགས་ཀྱི་རྟོགས་པ་ནམ་མཁའ་དང་མཉམ་པ་བརྙེས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་ཞལ་ལུང་དང༌། ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་སོགས་ལེགས་བཤད་ཀྱི་རྩོམ་པའང་མང་དུ་མཛད། དགུང་ལོ་སུམ་ཅུའི་སྐོར་ཨ་མདོ་བ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་སྙན་པ་གསན་པས་ཅིས་ཀྱང་མཇལ་བར་བྱེད་དགོས་དགོངས་ཏེ་ཤར་ཁ་ཕྱོགས་སུ་བྱོན། ལམ་བར་ཞིག་ནས་རྗེ་དེ་ཉིད་ཞིང་ཁམས་གཞན་དུ་གཤེགས་པའི་སྐད་ཆ་གསན་པས་གདུང་དབྱངས་ཀྱི་ཚིགས་བཅད་འགའ་མཛད་དེ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཞབས་གྲལ་དུ་གསེར་ཐར་ཡར་ལུང་པདྨ་བཀོད་དུ་ཕེབས། དེར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསང་བ་སྙིང་པོའི་རྒྱུད་བཤད་གནང་བའི་ཁྲིད་དཔོན་མཛད། དེ་རྗེས་ལོ་གཉིས་ཙམ་ལ་དེ་གར་བཞུགས་ནས་ཞག་ཞེ་ལྔ་རེའི་རིང་རྒྱུད་བཤད་ཤིན་ཏུ་རྒྱས་པ་རེ་གནང་བ་སོགས་སྙིང་པོའི་ཆོས་ཆར་ཕབས་པས། ཡུལ་གསེར་སྟོད་དུ་སྙིང་པོའི་བསྟན་པ་དར། ཞེས་པའི་ལུང་བསྟན་ཐོག་ཏུ་ཁེལ་ལོ་ཞེས་ཕྱོགས་ཀུན་ཡོངས་སུ་གྲགས་པ་བྱུང་༌། གཞན་ཡང་གསེར་རྟ་ཚོ་མ་ལག་བཅོ་བརྒྱད་ཀྱི་སྐྱ་སེར་ཀུན་ལ་སྤྱོད་འཇུག་དང་༌། མ་ཎི་བཀའ་འབུམ། བདེ་སྨོན་སོགས་ཀྱི་ཆོས་སྦྱིན་བསྩལ་ཅིང་བདེ་སྨོན་དང་ཡི་གེདྲུག་མའི་ཕྲིན་ལས་ཁྱབ་བརྡལ་དུ་སྤེལ། གསོན་རིམ་དང་གཤིན་ཆོག་ལ་སྐམ་ལུག་མང་པོ་བསད་དེ་དགེ་འདུན་ལ་དམར་སྟོན་བྱེད་པའི་སྲོལ་ངན་རྒྱུན་བཅད་ཅིང་ཇག་རྒྱ་རྐུན་ཁྲིམས་བཞག་སྟེ་ཡུལ་ཁམས་དཀར་པོར་བསྒྱུར། དེ་ནས་ཤུག་ཆུང་དགོན་སོགས་སུ་ཆོས་བཀའ་ཅི་རིགས་གསུངས་ནས་ཕེབས་ཤིང་༌། ཤུག་ཆེན་དགོན་དུ་རྒྱལ་བཀའ་རིན་པོ་ཆེ་ཞིབ་གཟིགས་མཛད་ནས་ཡུན་རིང་བཞུགས་པས་དེ་སྐབས་མདོ་སྡེ་མང་པོ་ཐུགས་ལ་ཟིན་པ་བྱུང་གསུངས། ཨ་རིའི་ནགས་སམ་དྷི་ཆུང་ནགས་སུ་ཡུན་རིང་བཞུགས་ཤིང་དེ་དུས་ཞལ་སློབ་སྨྱོ་ཤུལ་ལུང་རྟོགས་དང་ཁོང་རྣམ་གཉིས་ལ་གསོལ་ཚིགས་རྩམ་པ་ཁུག་མ་གང་ཡོད་པ་ཉིན་པར་ལྗོན་ཤིང་གི་ཡལ་ག་ལ་གཏགས། ཨ་བུ་ཚང་གིས་ལྭ་བ་དཀར་པོ་ཞིག་ཡོད་པ་མནབས་ཏེ་དབྱུག་པ་རིང་པོ་ཞིག་ཐོགས་ནས་ཧ་ཧ་ཞེས་གསུང་སྒྲ་ཆེན་པོ་མཛད་ནས་ནགས་ནང་དུ་བྱོན། ཉིན་གུང་སྨྱོ་ཤུལ་ལུང་རྟོགས་ལ་སྤྱོད་འཇུག་ཚིག་བཞི་རེ་གསུངས་པར་མཛད། དེ་འཕྲལ་འཛི་ཀར་དུ་ཕེབས་ནས་མ་ཎི་བཀའ་འབུམ་སོགས་གསུངས་ཤིང་ཡིག་དྲུག་གི་ཕྲིན་ལས་རྒྱས་པར་མཛད། ཛམ་ཐང་ཆོས་སྡེ་རུ་ཀུན་མཁྱེན་དོལ་བོའི་འགྲེལ་བའི་སྟེང་ནས་རྒྱུད་བླ་རྒྱས་ཁྲིད་མཛད་པས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས་ཤིང་བསྡུས་དོན་ཡང་བརྩམས། སྦས་པའི་རྣལ་འབྱོར་གཙང་པ་དགེ་སློང་ངག་དབང་ཆོས་འབྱོར་ལས་སྦྱོར་དྲུག་གསན་ནས་ཉམས་བཞེས་མཛད། ཕྱོགས་དེའི་སྨར་ཁོག་སྟོད་སྨད་དུ་ཡང་དམ་པའི་ཆོས་ཆར་ཕབ་སྟེ་བ་གླང་ལྟ་བུའི་བླུན་པོརྣམས་ལའང་ཐར་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན། དད་པ་དང་སྙིང་རྗེ་ཆུང་བ་དཀར་ཕྱོགས་ལ་སྡང་ཞིང་སྡིག་ལ་འཛེམ་མེད་དུ་སྤྱོད་པའི་མི་དཔོན་དང་ཇག་དཔོན་ང་རྒྱལ་ཅན་ཤིན་ཏུ་གདུལ་དཀའ་བ་རྣམས་ཀྱང་སྙིང་རྗེའི་དཀའ་ཐུབ་གྲུབ་པའི་གསུང་གི་མཚམས་ལས་འདའ་བར་མ་ནུས་ཏེ་རྐུན་རྒྱ་ཇག་ཁྲིམས་དང་རྔོན་པ་མང་པོའི་སྡིག་འཕྲོ་བཅད་པ་སོགས་ཀྱི་སྒོ་ནས་ཡུལ་ཁམས་དཀར་པོར་བསྒྱུར། སྨར་རོང་ཞེས་གྲགས་པའི་མཐའ་འཁོབ་དེར་ཡིག་དྲུག་འདོན་པ་ལྟ་ཅི་བགྲང་འཕྲེང་འཛིན་པའི་སྲོལ་ཙམ་ཡང་མེད་པར་མ་ཎི་འདོན་པའི་སྲོལ་ལམ་ཆེན་པོ་བཏོད་པས་མཚོན་གདུལ་དཀའ་འདུལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ།དེ་བཞིན་མི་ཉག་གི་ཡུལ་དུ་བྱོན་ནས་རྒྱལ་ཁམས་ཆོས་ལ་བཙུད་ཅིང་རྒྱལ་འཕགས་རི་ཁྲོད་སོགས་སུ་ཡུན་རིང་སྒྲུབ་ལ་བཞུགས། འདྲ་བ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་ལ་ཕར་ཕྱིན་སྐོར་གྱི་དྲི་བ་མང་པོ་ཞུས་པས་ཁྱོད་སུ་ཡིན་གང་ནས་འོང་གསུངས་པར། དཔལ་དགེ་ཟེར་བ་ཁམས་རྫ་ཆུ་ཁ་པ་ཞིག་ཡིན་ཞུས། ཕྱིར་ཕེབས་རྗེས་དགེ་བཤེས་ཆེན་པོ་དེས་ཉེ་གནས་ལ་དེ་སུ་ཡིན། ཁོ་དཔལ་དགེ་བྱ་བ་ཡིན་ཟེར་ཏེ་རྒྱལ་ཁམས་ན་ཡོངས་སུ་གྲགས་པའི་མཁས་པ་ཞིག་ཡིན་པའི་འོས་སུ་འདུག་གསུངས།སླར་རྡོ་ཡུལ་དུ་བྱོན་ནས་དྷི་ཆུང་ཕུག་ཏུ་བཞུགས་སྐབས་སྐུ་ཞབས་མཁྱེན་བརྩེ་རིན་པོ་ཆེའི་སྒར་པ་དར་རྩེ་མདོ་ཕྱོགས་ནས་བཏེགས་ཏེ་གཉན་པོ་གཡུ་རྩེའི་གནས་མདུན་སྔོ་མཚོའི་ཁར་ཕེབས་པ་གསན་པས་དེར་ཆེད་གཏད་ཀྱིས་བྱོན། སྐུ་ཞབས་ཐུགས་ཤིན་ཏུ་དགྱེས་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་དབང་ཞིག་གནང་བར་ཞུས་པས། དེ་ངས་གསང་རྒྱས་བཏབ་ནས་སུ་ལའང་མ་བྱིན་པར་ལོ་མང་སོང་བ་ཡིན་ཏེ། ད་རེས་ཁྱེད་ལ་སྟེར་ཞེས་དགྱེས་བཞིན་གནང༌། དགུང་གྲངས་བརྒྱད་ཅུར་འཚོ་བའི་ལུང་བསྟན་དང་འབྲེལ་ཚད་དོན་ལྡན་གྱི་དབུགས་དབྱུང་བ་སོགས་ཕྱི་ནང་གསང་བའི་བཀའ་ལུང་མང་པོ་ཐོབ་ནས་སླར་རྡོ་ཡུལ་དུ་ཆགས་ཕེབས། དེ་ནས་གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམ་གཉིས་ཀྱི་བཀའ་གསུང་ལྟར་རུ་དམ་རྫོགས་ཆེན་དུ་ཕེབས། དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་མོའི་མཁན་རབས་གསུམ་པའི་གསེར་ཁྲིར་བཞུགས་ནས་མདོ་སྔགས་གཞུང་ལུགས་ཆེན་མོ་སྤྱི་དང༌། མངོན་རྟོགས་རྒྱན། རྩ་བ་ཤེས་རབ།འཇུག་པ། མདོ་སྡེ་རྒྱན། རྒྱུད་བླ་མ། མངོན་པ་མཛོད། ཡོན་ཏན་མཛོད།སྡོམ་གསུམ་རྣམ་ངེས་སོགས་ཀྱི་རྒྱས་ཁྲིད་དང༌། ཕར་ཕྱིན་ཐེག་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ལམ་གནད་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་དང་༌། རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་སྙིང་པོ་གཉིས་ལ་ཐུན་མིན་རྩལ་འདོན་གྱི་འཆད་ཁྲིད་རྒྱ་ཆེར་གནང་བས། སྤྱོད་འཇུག་མཆོད་པའི་སྐབས་སུ་ཕྱོགས་འདིའི་རི་ལུང་ཀུན་ཏུ་མེ་ཏོག་སེར་ཆེན་འདབ་མ་བརྒྱ་ཕྲག་ནས་ལྔ་བཅུའི་བར་ཅན་སྔར་མེད་པ་མང་དུ་སྐྱེས་པ་སྤྱོད་འཇུག་མེ་ཏོག་ཏུ་གྲགས། སྐབས་དེའི་གསུང་སྐྱེས་ཞལ་སློབ་ཀྱི་གཙོ་བོ་མཁན་ཆེན་པདྨ་བཛྲ་དང༌། གཏོ་རུ་མཁན་པོ་སྐལ་ལྡན་རྒྱ་མཚོ། འཇམ་མགོན་མི་ཕམ་རྣམ་རྒྱལ། མི་ཉག་ཀུན་བཟང་བསོད་ནམས། ཨོ་རྒྱན་བསྟན་འཛིན་ནོར་བུ། སྨྱོ་ཤུལ་ལུང་རྟོགས། མཁན་ཆེན་དཀོན་མཆོག་འོད་ཟེར་སོགས་རྒྱུད་པ་ཟིན་ངེས་ཀྱི་ཐུགས་སྲས་དུ་མ་བྱུང༌།ཆོས་མཚམས་ཐུན་གསེང་རྣམས་སུ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་དང༌། ཚིག་འགྲེལ། སྒོམ་རིམ། གཞུང་ཆེན་ཁག་གི་འཆད་ཐབས་དང་ས་བཅད། ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་སོགས་འགྲན་ཟླ་དང་བྲལ་བའི་གཞུང་ཊིཀ་དུ་མ་བརྩམས་ཏེ་ཆོས་སྡེ་འདིའི་ཕྱི་རབས་ཀྱི་བསྟན་པའི་བགོ་སྐལ་དུ་བཞག་པར་མཛད་པ་འདི་བཞིན་ལགས་ན༌། རང་རེ་རྗེས་སུ་འཇུག་པའི་གྲལ་མཐར་སྐྱེས་པ་དག་གིས་འཆད་ཉན་ཐོས་བསམ་གྱིས་འཛིན་སྐྱོང་སྤེལ་བ་ཅིས་ཀྱང་འོས་སུ་ཆེ་བར་སེམས་སོ་ཞེས་ཆོས་ཀྱི་མཆེད་པོ་དག་ལ་ནང་ལུགས་སུ་སྐུལ་བའོ། །གཞན་ཡང་ནགས་ཆུང་རི་ཁྲོད་དང་༌། པདྨའི་ཐང་༌། གཤིན་རྗེ་སྒྲུབ་ཕུག་སོགས་སུ་ལོ་ངོ་བཅུ་ཕྲག་ལྷག་བཞུགས་ནས་ཆོས་འཁོར་རྒྱ་ཆེར་བསྐོར་བས་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་ཞེས་མཚན་དུ་གྲགས། གཤིན་རྗེ་སྒྲུབ་ཕུག་ཏུ་སྨྱོ་ཤུལ་ལུང་རྟོགས་སོགས་སྣོད་ལྡན་དུ་མ་ལ་རྫོགས་པ་ཆེན་པོའི་སྔོན་འགྲོ་དང་དངོས་གཞིའི་ཁྲིད་སྦྱང་ཐེངས་མང་མཛད་པ་དང༌། དེར་ཕ་བོང་ཞིག་གི་རྩར་སླེབ་ཚེ་བྱང་ཆུབ་ཀྱི་སེམས་དྲན་དགོས་ཞེས་དྲན་རྟེན་དུ་བཞག་ནས་ཕ་བོང་དེའི་སྟེང་བཞུགས་ནས་ཆོས་ཁྲིད་གསུངས་སྐབས་རླུང་དང་རྫི་ཆར་དྲག་པོ་ཇི་ལྟར་བྱུང་ཡང་སྐུ་སྒུལ་སྐྱོད་ཙམ་ཡང་མི་མཛད། ཉིན་གུང་གི་སྐབས་སྐུ་ལུས་གཅེར་བུར་ཕྱུང་ནས་སྦྲང་མ་ལ་ལུས་སྦྱིན་མཛད་པ་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ་དཀའ་བ་དུ་མ་དང་དུ་བཞེས། དེ་སྐབས་ཤིག་ན་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་རུ་དམ་དུ་ཕེབས་ཏེ་རྗེ་འདིའི་སྒྲུབ་ཕུག་གི་ཕྱི་རོལ་ནས་སྐུ་ཕྱག་འཚལ་བཞིན་ཕྱི་ལྟར་རྒྱལ་བའི་སྲས་པོ་སོགས་ཀྱི་གསོལ་འདེབས་ཚིགས་བཅད་མ་དེ་ཞལ་གསུང་གནང་ཚེ། རྗེ་འདིས་སྒྲུབ་ཕུག་ནང་ནས་གསན་མ་ཐག་ཏུ་མངོན་རྫོགས་ཞི ང་ན་ཁྲག་འཐུང་ཧེ་རུ་ཀ་སོགས་ཀྱི་གསོལ་འདེབས་ཚིག་བཞི་གསུང་ལན་དུ་མཛད།གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཞིང་དུ་གཤེགས་ནས་ཡང་སྲིད་གདན་སར་མ་འཁོད་བར་རྗེ་འདི་དང་མཁན་ཆེན་པདྨ་བཛྲ་རྣམ་གཉིས་ཀྱིས་རྫོགས་ཆེན་གདན་སའི་བསྟན་སྲིད་ཀྱི་ཐུགས་འགན་ཆེར་བཞེས་མཛད་པ་སོགས་རང་རེའི་བསྟན་པ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ།སྡེ་དགེའི་ལྷ་སྲས་འཆི་མེད་རྟག་པའི་རྡོ་རྗེ་སྐུ་མཆེད་ཉག་སྐེད་པའི་འོག་ནས་ཐར་ཏེ་རྒྱལ་སར་འཁོད་དུས་རྫོགས་ཆེན་བླ་བྲང་ནས་གདན་ཞུས་དགའ་སྟོན་ཕུལ་ཞིང་༌། ཡུམ་སྲས་མདུན་བློན་དང་བཅས་པར་རྗེ་འདིས་བཟང་པོ་སྤྱོད་པའི་ཆོས་འབྲེལ་གྱིས་རྗེས་བཟུང་བྱིན་རླབས་གནང་༌། འདི་དུས་མཆོག་གྱུར་བདེ་ཆེན་གླིང་པའང་རྫོགས་དགོན་དུ་བྱོན་ཏེ་རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྐོར་དང་རིགས་གསུམ་སྙིང་ཐིག་སོགས་གཏེར་གནས་ནས་སྤྱན་དྲངས་ཏེ་རྗེ་འདི་ཆོས་བདག་ཏུ་ངོས་འཛིན་གནང་༌། རྗེ་འདིས་ཀྱང་ཐུགས་དད་ཆེན་པོས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་མནོག་ཆོས་སུ་གསན། སླར་ཡང་དགེ་འདུན་སྟོང་ཚོགས་ལ་དགོངས་འདུས་སྒྲུབ་ཐབས་སྐོར་གྱི་ལུང་གནང་བར་རྗེ་འདིས་གསོལ་བ་བཏབ་ནས་དེ་བཞིན་བསྩལ་བ་མཇུག་རྫོགས་མཚམས་སུ་གསུང་གསང་མཐོན་པོས། འོ་དེ་རིང་རང་རེ་རྣམས་ཀྱིས་གཏེར་སྟོན་སངས་རྒྱས་གླིང་པའི་མདུན་ནས་བླ་མ་དགོངས་འདུས་ཐོབ་པའི་སྐལ་བཟང་བྱུང་བ་རེད་པས་ཀུན་ཀྱིས་བསྙེན་སྒྲུབ་རེ་གྱིས་ཞེས་ཐུགས་དགྱེས་དགྱེས་མཛད། བར་ལམ་སྦས་ཚུལ་གྱི་བརྟུལ་ཞུགས་སུ་ཡིན་ངོ་ཐག་མི་ཆོད་པ་མཛད་ནས་ཀཿཐོག་རྡོ་རྗེ་གདན་དུ་ཞབས་ཀྱིས་བཅགས། དམ་གཙང་བྱམས་གསུམ་གྱི་གདུང་འབུམ་ལ་ཕྱག་སྐོར་མང་དུ་མཛད་ཅིང་བཞུགས། རེ་ཞིག་ན་དཔལ་སྤྲུལ་རིན་པོ་ཆེ་ཡིན་པ་གོ་ཐོས་བྱུང་བས་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་བསྙེན་བཀུར་མཛད་ཅིང༌། གསོལ་བ་བཏབ་པ་ལྟར་གཙུག་ལག་ཁང་ཆེན་མོར་འདུས་སྡེ་ཡོངས་ལ་སྤྱོད་འཇུག་རྒྱས་པར་གསུངས། ཞིང་སྐྱོང་རིན་པོ་ཆེས་ཀྱང་ཆོས་ཐུན་གཅིག་ཙམ་གསན། གཞན་ཡང་དགེ་རྩེ་སེར་ཤུལ་དགོན། ལབ་ཁྲི་འདུ་དགོན། ཆུ་ཧོར་དགོན་སོགས་རི་བོ་དགེ་ལྡན་པའི་དགོན་ཆེན་མང་པོར་བྱོན་ནས་སྤྱོད་འཇུག་སོགས་ཀྱི་བཤད་པ་རྒྱ་ཆེར་བསྩལ། དེ་དག་གི་ཚེ་གསར་རྙིང་གི་གྲུབ་མཐའི་ཕྱོགས་འཛིན་དང་དགག་བཞག་གི་ཟེར་སྒྲོས་ཚུན་ཆགས་སྡང་གི་རྒྱུར་འགྲོ་བའི་གཏམ་རྣམས་ཆ་ཤས་ཙམ་ཡང་མ་འདྲེས་པར་འགྲེལ་བ་མཁན་པོ་རང་རང་གི་ལུགས་ལྟར་བཤད་པ་ཁ་གསལ་ལ། རྒྱས་བསྡུས་འཚམས་པ། དོན་གྱི་གནད་ཐོག་ཏུ་དྲིལ་བ་ཉམས་ལེན་དང་སྦྱར་ནས་གསུངས་པས་ལྷ་ལྡན་སྨོན་ལམ་རབ་འབྱམས་པ་མང་པོས་ཀྱང་ཡི་རང་གི་མེ་ཏོག་འཐོར་ཞིང་གུས་པས་བཏུད། རུ་དམ་དུ་བཞུགས་སྐབས་ཧོར་ཁང་གསར་སྐྱབས་མགོན་བྱོན་ནས་གདོལ་བའི་དྲང་སྲོང་གི་གཏམ་དུ་གྲགས་པ། གང་གིས་ཁམས་གསུམ་ཁམས་ཟས་སུ། །ཞེས་པའི་དབུ་ཅན་དེ་བཤད་ཁྲིད་ཀྱི་ལུགས་སུ་གསུང་བར་ཞུས་པས་སྤྱི་དོན་བཀོད་ནས་བཀྲལ་ཏེ་གསུངས་པས་ངོ་མཚར་བར་གྱུར། འདན་པདྨ་རི་མཐོའི་ཤེལ་དཀར་ཟླ་བའི་ཕུག་ཏུ་བཞུགས་སྐབས་སྡེ་དགེའི་གཟིམ་དཔོན་བཀྲ་ཤིས་དགེ་ལེགས་ཀྱིས་ཞུས་ངོར་ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ་ཡ་མཚན་ཅན་དེ་དང་༌། སྐུ་ཞབས་མཁྱེན་བརྩེའི་གསོལ་འདེབས་བཀྲ་ཤིས་དགེ་ལེགས་མཛད༌། སྔ་ཕྱིར་ལྗགས་རྩོམ་མཛད་པའི་ཆོས་ཚན་གྱི་རྣམ་གྲངས་ཀྱང་དགུང་གྲངས་ཉི་ཤུའི་ཡན་སྡེ་དགེ་ནས་བཟང་ཇ་བག་བརྒྱད་ཀྱིས་ཉོས་པའི་ཤོག་སྲབ་ལ་འདྲ་མིན་སྣ་ཚོགས་བྲིས་ནས་ཟད་སོང་གསུངས་པས་མཚོན་བསམ་གྱིས་མི་ཁྱབ་པ་ཡོད་པར་མངོན་ཡང་༌། རྗེ་ཉིད་ཀྱིས་ཐུགས་གཙིགས་མི་མཛད་པར་ནམ་རྒྱུན་མེ་ལ་སྲེག་ཅི་ཐུབ་མཛད་པ་དང་༌། ཞལ་སློབ་དག་གིས་ཕྱོགས་དང་ཕྱོགས་སུ་ཁྱེར་བ་རྣམས་དད་རྟེན་དུ་ཉར་ནས་གཞན་ལ་གཡར་སྟོན་སོགས་མི་བྱེད་པ་བཅས་ཀྱིས་མང་དག་ཅིག་དཔེ་རྒྱུན་ཉམས་པས་ད་ལྟ་མི་བཞུགས་ཀྱང༌། ཨོརྒྱན་བསྟན་འཛིན་ནོར་བུས་བསྡུ་རྩོལ་མཛད་ནས་ཤྲཱི་སེང་གདན་སར་པར་དུ་བརྐོས་པའི་བཀའ་འབུམ་གླེགས་བམ་ཕྱིན་དྲུག་གི་གྲངས་དང་ལྡན་པ་ད་ལྟའང་བསོད་ནམས་ཀྱི་དཔལ་དུ་བཞུགས་ཤིང་༌། དེ་དག་གི་ཚིག་དོན་གྱི་ཆ་གང་ནས་ཀྱང་འཕགས་བོད་གཉིས་ན་འགྲན་ཟླ་དང་བྲལ་བའི་ལེགས་པར་བཤད་པ་ཤ་སྟག་སྟེ།མཁྱེན་བརྩེའི་དབང་པོས་མཛད་པའི་སྐུ་བསྟོད་ལས། གང་གི་སྙིང་རྗེས་བརྩམས་པའི་བསྟན་བཅོས་ནི། །ཆ་ཙམ་རྣ་བར་སོན་དང་ཆབས་ཅིག་པར།།ངེས་འབྱུང་ཡིད་ཀྱིས་ཐར་ལམ་ལ་བརྩོན་པ། །རབ་དགའི་ཚུལ་འདི་རྒྱལ་གསུང་ལས་ཀྱང་ལྷག །ཅེས་གསུངས་པ་ལྟར་མཁས་པས་བརྟག་ན་དོན་བཟང་བ། བླུན་པོས་ཉན་ཡང་གོ་སླ་བ། གནད་འདུས་ལ་འཛིན་བདེ་བ།རན་ལ་འབྲེལ་ཆགས་པ། སྙན་ལ་རོ་ཉམས་ལྡན་པ། མཚར་ལ་བཞད་གད་ཐོན་པ། འཇམ་ལ་འཇིགས་ཟིལ་ཆེ་བ་བཅས་ངག་གི་སྒྲིབ་པ་སྤང་པའི་ཚངས་པའི་དབྱངས་ཀྱི ་ཡན་ལག་མ་ལུས་པ་ཡོངས་སུ་རྫོགས། སྐུ་ཚེའི་སྨད་དུ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་གདན་ས་རྫ་རྒྱལ་དགོན་དུ་བཞུགས་ནས་བྱམས་ཆོས་སྡེ་ལྔ་དང་༌། རྩ་ཤེས། བུད་དྷ་པ་ལི་ཏ། སྤྱོད་འཇུགཡོན་ཏན་མཛོད། བཟང་སྤྱོད་སོགས་ཅི་རིགས་པའི་ཆོས་སྦྱིན་གནང༌། དཔལ་དགེ་སྐུ་ཕྲེང་གོང་མ་རྣམ་གཉིས་ཀྱི་མཛད་རྒྱུན་མ་ཎི་རྡོ་འབུམ་ཆེན་མོ་སྔར་ལས་ལྷག་པའི་ཞལ་གསོས་རྒྱ་ཆེན་མཛད། རྫོགས་ཆེན་མཆོག་སྤྲུལ་ལྔ་པ་དང་༌། མཁན་ཆེན་པདྨ་བཛྲ། དགེ་མང་སྐུ་ཞབས་སྤྲུལ་སྐུ། མཁན་དཀོན་མཆོག་འོད་ཟེར་སོགས་ཀྱིས་གསང་བ་སྙིང་པོའི་རྒྱུད་བཤད་གསན་ནས་ཕྱིར་ཕེབས་སྐབས་རྡོ་འབུམ་ལ་རབ་གནས་མཛད།སླར་ཡང་འཇམ་དབྱངས་མཁྱེན་བརྩེའི་མདུན་དར་དང་དངུལ་རྟ་མིག་གི་ཞུ་རྟེན་བཅས་ཕུལ་ནས་རབ་གནས་མཛད་པའི་ཞུ་ཕྲིན་ཕུལ་ཚེ། ཆུ་སྟོད་ཟླ་བའི་ཚེས་བཅུར་རབ་གནས་མཛད་རྒྱུའི་ཞལ་བཞེས་ལྟར་རྡོ་འབུམ་གྱི་སྟེང་ཤོད་བར་གསུམ་ཡོངས་རྫོགས་སུ་ལྷག་པར་གནས་པའི་མེ་ཏོག་གིས་ཁྱབ་པའི་ངོ་མཚར་བསྟན། རྫ་ཁྲ་མ་ལུང་དུ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་སྣོད་ལྡན་འགའ་ཞིག་དང་ལྷན་ཅིག་འཁོར་འདས་རུ་ཤན་ནས་བཟུང་༌། རྫོགས་ཆེན་ཐུན་མིན་གྱི་སྔོན་འགྲོ་དང་དངོས་གཞི་ཁྲེགས་ཆོད་ཐོད་རྒལ་ཡོངས་རྫོགས་ཀྱི་ཁྲིད་སྦྱང་ཡུན་རིང་དུ་གནང་བས། དབོན་རིན་པོ་ཆེའི་ཞལ་ནས། སྔོན་ཆད་ངེད་ཚོས་རྫོགས་ཆེན་གོ་ལོ་ཐོས་ལོ་ངང་བཤད་འདོགས་བྱས་ཚད་ཚིག་སྤྱི་ཡམ་མེ་བ་ཙམ་ལས་ཆེར་ཤེས་མ་བྱུང་༌། ཁྲ་མ་ལུང་དུ་ཉམས་ཁྲིད་བཀའ་དྲིན་བསྐྱངས་པ་ནས་བཟུང་ཆོས་འདི་ལ་གོ་རྟོགས་མཐིལ་ཕྱིན་པ་ཞིག་ཐོབ་སྙམ་བྱུང་གསུངས། ཆོས་རྗེའི་ཞལ་ནས། རྫོགས་ཆེན་ལམ་སྒྲུབ་པ་པོ་རིག་པ་རང་སྣང་གི་བློ་ཅན་ཡིན་ཡང་བརྟུལ་ཞུགས་རུ་ཤན་གྱི་སྤྱོད་པ་དང་མོས་གུས་བླ་མའི་རྣལ་འབྱོར་སྦྲེལ་ནས་ཉམས་སུ་བླངས་ན་ཤིན་ཏུ་བོགས་ཆེ་ཞེས་གསུངས་པ་དང་༌། རྗེ་ཉིད་རུ་དམ་དུ་བཞུགས་སྐབས་གངས་ཁྲོད་དང་ཉེ་བའི་རྫ་གསེབ་ཏུ་རུ་ཤན་རྟག་པར་མཛད་པ་དང༌། ཕྱིས་སྐུ་ན་མཐོན་པོར་ཕེབས་སྐབས་ཀྱང་མཚན་མོའི་རིང་ཀློང་སྙིང་བླ་མའི་རྣལ་འབྱོར་ལ་ཐུགས་དམ་མཛད་དེ་སྲོད་དང་ནམ་གུང་རྣམས་སུ། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། ཞེས་གདུང་དབྱངས་མཛད་པ་སོགས་སྐད་ཅིག་ཙམ་ཡང་གཡེངས་པ་མེད་པར་ཉམས་བཞེས་ཁོ་ན་མཛད་དོ། །དེ་ལྟར་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་བློ་འབྱོངས་ཤིང་༌། གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་ལམ་གྱི་གདེང་ཚད་མཐར་ཕྱིན། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་ནས་ཆོས་ཟད་བློ་འདས་ཀྱི་རྒྱལ་སར་ཕྱིན་ཚུལ། རྗེ་ཉིད་གསང་བ་བསྲུང་བ་ལ་ཐུགས་སྒམ་ཞིང་གཏིང་དཔོག་དཀའ་བས་ཇི་བཞིན་གསུང་བར་མི་མཛད་ཀྱང་སྐབས་སྐབས་སུ་གསུང་འཕྲོས་ལས་ཅུང་ཟད་བྱུང་བ་ནི། ཐུགས་ཟིན་གྱི་ཞལ་སློབ་སྨྱོ་ཤུལ་ལུང་རྟོགས་ལ། ལུང་གཅེས་ཁྱོད་ཀྱིས་བླ་མ་སུ་ལ་གསོལ་བ་འདེབས་ཀྱིན་ཡོད་གསུངས་པར། གསོལ་འདེབས་ཀྱང་ཆེར་ཐུབ་མི་འདུག་ཞུས་པས། མི་ཐུབ་དུས་དེར་ཟད། ཐུབ་དུས་སུ་ལ་འདེབས་གསུངས༌། ཁྱེད་ལ་གསོལ་བ་རེ་འདེབས་པ་ཡིན་ཞེས་འཇིགས་བཞིན་གཅོམ་ཆུང་ངུས་ཞུས་པར། རྒྱལ་ཁམས་ན་བླ་མ་འདིའི་མང་ཉུང་ལ་ང་ལ་གསོལ་བ་འདེབས་པ་ཅི་ཡིན་གསུངས། རང་ལ་དགེ་སེམས་སྐད་ཅིག་མ་རེ་སྐྱེས་སྐབས། འདི་ཅི་ལས་བྱུང་བསམ་ཙ་ན་ཁྱེད་ཀྱིས་ཆོས་རེ་བཤད་བསྡད་པའི་མཐུ་ཁོ་ན་རེད་འདུག་པས་དྲིན་ཆེ་སྙམ་པ་ལགས་ཞུས་པས།དེ་ཡིན་ན་ཨ་ཐོ་བདེན་ཐང་ད་ནི་གསོལ་བ་རེ་བཏབ་ཀྱང་རུང་བ་འདྲ།ངའི་རྒྱུད་འདི་ན་ཉོན་མོངས་ཟེར་རྒྱུ་དེ་ཚོ་གཏན་ནས་སྐྱེ་རྒྱུ་མི་འདུག་ཅེས་གསུང་མཐོན་པོ་བྱོན་པ་དང༌། དེ་བཞིན་བསྐྱེད་རྫོགས་དང་རྩ་རླུང་ལ་རང་དབང་འབྱོར་བའི་རྟགས་སུ་གསུང་འཕྲོས་ལས། ངས་རྟ་བབ་ཞོན་གྱི་ཡུན་ཙམ་ལ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་བདུན་བརྒྱ་ཉེར་ལྔ་སྐད་ཅིག་དྲན་རྫོགས་སུ་གསལ་ནུས་ཀྱང་༌། དེ་བསྐྱེད་རིམ་ཡིན་སྙམ་ཡིད་ལ་མེད། རླུང་ཁུག་རེའི་ཡུན་ལ་རིག་འཛིན་འཕྲུལ་འཁོར་སོགས་ཀློང་སྙིང་འཕྲུལ་འཁོར་རྣམས་ཆ་ཚང་རེ་རྫོགས་པར་བྱེད་ནུས་ཀྱང་༌། དེ་རླུང་གི་ཚད་ཡིན་སྙམ་ཡིད་ལ་མེད་ཅེས་སོགས་དང་༌། ཤར་ཛམ་ཐང་དུ་དུས་འཁོར་སྦྱོར་དྲུག་སྒོམ་སྐབས། རྟགས་བཅུའི་སྟོང་གཟུགས་ཚད་དུ་འཁྱོལ་བས་སྟོང་གཟུགས་ཀྱི་ལྷ་མོ་རྣམས་སྣ་བུག་ནས་དྲངས་ཆོག་པ་རེ་བྱུང་ཡང༌། འདི་རྫོགས་རིམ་ཡིན་སྙམ་ཡིད་ལ་མ་ཤར་ཁྱེད་རྣམས་བསྐྱེད་རྫོགས་ལ་མཐར་ཕྱིན་པ་རེ་གྱིས་གསུངས། ཡང་ངས་མི་ཉག་དང་ལི་ཐང་སོགས་སུ་གཉན་ས་འགྲིམ་སྐབས་ཆོ་འཕྲུལ་སྣ་ཚོགས་ཀྱི་འཚུབ་ལྷོང་ཚད་མེད་པ་རེ་བྱུང་༌། དེ་དུས་འོད་གསལ་སྙིང་ཐིག་གི་རིག་འཛིན་བརྒྱུད་པ་སྤྱི་དང་༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་གསོལ་བ་བཏབ་པས་འཚུབ་སློང་རང་མལ་དུ་ཞི་ནས་བྱིན་རླབས་ཀྱི་རྟོགས་པ་ཞིག་རྙེད་པ་ཡིན། དེ་ཚུལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ལ་ཞུས་པས། ཁྱོད་ཀྱི་བདུད་བཞི་ཅིག་ཆར་དུ་ཆོད་ནས་མཆོག་གི་དངོས་གྲུབ་བརྙེས་པ་རེད་གསུངས། དེ་ཚུན་ང་ལ་དགེ་མི་དགེའི་རྟོག་པ་ཆེར་སྐྱེས་མ་མྱོང་གསུངས། ཡང་ཉིན་ཞིག་ལུང་གཅེས། ངས་ད་ཙམ་ན་ངན་སོང་གསུམ་གྱི་སྡུག་བསྔལ་གཏན་ནས་བསམ་མི་ཕོད་པ་འདུགབློ་སྦྱོང་དུས་མཐོ་རིས་ཀྱི་སྡུག་བསྔལ་ཙམ་བསམ་པ་ཡིན་ཞེས་དོན་དུ་ངེས་འབྱུང་གི་བློ་འབྱོངས་པའི་ཚད་དུ་གསུངས། དེ་བཞིན་རུ་དམ་གཤིན་རྗེའི་སྒྲུབ་ཕུག་འོག་མར་བཞུགས་སྐབས། ཕུག་པ་གོང་མའི་ནང་དུ་རྒྱལ་མོ་རོང་པའི་ཆོས་པ་གླེན་པ་ཞིག་ཡོད་པར། ཉིན་གཅིག་རྗེའི་ཞལ་ནས། འདི་ལྟར་དབེན་པའི་གནས་སུ་དགེ་སྦྱོར་བྱས་ཏེ་བསྡད་ན་རྣམ་གཡེང་མེད་ཅིང་རིག་པ་ངང་གིས་དྭངས་པས་སྔོན་གནས་རྗེས་དྲན་སོགས་འོང་བ་ལ་ཚེགས་མེད། ཁྱོད་ལ་དེ་འདྲ་ཅིཨེ་བྱུང་གསུངས་པར།ཁོས་ཅི་ཡང་མ་བྱུང་ཟེར། ངས་ནི་རེས་འགའ་སྔ་མའི་ཚེ་རབས་བརྒྱ་ཕྲག་ལྷག་པ་ཡང་དྲན་བྱུང་༌། སྔོན་དུས་གྲུབ་ཆེན་ནག་པོ་སྤྱོད་པ་གྲོང་ཁྱེར་དུ་བྱོན་དུས་ཤིག་ང་རང་གྲོང་ཁྱེར་གྱི་སྨད་འཚོང་མར་གྱུར་བས་གསེར་གྱི་གདུ་བུ་ཞིག་ཕུལ་བ་དེ་ཚུན་ཆད་དུ་བླུན་རྨོངས་ཕག་འཐོམ་ལྟ་བུར་ནམ་ཡང་མ་སྐྱེས་པ་དྲན་ཞེས་གསུངས། དེ་བཞིན་མངོན་པར་ཤེས་པ་མངའ་བའི་གསུང་སྒྲོས་སུ་གཏོགས་པ་རྡོ་སྟོད་ཀྱི་སའི་ཆ་དྷི་ཆུང་ཕུག་ཏུ་བཞུགས་དུས་ཤིགབོད་ཆུང་རྟ་ཤུལ་གྱི་རྒད་པོ་ཞིག་ཚོང་ལ་འགྲོ་བའི་ལམ་དུ་ཆུས་ཁྱེར་ནས་ཤི་བ། ཟླ་བོ་རྣམས་ཀྱིས་རོ་བཀལ་ནས་ཕུག་པ་དང་ཉེ་བའི་ཕྱོགས་སུ་ཕྱིན་ཏེ་འཕོ་བ་ཞུས་པས་ཆོས་ཞུ་ཞལ་སློབ་མང་པོ་དང་བཅས་པས་འཕོ་བ་གསུངས། མཚམས་ཤིག་ནས་རྗེ་བླ་མ་ཉིད་ཧ་བགད་མཛད་དེ་འཕོ་ལུང་གསུང་འཕྲོར་ལུས་ཀྱང་འཁོར་རྣམས་ཀྱིས་མཇུག་རྫོགས་པར་བཏོན། དེ་སྐབས་ཅི་ཡང་མ་གསུངས་ཀྱང་༌། ཕྱིས་རྫ་སྟོད་དུ་བཞུགས་སྐབས་འཁོར་འགའ་ལ་དེའི་ལོ་རྒྱུས་གསུངས་ནས། དེ་དུས་རྒད་པོ་ཤི་བ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་ལྷའི་བྱིས་པའི་གཟུགས་ཀྱིས་སླེབས་པ་ཞིག་མཐོང་ནས། མདུན་དེར་རྒད་པོ་རོ་མགོ་སེ་རེ་པ་འདུག་པ་ལ་བལྟས་པས། རྒད་པོ་སེ་བོ་འདིའི་མགྱོགས་པ་ལ་ཨང་སྙམ་ནས་ང་དགོད་ཁ་ཤོར་ཏེ་འཕོ་ལུང་འདོན་འཕྲོ་ཆད་པ་ཞིག་བྱུང་ཞེས་གསུངས། ཡང་སྔོན་ང་རང་གཤིན་རྗེའི་ཕུག་པར་འདུག་སྐོར་ཞིག་ལ་གཞན་འགའ་རེས་ཁྱོད་ཀྱི་ཤ་མདོག་སོགས་ལ་བལྟས་ན་མཛེ་ནད་ཀྱི་དོགས་པ་ཞིག་འདུག་ཟེར།རང་ལའང་ཀླུ་གདོན་གྱི་རྟགས་མཚན་འགའ་རེ་བྱུང་བར། རཏྣ་གླིང་པའི་གཏེར་ཁའི་རྟ་ནག་དེའི་བསྒོམ་བཟླས་བྱས་པས་རང་གི་ལུས་ལས་སྦྲུལ་ཆེན་པོ་ཕྱིར་ཐོན་པ་རལ་གྲིས་དུམ་བུར་བཅད་པ་སོགས་རྨིལྟས་ཡ་མཚན་ཆེ་བ་དང་བཅས་ཞག་བདུན་ཁོ་ནས་ནད་དེ་ཡུལ་བུད་སོང་གསུངས།ཡང་མཆོག་གྱུར་གླིང་པའི་རིགས་གསུམ་སྙིང་ཐིག་གི་འཇམ་དཔལ་རྫོགས་ཆེན་དེ་ལ་ངས་བསྙེན་སྒྲུབ་ཅིག་བྱས་པས་དེའི་གཞུང་ནས་བཤད་པའི་རྨི་ལྟས་ཚོ་གསལ་པོ་བྱུང་༌། མཆོག་གྱུར་བདེ་ཆེན་གླིང་པ་དེ་གཏེར་སྟོན་བདེན་པ་ཞིག་རེད་ཅེས་གསུངས་པས་མཚོན་གྲུབ་པའི་རྩེ་མོར་སོན་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། དུས་ནམ་དུ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་ཐུགས་དམ་དགེ་སྦྱོར་ཐམས་ཅད་ཀྱི་རྩ་བར་འཛིན་ཅིང༌།སྐྱེ་བོ་མཆོག་དམན་ཐམས་ཅད་ལ་བསམ་པ་བཟང་པོ་རེ་གྱིས་དང་འདི་ལས་གལ་ཆེ་བ་མེད་ཅེས་དང༌། བསྙེན་སྒྲུབ་བྱེད་པ་དང་༌། སྡེ་སྣོད་མང་པོ་ཤེས་པ། སྟོང་ཉིད་ཀྱི་ལྟ་བ་སྒོམ་པ། ལྷ་བསྒོམ་སྔགས་བཟླས་ཀྱིས་ལོ་ཟླ་མང་པོ་སོང་བ་སོགས་ཀྱང་བསམ་པ་ངན་པའི་དབང་གིས་གདུག་འདྲེར་སྐྱེས་པ་མང༌། སྙིང་རྗེ་ཡི་དམ་གྱི་མཐིལ་དུ་འཛིན་པ་ལ་གདུག་འདྲེར་སྐྱེས་པ་གཅིག་ཀྱང་མི་སྲིད་པས་འདི་ཁོ་ན་གད་མེད་གཡང་མེད་ཀྱི་ཆོས་ཡིན་གསུངས། རྒྱུན་དུ་ཆོས་གང་གསུང་ཡང་མཁས་ངོམས་གྱི་སྤྲོས་པ་གང་མང་ཙམ་མིན་པར་གདུལ་བྱའི་བློ་ཚོད་དང་བསྟུན་ནས་ཕན་གང་ཆེ་མཛད་པས། འཇམ་རྩུབ་ཇི་ལྟར་བཤད་ཀྱང་གདམས་ངག་གི་རོ་གཅིག་ཏུ་མཐུན་པར་བྱུང་བས་མཁས་བླུན་བར་མའི་སྐྱེ་བོ་མཐའ་དག་གི་ཡིད་འཕྲོག །དགུང་གྲངས་བདུན་ཅུ་སྐོར་ཞིག་ཏུ་རྫ་སྟོད་མ་མོའི་ཐང་དུ་ཁྲོམ་ཚོགས་སྟོང་ཕྲག་ལ་བདེ་སྨོན་གྱི་ཁྲིད་རྒྱས་པ་ཞིག་བསྩལ། དེ་ཕྱིན་ཆོས་ཆེར་མ་གསུངས་ཤིང་ཆོས་ཞུར་འོང་བ་རྣམས་དབོན་རིན་པོ་ཆེ་བསྟན་འཛིན་ནོར་བུའི་དྲུང་དུ་གཏོང་ཞིང༌་། རྗེ་ཉིད་ཀྱིས་བསྟུད་མར་ལོ་ལྔ་ལྷག་ལ་མཚམས་པ་རིན་པོ་ཆེའི་སྐུ་གདུང་གི་དྲུང་དུ་དོང་སྤྲུགས་ཀྱི་སྒྲུབ་མཆོད་རྒྱུན་ཆགས་སུ་མཛད་དེ་གདུལ་བྱ་དཔག་མེད་བྱང་གྲོལ་ལ་བཀོད་དོ། །དེ་ནས་རབ་ཚེས་ཐམས་ཅད་འདུལ་ཞེས་པ་མེ་ཕག་ལོའི་ལོ་སྟོད་སྐུ་ཁམས་ཅུང་ཟད་རྙོག་ཚུལ་བསྟན། དེ་སྐབས་བསྙུན་གཡོག་ལ་གླིང་བླའི་དཔོན་པོ་འཇམ་དཔལ་ཟེར་བའི་སྨན་པ་དེདྲངས་པས། དེས་ཨ་བུ་ཚང་ལགས། ཁྱེད་ཀྱི་སྔ་ཕྱིའི་གསུང་སྒྲོས་གང་ལ་བསམ་ཀྱང་ངེད་རང་ཚོས་ཚེ་ཕྱི་མའི་དོན་དུ་སྨོན་ལམ་འདེབས་པའི་མཐིལ་ནུབ་ཕྱོགས་བདེ་བ་ཅན་ཁོ་ན་ལ་གཏད་དགོས་པ་ཨེ་ཡིན་ཞུས་པས། ཅུང་ཟད་བཞུགས་ནས། འོ་ཁྱོད་ནུབ་ང་ཤར་རེད་ཅེས་བཀའ་སྩལ། ཡང་སྔོན་དུས་སྤྱོད་འཇུག་གསུང་བའི་ཞོར་དུ་བདེ་བ་ཅན་གྱི་ཞིང་གི་ཆེ་བ་བཤད་པའི་འཕྲོས་སུ། དག་པའི་ཞིང་ཁམས་ཡོན་ཏན་མཐའ་ཡས་ཀྱང་སྨོན་ལམ་བཏབ་ན་སྐྱེ་སླ་བ་ཞིག་ལ་ཤར་ཕྱོགས་མངོན་པར་དགའ་བ་འགྲན་ཟླ་མེད། དེའི་འོག་ན་བདེ་བ་ཅན་ཁྱད་པར་དུ་འཕགས་ཞེས་གསུངས། ཡང་ནངས་མོ་ཞིག་ལ་གསུང་འཕྲོས་སུ། སྔར་དུས་ངེད་ཚོས་གཞན་ལ་བདེ་སྨོན་བཤད་ཅིང་རང་གིས་ཀྱང་དག་པའི་ཞིང་ཁམས་དེར་སྨོན་ལམ་འདེབས་མདོག་བྱས་པ་ཡིན་ཡང༌། ཁྱེད་ཅག་ནི་ཨེ་སྐྱེ་མི་ཤེས། ང་རང་ནི་མི་སྐྱེ་ངོ་མ་རེད། མདང་སུམ་ནགས་དང་ཁང་པ་མང་པོ་རྨིས་པ་དང༌། ཀོ་མོ་འོར་ལུ་ན་སྔར་དུས་བཞིན་བསྡད་ཡོད་པའི་ཉིང་འཁྲུལ་ཁོ་ནས་མཚན་ཐོག་ཐག་ཡོལ་བ་བྱུང་བས་ད་དུང་ཡང་དེར་ལན་གཅིག་ཡོང་དགོས་པ་མིན་ནམ་གསུངས། ཡང་སྐབས་དེར་ཐུགས་སྲས་འགས་སྐུ་མདུན་ནས་གནས་བརྟན་ཕྱག་མཆོད་ཞབས་བརྟན་དུ་གསུང་སྐབས་ཞལ་ནས། ད་རེས་ང་གཉིད་སྣང་ཤར་ཡང་སངས་རྒྱུ་ཞིག་འདུགཁྱེད་ཅག་གིས། འཕགས་པའི་གནས་བརྟན་ཡན་ལག་འབྱུང་༌། །ཞེས་པའི་ཚིགས་མཚམས་སུ། ང་རང་གི་རྣ་ལམ་ནས་ཨ་བུའི་གདུལ་བྱ་ཤར་ན་ཡོད་ཅེས་གྲག་ཤིང་༌། དེ་མིན་འགའ་ཞིག་ཀྱང་གྲག་གསུངས། ཅི་ཡིན་ན་ཞུས་པར། ཇི་ག་ཡིན་གསུངས། ང་འདྲ་བ་ལ་གདུལ་བྱ་ཞིག་ཅི་ག་ཡོད་གསུངས། ལོ་དེའི་ས་གའི་ཚེས་བཅུ་བདུན་ཉིན་གསོལ་ཚིགས་མཛད་ནས་བཤགས་རྒྱུད་གསུངས་ཏེ་རྐྱང་ཕྱག་ཁ་ཤས་ཕུལ། རྩ་རླུང་གི་ཡན་ལག་ལྔ་སྦྱངས་དང་སྙིང་གི་རྩ་མདུད་གྲོལ་བའི་འཕྲུལ་འཁོར་ཞིག་མཛད། ཚེས་བཅོ་བརྒྱད་ཉིན་གྱི་སྔ་མོ་ཞོག་ཇ་གསོལ་ནས་ཉི་དྲོས་ཀྱི་ཆ་ལ་གཟིམས་མལ་ནས་བཞེངས། སྐུ་གཅེར་བུར་ཕྱུང་ཞིང་ཞབས་སྐྱིལ་ཀྲུང༌། ཕྱག་གཉིས་ཀྱིས་པུས་མོ་བཀབ་སྟེ་བཞུགས། ཅུང་ཞིག་ནས་སྤྱན་གཉིས་ཆོས་སྐུའི་ལྟ་སྟངས་དང་༌། ཕྱག་གཉིས་སེ་གོལ་ཞིག་མཛད་ནས་ཀ་དག་གདོད་མའི་གཞི་དབྱིངས་ནང་གསལ་ཆེན་པོར་རེ་ཞིག་གཟིམས་པར་མཛད་དོ། །དམ་པ་འདིའི་ཐུགས་སྲས་ཀྱི་གཙོ་བོ་ནི། རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་ལྟར་རང་ལས་ལྷག་པའིསློབ་མ་བཞི་སྟེ། ལྟ་བ་རང་ལས་ལྷག་པ་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ། བཤད་པ་རང་ལས་ལྷག་པ་ཨོ་རྒྱན་བསྟན་འཛིན་ནོར་བུ། ཚད་མ་རང་ལས་ལྷག་པ་རས་པ་བསྟན་འཛིན་གྲགས་པ། སྤྱོད་པ་རང་ལས་ལྷག་པ་མི་ཉག་ཀུན་བཟང་བསོད་ནམས་བཅས་འགྲན་ཟླ་དང་བྲལ་བའི་སྐྱེས་བུ་བཞི་དང་༌། གཞན་ཡང་གྲུབ་དབང་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁན་ཆེན་པདྨ་བཛྲ། ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། འཇམ་མགོན་མི་ཕམ་རྣམ་རྒྱལ། རྒྱལ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྡོགྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་དྲི་མེད་གྲགས་པ། རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ། མུ་ར་པདྨ་བདེ་ཆེན་བཟང་པོ། རྒྱལ་སྲས་བདེ་ཆེན་རིག་པའི་རལ་གྲི། ཀུན་བཟང་ཐེག་མཆོག་རྡོ་རྗེ། མཁས་མཆོག་གཞན་ཕན་སྣང་བ། མཁན་དཀོན་མཆོག་འོད་ཟེར། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ། གཏེར་སྟོན་ལས་རབ་གླིང་པ། སེར་ཤུལ་ལྷ་རམས་པ་ཐུབ་བསྟན་རྒྱལ་མཚན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར། འཇུ་བླ་གྲགས་པ་རྒྱལ་མཚན། མཁན་ཆེན་ཡོན་ཏན་རྒྱ་མཚོ།མཁན་ཀུན་བཟང་དཔལ་ལྡན་སོགས་རྒྱལ་བསྟན་རིས་མེད་ཀྱི་བསྟན་འཛིན་ཆེན་པོ་དུ་མ་བྱོན་ནས་དམ་པ་གང་གི་བཤད་སྒྲུབ་ཀྱི་ཕྲིན་ལས་ཇི་སྲིད་བར་ཉམས་པ་མེད་པའི་ས་ལ་བཀོད་པར་མཛད་དོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།