རྫོགས་ཆེན་མཁན་པོ་པདྨ་བཛྲའི་ཞལ་གདམས་ཐོར་བུ།

༄༅། །ཞལ་གདམས་ངེས་ལེགས་ཐར་བའི་ལམ་སྟོན་ཞེས་བྱ་བ་བཞུགས་སོ། 

།སྲིད་ལ་མ་ཆགས་མང་ཐོས་སྒྲུབ་ལ་གཞོལ། །ཞི་ལ་མི་གནས་གཞན་ཕན་བསྡུ་དངོས་བཞིས། །མཐའ་ཡས་འགྲོ་བའི་རེ་སྐོང་རྒྱལ་བའི་སྲས། །མཚུངས་མེད་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །བླ་མའི་རྣལ་འབྱོར་འབྱོང་བར་བྱིན་གྱིས་རློབས། །རྡོ་རྗེ་ཐེག་པའི་ལམ་སྲོག་དག་སྣང་དང་། །དམ་ཚིག་ཟུང་ལྡན་རྡོ་རྗེའི་མཆེད་ཁྱོད་ལ། །ཆོས་དྲེད་ཆོས་རྒྱུས་ཅན་གྱི་ཟླ་བོ་ངས། །ཆོས་དང་མཐུན་པའི་བཀའ་མཆིད་ཉུང་ཟད་ཅིག །ཕུལ་འདིར་གསན་འོས་གང་ལགས་དགྱེས་བཞེས་མཛོད། །ཀྱེ་ཧོ་མ་བརྟག་ཉམས་དགའ་སྲིད་པའི་གྲོང་། །བསླུ་བྲིད་སྒྱུ་མའི་ཟློས་གར་མང་མོད་ཀྱང་། །ལེགས་པར་བརྟགས་ན་སྲིན་མོའི་གླིང་བཞིན་དུ། །བློ་གཏད་བག་ཕེབས་བགྱིད་པའི་ཡུལ་མ་མཆིས། །འདོད་ལྔའི་ཡུལ་འདི་འཕྲལ་དུ་དགའ་དགའ་ལྟར། །སྣང་ཡང་འབྲས་བུ་སྡུག་བསྔལ་ཁོ་ན་སྟེ། །ཇི་ཙམ་འབྱོར་ཡང་ངོམས་པ་མེད་ཀྱི་སྟེང་། །སླར་ཡང་སྲིད་པའི་མེ་ཆེན་འབར་བའི་རྒྱུ། །དང་པོ་འཚོལ་དང་བར་དུ་བསྲུང་བ་དང་། །ཐ་མར་བརླག་དང་བྲལ་བའི་དུས་ཀུན་དུ། །ལུས་སེམས་ངལ་བའི་ཤ་ཐང་ཆད་གྱུར་ཀྱང་། །འཆི་བའི་ཚེ་ན་ཕན་མེད་གནོད་པའི་གཞི། །གཟུགས་བྱད་ལྷ་འདྲ་འབྱོར་པ་ཀླུ་འདྲ་ཞིང་། །སྟོབས་དཔལ་འཁོར་ལོས་སྒྱུར་བ་དང་མཚུངས་པའི། །སྙན་པའི་གྲགས་པས་འཛམ་གླིང་གང་བྱས་ཀྱང་། །ཆམ་གྱིས་བཞག་ནས་གཅིག་པུར་འགྲོ་ལ་དགོངས། །ཨེ་མ་འདིར་སྣང་སྲིད་པའི་ཕུན་ཚོགས་ཀུན། །ལ་འུར་ལ་འུར་སྐད་ཅིག་རེ་རེ་བཞིན། །འགྱུར་ཞིང་འགྱུར་བའི་ངང་ཚུལ་འདི་གཟིགས་ནས། །ཚེ་འདིའི་སྣང་ཤེས་མཐའ་དག་ལྡོག་པར་མཛོད། །ཀྱེ་ལགས་སྐྱེ་དགུའི་སྐྱབས་གཅིག་ཐུགས་རྗེ་ཅན། །ཤཱཀྱའི་སྲས་པོ་དོན་ཀུན་གྲུབ་པ་དེས། །འཁོར་ལོས་སྒྱུར་བའི་སྲིད་འབྱོར་མ་ལུས་པ། །མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་ཀྱང་། །ཕྱགས་དར་ཁྲོད་ཀྱི་གོས་དང་གྱི་ནའི་ཟས། །ཆུ་དང་ལོ་མའི་དཀའ་ཐུབ་ལ་བརྟེན་ནས། །ཀུ་ཤའི་གདན་ལ་བྱང་ཆུབ་ཤིང་དྲུང་དུ། །ཞི་བའི་གོ་འཕང་མངོན་དུ་མཛད་པ་ལགས། །བདག་ཅག་རྣམས་ཀྱང་མགོན་པོ་དེའི་རྗེས་སུ། །སློབ་པའི་སློབ་མ་ཉིད་དུ་ཁས་ཆེ་ན། །གང་དེའི་རྣམ་ཐར་ཇི་བཞིན་སྐྱོང་པ་ལ། །སྤྲོ་བའི་སྙིང་སྟོབས་ནམ་ཡང་གཏོང་མི་འཚལ། །རྣམ་གཡེངས་སྤངས་ཏེ་དབེན་པའི་རིར་གནས་ཚེ། །རྩེ་གཅིག་ཉམས་སུ་བླངས་པའི་སྙིང་པོ་ནི། །རྒྱུ་འབྲས་ཐེག་པའི་ལམ་གནད་མཐའ་དག་ཀུན། །ཐེག་མཆོག་རྒྱལ་པོ་འོད་གསལ་སྙིང་ཐིག་གི །གསང་ལམ་ཟབ་མོ་སྦྱོར་དངོས་རྗེས་གསུམ་དུ། །དྲིལ་ནས་ཉམས་ལེན་གཅིག་ཏུ་གཟུང་བ་ནི། །རྒྱལ་བའི་དབང་པོ་པདྨ་སམ་བྷ་ཝ། །རྗེ་འབངས་བརྒྱུད་པར་བཅས་པའི་ཕྱག་སྲོལ་ཡིན། །དེ་ཡང་སྔོན་འགྲོ་མི་རྟག་ལ་སོགས་པའི། །ཐབས་ལ་བརྟེན་ནས་ངེས་འབྱུང་བློ་དང་ནི། །འགྲོ་ཀུན་མར་ཤེས་བྱམས་དང་སྙིང་རྗེའི་བློས། །སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད་ལ་བརྩོན། །དེ་རྗེས་ཐུན་མིན་ལམ་གྱི་སྔོན་འགྲོ་ནི། །སེམས་ཀྱི་ཁང་བུ་བཤིག་པ་ཞེས་བྱ་བ། །སེམས་ཀྱི་གཤིས་ལ་བྱུང་གནས་འགྲོ་གསུམ་གྱི། །རང་བཞིན་བཙལ་ནས་བདེན་འཛིན་བཤིག་པ་སྟེ། །བཙལ་ལུགས་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་དང་། །བླ་མའི་ཞལ་ལས་བྱུང་བའི་སྙན་བརྒྱུད་གཉིས། །གཞུང་དང་མན་ངག་དགོངས་པ་ཕྱོགས་གཅིག་ཏུ། །བབས་པའི་གདམས་ངག་ཚད་མས་བཙལ་བར་བྱ། །དངོས་གཞི་རིག་པ་རང་ངོ་སྤྲོད་པ་ནི། །བླ་མ་སངས་རྒྱས་དངོས་སུ་མཐོང་བའི་བློས། །བཅོས་མིན་དད་པ་དྲག་པོས་རྒྱུད་བསྐུལ་ནས། །མོས་གུས་གདུང་བས་དབང་བཞི་བླང་བའི་མཐར། །ཐུགས་ཡིད་དབྱེར་མེད་རིག་སྟོང་རྗེན་པར་བསྲེ། །སྣང་བས་མ་བསླད་འཛིན་པས་མ་བཅིང་པའི། །ད་ལྟའི་ཤེས་རིག་སྤྲོས་བྲལ་བཟོ་མེད་དུ། །རང་བབས་ཉིད་དུ་ཕྱ་ལེར་བཞག་པ་ལ། །དྲན་འཛིན་དམིགས་གཏད་ཡིད་བྱེད་ཀུན་དག་ནས། །རང་གསལ་མངོན་སུམ་ཐེ་ཚོམ་མེད་པ་ཉིད། །མུན་སྒོམ་ཧད་པོའི་གཟེབ་ལས་འགྲོལ་བ་ནི། །དུས་གསུམ་རྒྱལ་བའི་དགོངས་པ་ཡིན་པར་ཁུམས། །རྗེས་ཐོབ་ཉམས་ཀྱི་སྐྱོང་ཐབས་བསྟན་པ་ནི། །ཚོགས་དྲུག་ཡུལ་གྱི་སྣང་བ་ཅི་ཤར་ཡང་། །དགག་སྒྲུབ་སྤངས་ཏེ་རིག་པའི་རངས་གཤིས་སུ། །བཞག་པས་ཆུ་དང་རླབས་བཞིན་གཉིས་མེད་གྲོལ། །གནས་འགྱུ་དབྱེར་མེད་རིག་སྟོང་འབའ་ཞིག་ཏུ། །ཤར་ཚེ་མཉམ་རྗེས་འདྲེས་ཞེས་བཏགས་ཀྱང་རུང་། །དེ་ཡི་ངང་ནས་ཚོགས་གསོག་སྒྲིབ་སྦྱོང་དང་། །ལྷ་སྒོམ་སྔགས་བཟླས་རྩ་རླུང་ལ་སོགས་པའི། །སྤྲོས་བཅས་སྤྱོད་པ་ལམ་གྱི་བོག་འདོན་དུ། །འགྲོ་བར་འདུག་ན་སྤྱད་ཀྱང་འགལ་བ་མེད། །མ་ལྕོགས་ན་ཡང་ཆེད་དུ་མི་དགོས་ཏེ། །རིག་སྟོང་དབྱེར་མེད་མཉམ་རྗེས་འཁོར་ལོ་ལ། །ཚོགས་གཉིས་རྫོགས་པའི་ཐབས་ཚུལ་དཔག་མེད་འདུས། །ཚུལ་འདི་མདོ་རྒྱུད་དུ་མའི་དགོངས་པ་དང་། །བླ་མའི་མན་ངག་ལས་བྱུང་གདམས་པ་སྟེ། །ཐེ་ཚོམ་མེད་པར་ཉམས་སུ་ལེན་མཛོད་དང་། །འདིའམ་འཆི་ཁ་དང་ནི་བར་དོ་རུ། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པར་ངེས། །གལ་ཏེ་དེ་ལ་གཏན་པ་མ་ཐོབ་ཀྱང་། །སྐྱེ་སྲིད་སྤྲུལ་པའི་སྐུ་རུ་འཕོས་གྱུར་ནས། །རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་དང་། །པདྨ་འོད་སོགས་དག་པའི་ཞིང་རྣམས་སུ། །རིག་པ་འཛིན་པའི་གྲལ་དུ་མངོན་ཞུགས་ཏེ། །ལམ་གྱི་འཕྲོ་མཐུད་ཀུན་ཏུ་བཟང་པོའི་སར། །སྐྱེ་བ་གཅིག་གིས་ཕྱིན་པར་གདོན་མི་ཟ། །དེ་སྐད་ཞལ་གྱི་གདམས་པར་སྒྲོ་བཏགས་པའི། །རྨོངས་ཚིག་ཡི་གེའི་ལམ་དུ་སྤེལ་བ་འདི། །དཔྱོད་ལྡན་གཞན་གྱི་ཐུགས་ལ་མི་འཐད་ཀྱང་། །གྲོགས་ཁྱོད་ནན་གྱིས་བསྐུལ་བ་ལྡོག་དཀའ་བས། །གཡར་ཁྲལ་ཙམ་དུ་ཆོས་གཟུགས་སྙོམས་ལས་པ། །པདྨ་བཛྲ་ཞེས་སུ་འབོད་པ་དེས། །ཤར་མར་བྲིས་པའི་དགེ་བས་མཁའ་ཁྱབ་འགྲོ། །ལྷུན་གྲུབ་ཀུན་བཟང་དགོངས་པའི་གཞི་དབྱིངས་སུ། །འབད་མེད་མྱུར་དུ་གྲོལ་བའི་རྒྱུར་གྱུར་ཅིག །དགེའོ། །། །

WechatIMG16.jpeg

གདམས་ངག་རབ་འབྱམས་རྒྱལ་བ།

༄༅། །གདམས་ངག་རབ་འབྱམས་རྒྱལ་བ། རབ་འབྱམས་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་གཟུགས། །གཞན་ཕན་ཕ་མཐའ་ཡས་པའི་རྡོ་རྗེ་འཆང་། །མཚུངས་མེད་ཆོས་རྗེ་བླ་མའི་ཞབས་རྡུལ་ལ། །ཕྱག་འཚལ་སྙིང་ནས་གུས་པས་འདི་སྐད་ཞུ། །བདག་འདྲའི་སྐྱེ་བོ་ཆོས་དྲེད་སྙོམ་ལས་པས། །ཆོས་མཐུན་གདམ་པ་ཁྱེད་ལ་ཇི་ཞིག་གསོལ། །དེ་ལྟ་ནའང་ཉིད་གསུང་མི་ལྡོག་ཙམ། །དམ་པའི་གསུང་སྒྲོས་ནེ་ཙོའི་ཟློས་བཞིན་སྨྲ། །ཀྱེ་ལགས་འདིར་སྣང་སྲིད་པ་སྒྱུ་མའི་འཕྲུལ། །བདེན་མེད་བྱིས་པ་བསླུ་བའི་ཆོས་ཅན་དུ། །གཟིགས་ནས་མཁའ་མཉམ་མ་རྣམས་བསྐྱབ་པའི་ཕྱིར། །བྱང་ཆུབ་མཆོག་གི་གོ་འཕང་མངོན་བཞེད་ན། །སྔོན་བྱོན་རྒྱལ་སྲས་བྱ་བ་གཤེགས་པའི་ཤུལ། །སྲིད་ལ་མ་ཆགས་ཞི་ལ་མི་ཞེན་པའི། །ངེས་འབྱུང་བློ་དང་སྙིང་རྗེའི་འཁོར་ལོ་ཅན། །བྱང་ཆུབ་སེམས་ཀྱིས་ཤིང་རྟ་ལ་ཆིབས་ནས། །བདེ་ནས་བདེ་བར་བགྲོད་བྱེད་ཐེག་པའི་མཆོག །བསོད་ནམས་ཚད་མེད་སྐྱེས་བུ་ཆེན་པོའི་ལམ། །ཚད་མེད་བཞི་དང་ཕ་རོལ་ཕྱིན་པ་དྲུག །འཁྲུལ་མེད་ལམ་གྱི་སྲོག་ཏུ་བཟུང་འཚལ་ལོ། །རྒྱུ་འབྲས་ཕྲ་ཞིབ་ཐུན་མོང་ཐེག་པའི་གཞུང་། །ཇི་བཞིན་མ་ནོར་རྣམ་དག་སྤྱོད་པའི་ཁྲིམས། །དྲང་སྲོང་ཆེན་པོའི་བརྟུལ་ཞུགས་ལེགས་གནས་བཞིན། །མདོ་རྒྱུད་གྲུབ་མཐའ་ཐོས་པས་སྒྲོ་འདོགས་བཅད། །ཀུན་སྤྱོད་མཛེས་དང་ཚིག་འགའ་ཤེས་ཙམ་གྱིས། །སྲིད་ལས་སྒྲོལ་ཞིང་གཞན་དོན་མི་ནུས་པས། །དབེན་པའི་གནས་སུ་སྒྲུབ་པ་ལྷུར་བླང་ནས། །བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་སྦྱངས་པར་མཛོད། །དེ་ཡང་མན་ངག་རྡོ་རྗེ་ཐེག་པ་ཡི། །ལམ་བཟང་བསྐྱེད་རྫོགས་རྫོགས་པ་ཆེན་པོར་བཅས། །བརྒྱུད་ལྡན་བླ་མའི་ཞལ་ལས་འོང་བ་བཞིན། །ཉིན་མཚན་གཡེལ་མེད་བརྩོན་པས་ཉམས་བཞེས་ཏེ། །ཚེ་འདིར་སངས་རྒྱས་སྒྲུབ་པའི་ཐུགས་སྟོབས་བསྐྱེད། །མདོར་ན་སྡོམ་པ་གསུམ་དང་མི་འགལ་བར། །སྤྱོད་པས་ལྟ་བ་མ་བཅིང་ཕྱོགས་ཞེན་སྤངས། །ལྟ་བས་སྤྱོད་པ་མ་ཁྱེར་བླང་དོར་ཞིབ། །ཟུང་འདྲེལ་ལམ་གྱི་གོལ་སྒྲིབ་ཤུགས་ལ་ཆོད། །ལམ་དང་གྲུབ་མཐའ་སྤྲོས་པའི་ཚོགས་རྣམས་ཀུན། །ཤེས་པར་བྱས་ནས་ཕྱོགས་ཞེན་ཀུན་དོར་ཏེ། །ཐེག་པའི་རྩེ་རྒྱལ་འོད་གསལ་རྫོགས་པ་ཆེའི། །དགོངས་པའི་དབྱིངས་སུ་སེམས་ཉིད་ངལ་གསོ་བྱ། །དེ་སྐད་ཞལ་གྱི་གདམས་པར་སྒྲོ་བཏགས་པ། །གང་དྲན་ཉམས་མཚར་རྩེད་མོའི་ཚུལ་དུ་ཕུལ། །དམ་པ་ཁྱོད་ཞབས་བསྐལ་བརྒྱར་བརྟན་བཞུགས་ནས། །ཕྲིན་ལས་ཕྱོགས་བརྒྱར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྫོགས་སྤྲུལ་རིན་པོ་ཆེའི་བཞེད་སྐོང་དུ་རྫོགས་ཆེན་གྱི་བན་དེ་པདྨ་བཛྲ་པས་བྲིས་ཏེ་ཕུལ་བའོ། །དགེའོ། །བཀྲ་ཤིས། །། །

གདམས་ངག་སྐྱབས་ཀུན་འདུས་གཟུགས།

༄༅། །གདམས་ངག་སྐྱབས་ཀུན་འདུས་གཟུགས། ན་མོ་གུ་རུ། སྐྱབས་ཀུན་འདུས་པའི་སྤྱི་གཟུགས་རྡོ་རྗེ་འཆང་། །བསླུ་མེད་རིགས་ཀྱི་བདག་པོ་རྒྱལ་བའི་སྲས། །གཞན་ཕན་ཕ་མཐའ་ཡས་པའི་མགོན་པོ་དེས། །བྱང་ཆུབ་བར་དུ་ཐུགས་རྗེས་སྐྱོངས་མཛོད་ཅིག །ཀྱཻ་ཧོ། །རྙེད་དཀའི་རྟེན་བཟང་དལ་འབྱོར་ལུས་ཐོབ་ཅིང་། །རྒྱལ་བའི་བསྟན་པ་ཡིད་བཞིན་འདོད་དགུའི་མཛོད། །བླ་མའི་དྲིན་གྱིས་ཅི་དགར་སྤྱོད་དུས་འདིར། །འབད་པ་དྲག་པོས་སྙིང་པོ་ལེན་དགོས་སོ། །ཚེ་ལ་ལོང་མེད་ནམ་འཆི་གཏད་སོ་ཅི། །ལང་འཚོའི་འདུ་བྱེད་རྒ་བས་ཟིལ་མནན་ཅིང་། །ནད་དང་རྒུད་པས་བྲན་བཞིན་བགྱིས་པ་ན། །དེ་དུས་ཅི་བྱ་ལ་འུར་ཆོས་ལ་བརྩོན། །ཆོས་ཞེས་བྱ་བ་གཞན་ན་ཡོད་མིན་ཏེ། །ཁ་ཙམ་མིན་པར་སྲིད་པའི་གནས་རིས་ཀུན། །སྡུག་བསྔལ་གསུམ་གྱིས་མནར་བའི་ཚུལ་བསམ་ནས། །སྙིང་ནས་ཐར་བའི་ལམ་བཟང་དོན་གཉེར་དགོས། །ཚེ་འདི་བློས་བཏང་ངེས་འབྱུང་སེམས་བསྐྱེད་དེ། །ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་བསྐྱངས་པའི། །མ་རྒན་འགྲོ་འདིའི་སྣང་ཚུལ་ལ་གཟིགས་ནས། །ཚད་མེད་རྣམ་བཞིས་རང་བློ་སྦྱོང་པར་མཛོད། །རང་ཉིད་གཅིག་པུ་ཞི་ལ་གཞོལ་འདོད་པའི། །ཐེག་དམན་བྱིས་པའི་ལམ་དང་མི་མཛའ་བའི། །སྐྱེས་བུ་ཆེན་པོའི་འཇུག་ངོགས་འཕགས་པའི་ལམ། །བྱང་ཆུབ་སེམས་གཉིས་བསྒོམ་ལ་ནན་ཏན་མཛོད། །སྙིང་རྗེས་དྲངས་པའི་གཞན་ཕྱིར་སངས་རྒྱས་ཀྱི། །གོ་འཕང་སྒྲུབ་འདོད་བློ་ནི་ཀུན་རྫོབ་སྟེ། །ཤེས་རབ་ཟབ་མོས་དྲངས་པའི་ཆོས་ཀུན་གྱི། །རང་བཞིན་གནས་ལུགས་རྟོགས་པ་དོན་དམ་སེམས། །འདི་གཉིས་མཉམ་རྗེས་པའམ་དུས་གཅིག་ཏུ། །མཉམ་པར་སྦྱོར་ཞིང་ཉམས་སུ་ལེན་པ་ནི། །སྟོང་དང་སྙིང་རྗེ་ཟུང་འཇུག་ལམ་ཞེས་པ། །མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་སྲོག་ཤིང་ཡིན། །འདི་ཡོད་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི། །བསྐྱེད་རྫོགས་བསྙེན་སྒྲུབ་ཕྲིན་ལས་རྣམ་བཞི་སོགས། །ཀུན་ཀྱང་ཉི་མ་དང་ནི་འོད་ཟེར་བཞིན། །གཅིག་ཏུ་འདུས་ཤིང་ལམ་གཞན་གོལ་མི་འགྱུར། །འདི་མེད་ལུས་ངག་ཆོས་སྤྱོད་ཅི་བརྩོན་ཡང་། །འབྲས་བུ་རྒྱ་ཆུང་དམན་པའི་ལམ་དུ་གོལ། །མདོ་སྔགས་གང་ཡང་སེང་གེའི་གསོབ་འདྲ་ཞིང་། །རྣམ་པ་ཙམ་ལས་དངོས་དོན་འགྲུབ་མི་འགྱུར། །རྒྱུ་མཚན་དེའི་ཕྱིར་སྟོང་ཉིད་སྙིང་རྗེ་གཉིས། །ཟུང་འདྲེལ་ལམ་གྱི་སྲོག་ཏུ་བཟུང་བ་ནི། །རྒྱལ་དང་གྲུབ་ཐོབ་ཀུན་གྱིས་ཡང་ནས་ཡང་། །བསྔགས་ཕྱིར་འདིར་ཡང་བཟླས་ཤིང་བཟླས་པ་ལགས། །དེ་ཕྱིར་མན་ངག་རྡོ་རྗེའི་ཐེག་པ་སྟེ། །དེ་ཡི་སྙིང་པོ་བསྐྱེད་རྫོགས་རྣམ་པ་གཉིས། །དེ་ཡི་སྙིང་པོ་འོད་གསལ་རྫོགས་པ་ཆེ། །བློ་འདས་རིག་པ་སྤྲོས་དང་བྲལ་བ་ལགས། །འདི་ཡི་དགོངས་པ་ཇི་བཞིན་སྐྱོང་འདོད་ན། །འདུ་འཛི་དབེན་པའི་རི་ངོགས་ཉམས་དགའ་བ། བྱ་དང་རི་དྭགས་གྲུབ་པའི་བསྡི་གནས་སུ། །སྒོ་གསུམ་རྣམ་གཡེང་འཁྲུལ་བ་རྒྱང་བསྲིངས་ནས། །སྙིང་ཐིག་སྙིང་པོའི་ལམ་བཟང་ཇི་བཞིན་པར། །དབྱིངས་རིག་འོད་གསལ་ངང་ལས་མི་གཡོ་ཞིང་། །གནད་གསུམ་ཆོས་ཉིད་འཁོར་ལོའི་རྒྱ་བཅིང་སྟེ། །སྒོམ་པ་ཉིན་མཚན་ཁ་སྦྱོར་གཅིག་ཏུ་དྲིལ། །སྒོ་ལྔ་རང་ཡན་རྒྱ་མཚོའི་གཟའ་སྐར་འདྲ། །རིག་པ་རྟོག་བྲལ་ནམ་མཁའི་དབྱིངས་དང་མཚུངས། །སྣང་སེམས་འདྲེལ་མེད་བྱིས་པའི་ཐ་སྙད་བཞིན། །ཐ་མལ་ཤེས་པ་གཅེར་བུར་ལྡིང་བ་ལ། །སྣང་བས་མ་བསླད་འཛིན་པས་མ་བཅིང་ཞིང་། །སྒོམ་བློས་གཟེབ་དང་རྟོག་པ་སྒྲོ་མི་གདགས། །རང་བབ་ངང་དུ་རང་བཞག་ཏ་ལེ་བ། །འདི་ཀ་རྡོ་རྗེ་སེམས་དཔའ་གསང་ལམ་སྟེ། །ཚོགས་དྲུག་ཡུལ་གྱི་སྣང་བ་ཇི་ཤར་ཡང་། །བཟང་ངན་དགེ་སྡིག་རྟོག་པ་ཅི་བྱུང་ཡང་། །གཞི་མེད་ངང་དུ་རང་གྲོལ་གནད་ཤེས་ན། །ནམ་མཁའི་བྱ་ལམ་ཆུ་ཡི་རི་མོ་བཞིན། །རྣལ་འབྱོར་སེམས་ལ་འཆིང་གྲོལ་ཡོད་མི་སྲིད། །སེམས་ཀྱི་རྒྱལ་པོ་གང་ཤར་རང་ཡལ་ངང་། །རིག་པའི་རྒྱལ་པོ་དུས་གསུམ་འགྱུར་མེད་ཀློང་། །རྣལ་འབྱོར་རྒྱལ་པོ་རྟག་ཏུ་མཉམ་བཞག་ན། །ཆོས་སྐུ་རྒྱལ་པོ་ཚེ་འདིར་འགྲུབ་པར་ངེས། །དེ་སྐད་ཡིད་ལ་གང་དྲན་འཆལ་གཏམ་འདི། །སྒྲུབ་བརྩོན་བླ་མ་པདྨའི་མཚན་ཅན་གྱི། །ཐུགས་བཞེད་སྐོང་ཕྱིར་པདྨ་བཛྲ་པས། །བྲིས་ཏེ་ཕུལ་བས་སྙིང་པོའི་དོན་རྟོགས་ཤོག །དགེའོ། །། །

1516596049901574.jpg

ཞལ་གདམས་གནད་ཀྱི་སྒྲོན་མེ།

༄༅། །ཞལ་གདམས་གནད་ཀྱི་སྒྲོན་མེ་བཞུགས་སོ། །ན་མོ་གུ་རུཿ རྒྱལ་བའི་ཡེ་ཤེས་སྣ་ཚོགས་གདུལ་བྱའི་ངོར། །ཤར་བའི་དྲིན་ཅན་བླ་མའི་ཚོགས་རྣམས་ཀུན། །བདེ་ཆེན་འཁོར་ལོར་མཛེས་པའི་རྒྱན་དུ་བཞུགས། །གྲུབ་བརྙེས་རིག་འཛིན་དུ་མས་རྗེས་བཟུང་ཞིང་། གདམས་ངག་བདུད་རྩིའི་བཅུད་ཀྱིས་ཉེར་འཚོ་བའི། །རྟོགས་པའི་ལུས་སྟོབས་རྒྱས་པའི་དམ་པ་ལ། །བདག་འདྲས་མང་དུ་གསོལ་ལ་དགོས་པ་ཅི། །འོན་ཀྱང་རིང་མོའི་ལམ་ནས་དག་སྣང་གིས། །བོང་བ་གསེར་དུ་གཟིགས་ནས་བསྐུལ་བའི་གསུང་། །ལྡོག་པར་མ་ཕོད་ཡིད་ལ་གང་དྲན་པའི། །འཆོལ་གཏམ་དམ་དུམ་འཛེམ་མེད་སྤེལ་ལ་དགོངས། །ཀྱེ་ལགས་སྲིད་པའི་ཆོས་ལ་ཡིད་དབྱུང་ཞིང་། །སྲིད་པར་འཁྱམས་པའི་འགྲོ་ལ་ཐུགས་བརྩེ་བས། །ཚེ་འདིར་ཆོས་སྐུའི་རྒྱལ་ས་འཛིན་བཞེད་ན། །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་ནི། །ཐོག་མར་དགེ་བ་བྱང་ཆུབ་སེམས་མཆོག་བསྐྱེད། །བར་དུ་དགེ་བ་རིམ་གཉིས་ལམ་ལ་སྦྱང་། །ཐ་མར་དགེ་བ་འོད་གསལ་རྫོགས་པ་ཆེས། །འབྲས་བུར་སྦྱོར་བ་སྔ་འགྱུར་ལམ་གྱི་སྲོལ། །ཁྱད་པར་དབང་བཞིས་ལམ་གྱི་རྒྱུད་སྨིན་ཅིང་། །དམ་ཚིག་རྣམ་པར་དག་པས་གཞི་བཟུང་སྟེ། །ལྟ་བས་ཐག་བཅད་སྒོམ་པས་ཉམས་སུ་བླངས། །སྤྱོད་པས་བོགས་དབྱུང་འབྲས་བུ་མངོན་དུ་བྱ། །ལྟ་བའི་རིམ་པ་རྒྱ་ཆེ་གྲངས་མང་ཡང་། །ངེས་པའི་སྙིང་པོ་རང་བྱུང་ཡེ་ཤེས་ཏེ། །བདག་དང་ཕུང་པོ་སེམས་དང་སེམས་བྱུང་ཀུན། །གཞི་མེད་རྩ་བྲལ་སྟོང་པར་ཐག་བཅད་དེ། །རང་ཡལ་རྗེས་མེད་ནམ་མཁའི་ངང་ལ་བཞགས། །དེ་ཚེ་ཕྲ་རགས་རྟོག་པ་ཀུན་བྲལ་ནས། ཡིད་དཔྱོད་ཉམས་དང་མྱོང་བས་མ་བསླད་པའི། །ནང་གསལ་རྗེན་པ་ཡུལ་མེད་ཟང་ཐལ་ལེ། །རིག་གདང་འགགས་མེད་ནམ་མཁའི་ངང་དུ་བཞག །དངུལ་ཆུ་དཀར་མོ་རྡུལ་དང་མི་འདྲེས་བཞིན། །སེམས་དང་རིག་པ་ཤག་གིས་དབྱེ་བ་ནི། །ལྟ་བའི་རྒྱལ་པོ་རང་གནས་ཡེ་ཤེས་ལགས། །དེ་ཀའི་ངང་ལ་མ་བཅོས་རང་བབས་སུ། །ལྷོད་དེ་ཤིག་གེ་བྱ་རྩོལ་བྲལ་བར་སྐྱོངས། །བྱིང་རྒོད་འགྱུ་འཕྲོའི་རྟོག་པ་ཅི་ཤར་ཡང་། །རིག་པ་རྗེན་ལ་ཕྱུང་ནས་རང་ཐོག་ཏུ། །ལྷོད་པས་དེ་ཀུན་རིག་པའི་རྩལ་ཡིན་ཕྱིར། །རིག་པའི་གཤིས་སུ་བཟང་ངན་མེད་པར་གྲོལ། །དེ་ལས་གཞན་ཡང་ཆགས་སྡང་སྐྱིད་སྡུག་དང་། །དགྲ་གཉེན་རྣམ་རྟོག་རི་མོ་ཅི་ཤར་ཡང་། །དགག་སྒྲུབ་བླང་དོར་མེད་པར་དེ་ཐོག་ཏུ། །ལྷོད་ལ་ལྟོས་དང་དེ་ཀུན་རིག་པ་སྟེ། །རིག་པ་ཉིད་ལས་གཞན་པའི་འཁོར་འདས་ཆོས། །བཙལ་ཀྱང་རྒྱལ་བ་ཉིད་ཀྱིས་མི་རྙེད་གསུངས། །དེ་ཕྱིར་རྫོགས་པ་ཆེན་པོའི་གསང་ལམ་ནི། །རིག་པ་རྐྱང་དེད་ལམ་འདི་ཁོ་ནའོ། །རིག་རྩལ་དབྱིངས་རིག་ཐོད་རྒལ་ཉམས་ལེན་གྱིས། །བརྩོན་འགྲུས་རབ་རྣམས་འོད་སྐུར་གྲོལ་བ་དང་། །ཐ་མའང་ཆོས་ཉིད་བར་དོའི་གྲོལ་ཚད་ཀུན། །ཚེ་འདི་ཉིད་ལ་ཉམས་འོག་ཚུད་པར་བྱེད། །གཞན་ཡང་ལྷ་སྒོམ་སྔགས་བཟླས་བྱམས་སྙིང་རྗེ། །སྒོམ་སོགས་ལུས་ངག་དགེ་སྦྱོར་གང་བྱེད་ཀྱང་། །རིག་པའི་ངང་དུ་ལྷོད་ནས་བགྱིས་ཙ་ན། །མེ་ལོང་དབྱིངས་ལ་གཟུགས་བརྙན་ཤར་བ་དང་། །མཁའ་ལ་འཇའ་ཚོན་ཆུ་ལ་རི་མོ་བཞིན། །ཤར་ཡང་རང་གི་ངང་ལས་མ་འདས་པས། །རིག་པའི་རྩལ་འབྱོངས་ཚོགས་གཉིས་ཟུང་འདྲེལ་ཡིན། ཆོས་སྐུའི་ངང་ལ་གཟུགས་སྐུ་ལྷུན་གྲུབ་བོ། །ཁ་ཅིག་རིག་པའི་ངང་ལ་བཞག་ཙ་ན། །ལྷ་སྒོམ་སྔགས་བཟླས་ལ་སོགས་མི་ཡོང་སྨྲ། །དེ་འདྲ་མཉམ་རྗེས་དོན་ལ་རྨོངས་པ་སྟེ། །མཉམ་བཞག་ངང་ལ་མཁའ་བཞིན་སྤྲོས་པ་མེད། །རྗེས་ཐོབ་དུས་སུ་འཁོར་འདས་སྣང་སེམས་ཀུན། །རིག་པའི་ངང་དུ་རྩལ་སྦྱངས་དོན་དང་བསྲེ། །དེ་ལ་གོམས་ཚེ་མཉམ་རྗེས་གཉིས་མེད་འདྲེས། །གནས་འགྱུ་ཁྱད་མེད་རིག་པའི་ངང་དུ་མཉམ། །སྤང་གཉེན་དབྱེར་མེད་འཁོར་འདས་ཆོས་སྐུར་གྲོལ། །ཞེན་འཛིན་མེད་ན་འཁོར་བའི་བག་ཆགས་སྟོང་། །དགེ་སྡིག་དཀར་ནག་སྤྲིན་གྱིས་མི་གོས་སོ། །ཉིན་སྣང་མཚན་སྣང་མི་འདྲའི་ཁྱད་པར་དང་། །བཟང་རྐྱེན་ངན་རྐྱེན་ངོས་ཟིན་མི་ཟིན་གྱི། །ཁྱད་པར་གོ་ཡང་གོམས་པའི་ལག་རྗེས་ཏེ། །བརྩོན་འགྲུས་དྲག་པོས་རྒྱུན་རིང་གོམས་པ་ན། །ཉིན་མོའི་ཉམས་ལེན་མཚན་མོའི་དུས་སུ་སླེབས། །རྐྱེན་སྣང་ཇེ་མཉམ་ཇེ་མཉམ་མཉམ་པར་འགྱུར། །ཁྱད་པར་འོད་གསལ་རྨི་ལམ་དགེ་སྦྱོར་འདི། །དཀོར་གྲིབ་ཉམས་གྲིབ་སྡིག་ཟས་གྲོགས་ཀྱི་གྲིབ། །གྲིབ་ཀྱི་རིགས་འདིས་ཤིན་ཏུ་གནོད་པས་ན། །འདི་འདྲའི་རིགས་ལ་ཤིན་ཏུ་གཟབ་དགོས་སོ། །ཉོན་མོངས་ལམ་ཁྱེར་རིམ་པ་གྲངས་མང་སྟེ། །མཚན་ཉིད་ཐེག་པར་སྟོང་ཉིད་སྙིང་རྗེས་སྦྱོངས། །ཉོན་མོངས་ཆུ་ལུད་རྣམ་གྲོལ་ཞིང་ལ་ཕན། །སྔགས་ཀྱི་ཐེག་པར་ལྷ་དང་ཐབས་མཁས་ཀྱིས། །ཟིན་པས་ཉོན་མོངས་རྣམ་པ་མི་བསྒྱུར་ཡང་། །ངོ་བོ་ཚོགས་གཉིས་ལམ་དུ་ཁྱེར་བ་ཡིས། །སྦྱོར་སྒྲོལ་སོགས་བྱས་ཀྱང་ལས་མི་སོགས་ཚོགས་བསོད་ནམས་ཡེ་ཤེས་སུ་འགྱུར་རོ་གསུངས། །རྫོགས་ཆེན་ལུགས་ལ་གོང་དུ་བཤད་པ་བཞིན། །རྣམ་རྟོག་ལམ་ཁྱེར་ཉིད་དང་གནད་གཅིག་སྟེ། །ཆགས་སྡང་གང་ཡང་རྣམ་རྟོག་བྱེ་བྲག་ཡིན། །དེ་ཕྱིར་རྣམ་རྟོག་ཆགས་སྡང་གང་ཤར་ཡང་། །ཤར་དུས་ཉིད་ནས་རང་ངོ་རིག་པ་ལས། །གཞན་དུ་མ་གཡོས་ཤར་གྲོལ་དུས་མཉམ་ཡིན། །དེས་ན་ཆགས་སྡང་གང་སྐྱེས་ཞེན་འཛིན་མེད། །ཞེན་འཛིན་མེད་པའི་ཉོན་མོངས་ཡེ་ཤེས་ཡིན། །དགག་སྒྲུབ་མི་དགོས་རང་སོར་ལྷོད་པ་ན། །ཉོན་མོངས་རང་གྲོལ་རིག་པའི་གསལ་འདེབས་ཡིན། །དེ་ལ་བརྟན་པ་མ་ཐོབ་བར་དུ་ནི། །ལྟ་སྒོམ་ཐོག་ཏུ་ཉོན་མོངས་ཡེ་ཤེས་སུ། །ལ་ཟླ་སྤང་བླང་མི་དགོས་ལམ་དུ་ཁྱེར། །སྤྱོད་པ་ཤན་འབྱེད་རྒྱུ་འབྲས་ཞིབ་ཏུ་བྱ། །བརྟན་པ་ཆེར་ཐོབ་སྐྱེ་བོས་མ་ཚོར་བར། །གསང་སྤྱོད་བྱ་ཞིང་ཉོན་མོངས་རྩལ་སྦྱང་བྱ། །དེ་ལ་རིག་པ་བརྟུལ་ཞུགས་སྤྱོད་པ་ཟེར། །གཞན་སྣང་བསྒྱུར་ནུས་སྤང་གཉེན་རོ་གཅིག་ཏུ། །འདྲེས་ཚེ་གྲུབ་ཆེན་ས་ར་ཧ་པ་དང་། །པད་འབྱུང་ལ་སོགས་གྲུབ་པའི་རྣམ་ཐར་བཞིན། །སྦྱོར་གྲོལ་ལ་སོགས་བརྟུལ་ཞུགས་མངོན་སྤྱོད་བྱ། །དེ་ལ་ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་ཟེར། །དེ་ལྟར་ལྟ་སྒོམ་སྒྲོ་འདོགས་ཆོད་པ་ན། །སྤྱོད་པ་དུས་ཚོད་འདྲེལ་བར་ཉམས་སུ་བླང་། །འབྲས་བུ་མངོན་གྱུར་གོལ་སྒྲིབ་འཕྲང་ལས་གྲོལ། །ཟུང་འཇུག་རྡོ་རྗེའི་ས་མཆོག་མངོན་དུ་གྱུར། །ད་ནི་ཡུན་རིང་ལོང་མེད་ཚེ་འཇུག་འདིར། །ཉམས་ལེན་སྙིང་པོར་དྲིལ་བའི་དུས་ལ་བབ། །སྐྱབས་ཀུན་ངོ་བོ་དྲིན་ཆེན་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ་དུ་བསྒོམ། །སྙིང་ནས་གསོལ་གདབ་དབང་བླངས་ཐུགས་ཡིད་བསྲེ། །བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་། །ད་ལྟའི་སེམས་ལ་བཅས་བཅོས་མེད་པར་བཞག །ལྟ་སྒོམ་གྲུབ་མཐའི་ཞེ་འདོད་ཐམས་ཅད་ཤིགས། །ཡོད་མེད་སྣང་སྟོང་གང་དུའང་མ་འཛིན་པར། །རང་བབ་ངང་དེར་ལྷོད་དེ་བཞག་པ་ན། །ཀུན་རྟོག་སེམས་ཀྱི་རྙོགས་མ་དྭངས་པའི་ཚེ། །རང་བྱུང་ཡེ་ཤེས་རང་གསལ་རྗེན་སང་ངེ་། །དུས་གསུམ་འཕོ་འགྱུར་བྲལ་བ་ངང་གིས་འཆར། །དེ་ཡི་རྩལ་དུ་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །རིག་པ་རང་གྲོལ་བླ་མ་དེ་ཡིན་གསུངས། །རྒྱུན་གྱི་ཉམས་ལེན་འཆི་བའི་དུས་སུ་ཡང་། །འདའ་ཀའི་གདམ་ངག་གཅིག་ཆོག་དེ་རང་ཡིན། །དེ་ཚོ་ཐུགས་ལ་འཐད་ན་དེ་བཞིན་མཛོད། །གཞན་ནི་ཅི་ཡང་བདག་གིས་མི་ཤེས་སོ། །དེ་སྐད་རྐང་བན་པདྨ་བཛྲ་པས། །བླ་མ་དམ་པ་སངས་རྒྱས་ཡེ་ཤེས་ཀྱི། །བཞེད་པ་མི་ལྡོག་ཙམ་གྱི་ཡི་གེ་འདི། །རུ་དམ་ཡང་དབེན་པདྨའི་ཐང་ནས་བྲིས། །དགེ་བས་བདག་སོགས་མཁའ་ཁྱབ་སེམས་ཅན་ཀུན། །འདུ་འཛིས་དབེན་པའི་ནགས་ཁྲོད་ཉམས་དགའ་བར། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་བས། །ཀུན་བཟང་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །། །དགེའོ། །

གདམས་ངག་སྐྱབས་ཀུན་མ།

༄༅། །གདམས་ངག་སྐྱབས་ཀུན་མ། སྐྱབས་ཀུན་འདུས་པའི་བདག་ཉིད་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཟུང་འཛིན་འཁྲུལ་བའི་བག་ཆགས་རང་དག་ནས། །སེམས་ཉིད་འོད་གསལ་རྟོགས་པར་བྱིན་གྱིས་རློབས། །འདི་ལྟར་འཁོར་འདས་སྣོད་བཅུད་སྣང་སྲིད་ཀུན། །སེམས་ལ་སྣང་ཞིང་སེམས་ཀྱིས་བཏགས་པ་སྟེ། །སེམས་ཉིད་གཞི་མེད་རྩ་བྲལ་སྟོང་པ་ཉིད། །མཁའ་འདྲའི་སྤྲོས་པ་བྲལ་བ་ཤེས་པར་བྱ། །དེ་ཉིད་ངང་ལ་རང་བབ་སྒོམ་པའི་ཚེ། །བླ་མར་གསོལ་བཏབ་ཐུགས་ཡིད་དབྱེར་མེད་བསྲེས། །ལུས་གནད་བསྲང་ལ་སྒོ་ལྔ་རང་ཡན་བཞག །ཡོད་མེད་སྣང་སྟོང་ཡིད་ལ་མི་བྱ་བར། །ད་ལྟའི་ཤེས་པ་རང་བབས་བཅོས་མེད་ངང་། །བྱིང་རྒོད་རྟོག་པས་མ་བསླད་དྭངས་སེང་ངེ་། །གསལ་སྟོང་ཤེས་པ་རང་གསལ་རྗེན་པར་སྐྱོང་། །དེ་ཉིད་ངང་ལས་རྣམ་རྟོག་རིག་པའི་རྩལ། །ཇི་ལྟར་ཤར་ཡང་དགག་སྒྲུབ་སྤང་བླང་དང་། །རྗེས་མཐུད་མེད་པར་རང་ཐོག་བཞག་པ་ན། །ཤར་དུས་ཉིད་ནས་གཤིས་ལ་མ་གྲུབ་པས། །རང་ཤར་རང་ཡལ་རྩལ་སྣང་གཞི་ལ་དག །འོད་གསལ་གཉུག་མའི་གཤིས་ལ་གོས་མི་འགྱུར། །རྗེས་ཐོབ་ཆོས་ཀུན་བདེན་མེད་སྒྱུ་མ་དང་། །རྨི་ལམ་ལྟ་བུར་ཤེས་པའི་ཞེན་མེད་བློས། །དད་དང་དག་སྣང་བྱམས་དང་སྙིང་རྗེ་དང་། །ལྷ་སྒོམ་སྔགས་བཟླས་རྟོག་པའི་རྩལ་སྦྱང་བྱ། །དགེ་ཚོགས་གང་སྒྲུབ་སེམས་ཅན་ཀུན་དོན་དུ། །རྣམ་དཀར་བསྔོ་བ་སྨོན་ལམ་རྒྱ་ཡིས་ཐོབ། །རྣམ་གཡེང་འཁྲུལ་བའི་རྗེས་སུ་མི་འབྲང་བར། །དབེན་པར་ཞི་བའི་ཏིང་འཛིན་སྒོམ་ནུས་ཤོག །ཅེས་པ་འདིའང་པདྨ་བཛྲ་པས། །བརྩེ་བས་གདམས་པ་ཡིན་གྱིས་ཐུགས་ལ་ཞོག །མང་པོའི་སྤྲོས་པ་དོར་ལ་འདི་ཁོ་ན། །བརྩོན་དང་སྒྲུབ་འབྲས་ཚེ་འདིར་སྨིན་པར་འགྱུར། །དགེའོ། །། །

གདམས་ངག་དྲན་གྲོལ་མ།

༄༅། །གདམས་ངག་དྲན་གྲོལ་མ་ཞེས་བྱ་བ། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་ནི་སངས་རྒྱས་བསྟན་པའི་ཉམས་ལེན་གནད། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་ཀུན་བསླང་ནས། །མི་དགེ་སྤངས་ཤིང་དགེ་བའི་ལས་ལ་འབད། །དམ་པ་གསུམ་ལྡན་ཕྱིན་དྲུག་བསྐྱེད་རྫོགས་བཅས། །མདོ་སྔགས་ལམ་ལ་རང་བློས་ཅི་ནུས་བསླབ། །གཞན་དོན་ལྷག་བསམ་སྨོན་ལམ་རྒྱ་ཡིས་གདབ། །ད་ལྟ་ཤི་ཡང་དེ་ལས་གཞན་ཅི་ཡོད། །ཁྱད་པར་ཐེག་པ་མཆོག་གི་ལམ་གྱི་གནད། །བླ་མ་སངས་རྒྱས་དངོས་སུ་མཐོང་བའི་བློས། །གསོལ་གདབ་དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེས། །སྒོ་གསུམ་རང་བབ་ལུས་སེམས་ཁོང་ཀློད་ནས། །དུས་གསུམ་འཁྲུལ་རྟོག་སེམས་དང་སེམས་བྱུང་རྣམས། །གཞི་མེད་རྩ་བྲལ་གདོད་ནས་གྲུབ་མ་མྱོང་། །རང་ཡལ་རྗེས་མེད་ངང་དུ་བོར་ལ་ཐོངས། །སེམས་ཉིད་འོད་གསལ་བྱང་ཆུབ་སེམས་ཀྱི་ཁམས། །རྟོག་པས་མ་བཅོས་ཉམས་ཀྱིས་མ་བསླད་པ། །སྟོང་གསལ་མཐའ་དབུས་བྲལ་བ་ནམ་མཁའ་འདྲ། །འཛིན་མེད་ངང་དུ་ཞེན་མེད་ཡངས་ཁྲོལ་ལེ། །བསྒོམ་མེད་ངང་དུ་ཡེངས་མེད་བཙན་ས་ཟུངས། །རྩལ་གྱི་རྟོག་པ་བཟང་ངན་ཅི་ཤར་ཡང་། །དགག་སྒྲུབ་སྤོང་ལེན་རེ་དོགས་མི་བྱ་བར། །འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །ཆུ་ཡི་རི་མོ་སྦྲུལ་གྱི་མདུད་པ་བཞིན། །རང་ཤར་རང་གྲོལ་རྟོག་པའི་རྩལ་སྦྱོང་ལགས། །ནམ་ཞིག་འཆི་བ་བཙན་ཐབས་བྱུང་ནའང་། །རིག་པ་སྐྱེ་མེད་ནམ་མཁའི་དབྱིངས་ལ་འཕོ། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ། །མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བཞག །འཆི་སྲིད་ཆོས་སྐུར་གྲོལ་བའི་གདམས་པ་ལགས། །ཆོས་ཉིད་བར་དོར་སྒྲ་འོད་ཟེར་གསུམ་ཀུན། །ཇི་ལྟར་ཤར་ཡང་རིག་པའི་ངང་དུ་བཞག །ཞེན་འཛིན་མེད་པ་ལོངས་སྤྱོད་རྫོགས་སྐུར་གྲོལ། །གལ་ཏེ་སྲིད་པ་བར་དོར་ཁ་འཁྱལ་ན། །རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་སོགས། །དག་པའི་ཞིང་དུ་དཔག་ཆེན་མདའ་འཕང་བཞིན། །འགྲོ་བ་བར་དོར་གྲོལ་བའི་གདམས་པ་ལགས། །དེ་ཚོ་ཐུགས་ལ་བཞག་པའི་བཀའ་དྲིན་ཞུ། །ཞེས་མཁན་མིང་པདྨ་བཛྲ་པས་སྨྲས་པ་དགེ། །མངྒ་ལཾ། །། །

WechatIMG758.jpeg

འཆི་སྲིད་ཆོས་སྐུར་གྲོལ་བའི་གདམས་པ་ས་ལམ་ཆིག་ཆོད།

༄༅། །འཆི་སྲིད་ཆོས་སྐུར་གྲོལ་བའི་གདམས་པ་ས་ལམ་ཆིག་ཆོད། ན་མོ་གུ་རུ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་འཕྲུལ། །རྣམ་འགྱུར་མ་ངེས་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་ཁམས་ཐར་བའི་ལམ་ལ་འགོད་མཛད་པའི། །མཁས་གྲུབ་དཔལ་མགོན་བླ་མའི་ཚོགས་ལ་འདུད། །རྒྱལ་དང་རྒྱལ་སྲས་རིམ་ནས་རིམ་བརྒྱུད་པའི། །བཀའ་དང་བསྟན་བཅོས་མན་ངག་ཟབ་ཁྲིད་ཀུན། །འཆི་ཁར་ཕན་ཞིང་ནམ་ཕུགས་སངས་རྒྱས་པའི། །གདམས་པ་ཉིད་ཡིན་དེ་ལས་གཞན་ཅི་ཡོད། །འོན་ཀྱང་ཉིད་གསུང་མི་ལྡོག་ཙམ་ཞུ་ན། །སྤྱིར་ནི་འདུས་བྱས་ཆོས་ཀུན་མི་རྟག་ཅིང་། །ཁྱད་པར་རང་རེ་ན་ཚོད་ཡོལ་ལ་གཟིགས། །དེ་ནི་ཕྱི་མའི་ལམ་ཆེན་བགྲོད་ལ་ཉེ། །འཁོར་བའི་འཆིང་ཐག་ཚེ་འདིའི་ཕྱི་ཚིས་ཐོང་། །བློ་གཏད་མ་ནུས་དཀོན་མཆོག་གསུམ་ལ་གྱིས། །གསོལ་བ་ཕུར་ཚུགས་བླ་མ་རྗེ་ལ་ཐོབ། །འཆི་བ་མ་བརྗེད་ཚེ་ལྷག་ཆོས་ལ་བསྒྲིལ། །ཡང་ལྟོས་ཡང་ལྟོས་རང་གི་སེམས་ལ་ལྟོས། །མ་འཁྲུལ་མ་འཁྲུལ་དྲན་ཤེས་གཉེན་པོ་བསྟེན། །སྔོན་འགྲོ་སྐྱབས་སེམས་བླ་མའི་རྣལ་འབྱོར་བསྒོམ། །དངོས་གཞི་ལུས་ངག་ཡིད་གསུམ་རྣལ་དུ་ཕོབས། །ཕྲ་རགས་རྣམ་རྟོག་གང་ཤར་རྗེས་མ་མཐུད། །སྤང་ལེན་དགག་སྒྲུབ་བཅས་བཅོས་མ་བྱེད་པར། །རང་བབས་ངང་ལ་རང་སར་ཡལ་དུ་ཆུགས། །དམིགས་གཏད་སེམས་འཛིན་རྟོག་དཔྱོད་དགོས་པ་མེད། །རྟེན་མེད་ངང་དུ་འཛིན་མེད་ཁྲོལ་ལེར་ཞོག །ནམ་མཁའི་དབྱིངས་སུ་སྤྲིན་ཚོགས་དེངས་པ་བཞིན། །སེམས་དང་སེམས་བྱུང་འགྱུ་བ་དག་པའི་ཚེ། །སེམས་ཉིད་འོད་གསལ་དུས་གསུམ་འཕོ་འགྱུར་མེད། །དྭངས་གསལ་སྒྲིབ་མེད་བར་སྣང་དག་པ་བཞིན། །ཡུལ་མེད་རང་གསལ་རིག་པ་རྗེན་པར་འཆར། །དེ་ལ་ངེས་ཤེས་ཞེན་པས་མ་བཅིང་བར། །གཉེན་པོས་མ་བསླད་རང་ཁར་འཇོག་ཤེས་ན། །འོད་གསལ་དེ་ཡིན་ལྷན་ཅིག་སྐྱེས་པའང་དེ། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ལགས་། །དེ་ལས་མང་དུ་བཤད་ཀྱང་དགོས་པ་མེད། །ཉིན་མཚན་ཀུན་ཏུ་གོམས་འདྲིས་མ་གཡེལ་རེམ། །ནམ་ཞིག་འཆི་བའི་དུས་ལ་བབས་པའི་ཚེ། །ཅི་དྲག་གང་དྲག་ཚབ་ཚུབས་མ་མང་བར། །ལུས་དལ་སེམས་ལྷོད་ཤེས་པ་གསལ་དྭངས་དང་། །སྤྱི་བོའི་གཙུག་གམ་མདུན་གྱི་ནམ་མཁའ་རུ། །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་བླ་མ་དེ། །མཚོ་སྐྱེས་རྡོ་རྗེའི་རྣམ་པར་ལམ་གྱིས་སྒོམས། །སྙིང་ནས་གསོལ་བ་ཐོབ་ལ་ཐུགས་ཡིད་བསྲེས། །ལུས་དང་ལོངས་སྤྱོད་དགེ་ཚོགས་འགྲོ་ལ་བསྔོས། །ཆགས་ཞེན་འཁྲི་བ་ཆོད་ལ་རང་བབ་དང་། །ཕྱི་ནང་འབྱུང་བ་དབྱིངས་སུ་སྡུད་དུ་ཆུགས། །ལུས་སེམས་འབྲེལ་ཐག་ཆད་པའི་སྐད་ཅིག་མར། །སེམས་ཉིད་འོད་གསལ་སྔར་ལས་གསལ་བར་འཆར། །རྟོག་པའི་བག་ཆགས་གདོད་མའི་གཞི་ལ་དག །སྔ་ཕྱིའི་ཉིང་མཚམས་མི་སྦྱོར་གྲོལ་པར་ངེས། །ཐེག་མཆོག་རྡོ་རྗེ་རྩེ་མོའི་ཁྱད་ཆོས་ཡིན། །བརྒྱུད་གསུམ་རིག་འཛིན་བླ་མའི་ཞལ་ལུང་ཡིན། །མ་བསྒོམ་མངོན་སངས་རྒྱ་བའི་མྱུར་ལམ་ཡིན། །གདམས་པའི་ཉིང་ཁུ་ཡིན་ནོ་སེམས་ལ་ཞོག །སྣོད་ངན་རུལ་དུ་མ་འཇུག་སྙིང་གཏམ་ཡིན། །གལ་ཏེ་གདོད་མའི་དབྱིངས་སུ་མ་གྲོལ་ཀྱང་། །འོད་གསལ་རྫོགས་པ་ཆེན་པོའི་བདེན་པ་དང་། །བླ་མའི་བྱིན་རླབས་དམ་ཚིག་དག་པའི་མཐུས། །ཆོས་ཉིད་བར་དོར་རང་སྣང་མཐོང་བ་དང་། །སྲིད་པ་བར་དོར་ལས་ཀྱི་འཕྲོ་མཐུད་ནས། །མཁའ་སྤྱོད་དག་པའི་ཞིང་ཁམས་རིམ་བརྒྱུད་དེ། ཐེག་པ་མཆོག་གི་གྲུབ་མཐའ་སྟེག་པར་འགྱུར། །ཚིག་འདི་དཔེ་ལ་མ་བཞག་རྒྱུད་ལ་སྦྱོར། །དོན་འདི་གོ་བར་མ་བཞག་ཉམས་སུ་ལོང་། །རང་དྲིན་རང་ལ་ཆེའོ་དད་པ་ཅན། །རྒྱུན་ཏུ་ཉམས་སུ་ལོངས་ཤིག་སྐལ་བ་ཅན། །བན་རྒན་འཆི་ཁའི་སྙིང་གཏམ་སེམས་ལ་ཞོག །བྱ་བྲལ་པདྨ་བཛྲ་དེ་སྐད་དོ། །དགེའོ།། །།

  

WechatIMG1776.jpeg

རྫོགས་ཆེན་ཤྲྰི་སེང་ཆོས་གྲྭ་ཆེན་མོའི་མཁན་རབས་བརྒྱད་པ་གསང་ཆེན་རྒྱུད་སྡེའི་མངའ་བདག་མཁན་ཆེན་པདྨ་བཛྲ་རྩལ་ནི། བོད་རབ་བྱུང་བཅུ་བཞི་པའི་དཀྱིལ་སྟོད་དུ་མདོ་ཁམས་རུ་དམ་གདུང་ནང་དུ་གླིང་སྨུག་པོ་ལྡོང་གི་རུས་ལས་ཆད་པར་གྲགས་པའི་རྐང་ཚ་ཞེས་པའི་རིགས་སུ་སྐྱེ་སྲིད་བཞེས། བྱིས་པའི་དུས་ནས་དངོས་མེད་ལྷ་འདྲེའི་འཕྲུལ་གཟུགས་གཟིགས་ཤིང་དམ་ལ་བཞག་པ་སོགས་གྲུབ་པའི་རྟགས་མཚན་ལྷན་སྐྱེས་སུ་མངའ། དམ་པའི་སྐྱེས་ཆེན་དུ་མས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་སྤྲུལ་དུ ་ལུང་གིས་བསྔགས།སྐུ་ན་ཆེས་གཞོན་པའི་སྐབས་ནས་གྲུབ་དབང་རྫོགས་ཆེན་དགོན་དུ་ཚོགས་ཞུགས་མཛད་ཅིང་༌། སྐྱེས་ཐོབ་ཀྱི་མཁྱེན་རབ་ཟླ་དང་བྲལ་བས་སྒྲུབ་འཕྲིན་ཆོ་གའི་ཕྱག་ལེན་སོགས་ལ་བསླབ་ཙམ་ཉིད་ཀྱིས་མཁྱེན་པ་སོགས་ཐམས་ཅད་ངོ་མཚར་གྱི་ས་ལ་བཀོད། རིམ་པར་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་༌། འཇིགས་མེད་རྒྱལ་བའི་མྱུ་གུ། རྒྱལ་སྲས་གཞན་ཕན་མཐའ་ཡས། སེང་ཕྲུག་པདྨ་བཀྲ་ཤིས་སོགས་མཁས་གྲུབ་སྐྱེས་ཆེན་དུ་མ་ལས་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད། བཀའ་གཏེར་སྨིན་གྲོལ་གྱི་ཉེ་བརྒྱུད། མན་ངག་སྙན་བརྒྱུད་ཀྱི་ཞལ་ཤེས་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་པས་མཁས་གྲུབ་ཀྱི་རྒྱལ་ས་མཐོན་པོར་གཤེགས། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་པས་དོན་བརྒྱུད་རྟོགས་པའི་དྲོད་ཚད་བརྙེས་ཏེ་འོད་གསལ་གསང་བ་སྙིང་ཐིག་གི་བཀའ་བབ། སྐུ་ཚེའི་སྟོད་དུ་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྱབ་བདག་པ་ཆེན་པོའི་གསེར་ཁྲིར་བཞུགས་ཏེ་མདོ་སྔགས་གཞུང་ལུགས་ཀྱི་འཆད་ཁྲིད་སྤྱི་དང་༌། རྒྱུད་རྒྱལ་སྒྱུ་འཕྲུལ་དྲྭ་བའི་བཤད་པ་མཛད་པས་ཕུར་ཚའི་མཁན་པོ་ཨ་དཀོན་དང་༌། ཨོ་རྒྱན་བསྟན་འཛིན་ནོར་བུ། འཇམ་མགོན་མི་ཕམ་རྣམ་རྒྱལ། སྡོམ་བརྩོན་དཀོན་མཆོག་གྲགས་པ་སོགས་རྒྱུད་པ་ཟིན་ངེས་ཀྱི་བསྟན་འཛིན་སྐྱེས་ཆེན་དུ་མ་བྱུང་༌། གྲུབ་དབང་དམ་པ་གང་གི་སྐུ་ཚེའི་སྨད་དུ་རྫོགས་ཆེན་པདྨའི་ཐང་དུ་གདན་སའི་མཐིལ་མཛད་དེ་རྒྱུད་ལུང་མན་ངག་རྒྱ་མཚོའི་འཁོར་ལོའི་སྒྱུར་རྒྱལ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོར་བཞུགས་པས། ཕྱོགས་ཀྱི་སློབ་ཚོགས་ནམ་མཁའི་སྐར་ཚོགས་བཞིན་བརྡོལ་བ་དང༌། སྐབས་དེའི་རིས་མེད་བསྟན་འཛིན་ཆེན་པོ་དག་གིས་གཙུག་རྒྱན་དུ་བསྙེན་ནས་སོ་བྱང་སྔགས་ཀྱི་སྡོམ་རྒྱུན་དང་༌། བཀའ་གཏེར་སྨིན་གྲོལ་གྱི་དབང་ལུང་༌། མན་ངག་སྙིང་ཐིག་གི་གདམས་ཁྲིད་ཀུན་རྗེ་འདི་ལས་གསན་བཞེས་མཛད་པ་སྟེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར་དུ། མེ་སྦྲུལ་ལོར་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་མཁན་པདྨ་བཛྲ་ལས་འདུས་མདོའི་དབང་གསན་སྐབས། དབང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོར་ཤར། དེ་ནུབ་སོ་ཡེ་ཤེས་དབང་ཕྱུག་མཇལ་ནས་འདུས་མདོའི་སྨིན་གྲོལ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་ཐོབ། ཅེས་དང་དེ་བཞིན་ཞེ་ཆེན་རྒྱལ་ཚབ་བཞི་པས་ཐུན་མིན་རིགས་བདག་ཏུ་བསྙེན་ཞིང་རབ་ཏུ་བྱུང་བའི་མཚན་ལ་འགྱུར་མེད་པདྨ་རྣམ་རྒྱལ་ཞེས་རྗེ་འདིས་གསོལ་བ་དང༌ ། རྒྱལ་ཚབ་མཆོག་གི་བཀའ་འབུམ་ལས། མཁན་ཆེན་ཐམས་ཅད་མཁྱེན་པ་པདྨ་བཛྲ་ཞེས་དང་༌། བླ་མ་རྒྱང་འབོད་བྱིན་རླབས་མྱུར་འཇུག་ཏུ། རབ་འབྱམས་རྩ་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་སྤྱི་གཟུགས། །ཐེག་གསུམ་ལུང་རྟོགས་བསྟན་པ་རིན་ཆེན་གྱི་བང་མཛོད། །མཐའ་ཡས་སྐྱེ་དགུའི་འདྲེན་པ་ཟླ་མེད་ཀྱི་བཤེས་གཉེན། །སྐྱབས་ཀུན་འདུས་ཞལ་པདྨ་བཛྲ་དེ་མཁྱེན་ནོ། །མཐའ་ཡས་ཤེས་བྱ་ཀུན་མཁྱེན་འཇམ་དཔལ་གྱི་གཞོན་ནུ། །བརྩེ་ཆེན་ཐུགས་རྗེའི་གཏེར་གཅིག་གངས་ཅན་གྱི་མགོན་པོ། །ནུས་མཐུའི་རྩལ་རྫོགས་བཛྲ་པཱ་ཎི་དང་དབྱེར་མེད། །བསྟན་འགྲོའི་དཔལ་མགོན་པདྨ་བཛྲ་དེ་མཁྱེན་ནོ། །ཕྱི་རུ་འདུལ་ཁྲིམས་རྣམ་དག་ཉན་ཐོས་ཀྱི་དགེ་སྦྱོང་། །ནང་དུ་བྱང་ཆུབ་སེམས་འབྱོང་ཐེག་ཆེན་གྱི་རྒྱལ་སྲས། །གསང་བ་རིམ་གཉིས་རྩལ་རྫོགས་སྔགས་སྤྱོད་ཀྱི་རྣལ་འབྱོར། །འཇིག་རྟེན་མིག་གཅིག་པདྨ་བཛྲ་དེ་མཁྱེན་ནོ། །ཆོས་བརྒྱད་ཞེན་པ་རང་གྲོལ་བྱ་བཏང་གི་རྒྱལ་པོ། །འདུ་འཛིའི་གཡེང་བ་རྒྱང་བསྲིང་སྒྲུབ་བརྩོན་གྱི་དབང་ཕྱུག །སྣང་སེམས་རོ་མཉམ་རྟོགས་པ་འཁྲུལ་ཞིག་གི་སྒོམ་ཆེན། །སྙིང་པོའི་བསྟན་འཛིན་པདྨ་བཛྲ་དེ་མཁྱེན་ནོ། །ཐོག་མར་བསྟན་སྒོར་འཇུག་མཛད་སོ་ཐར་གྱི་མཁན་པོ། །བར་དུ་བྱང་སྡོམ་འབོགས་པ་ཐེག་ཆེན་གྱི་སློབ་དཔོན། །ཐ་མར་སྨིན་གྲོལ་མཆོག་སྩོལ་གསང་སྔགས་ཀྱི་བླ་མ། །བཀའ་དྲིན་འཁོར་མེད་པདྨ་བཛྲ་དེ་མཁྱེན་ནོ། ། ཞེས་སོགས་གསོལ་འདེབས་བསྔགས་བརྗོད་རྒྱ་ཆེར་མཛད། དེ་བཞིན་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང་། རྡོ་གྲུབ་བསྟན་པའི་ཉི་མ། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱིས་དཔལ་གསང་བ་སྙིང་པོའི་རྒྱུད་བཤད་རྗེ་འདི་ལས་གསན་ཞིང་རིམ་པར་བརྒྱུད་པའི་རྒྱུན་བཟང་ད་ལྟའི་བར་དུ་མ་ཉམས་པར་བྱུང་བ་དང༌་། ཨ་འཛོམས་འབྲུག་ཆེན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལ་ཟབ་གསང་སྙིང་པོའི་མན་ངག་བླ་མ་ཡང་ཏིག་བསྩལ་ཞིང་ལྷ་བཙུན་ནམ་མཁའ་འཇིགས་མེད་ལྟ་བུའི་རྣལ་འབྱོར་པའི་མཛད་པ་སྐྱོང་དགོས་པའི་ལུང་བསྟན་གནང་༌། དེ་མཚུངས་རྫོགས་སྤྲུལ་ལྔ་པ་དང་༌། ཟེ་ཆེན་རབ་འབྱམས་ལྔ་པ། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། སྤྲུལ་བའི་གཏེར་ཆེན་ལས་རབ་གླིང་པ། བདུད་འཇོམས་རོལ་པ་རྩལ་སོགས་སྐྱེས་ཆེན་དུ་མ་ལ་བཀའ་གཏེར་གྱི་སྨིན་ཁྲིད་མཐའ་ཡས་པ་བསྩལ་བ་སོགས་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས། ཕྱི་རབས་གདུལ་བྱའི་བགོ་སྐལ་དུ་མཚན་ཉིད་ཀྱི་གཞུང་འགྲེལ་དང་གསར་རྙིང་གི་རྒྱུད་བཤད་སོགས་གླེགས་བམ་དྲུག་ལྷག་ལྗགས་བརྩམས་མཛད་ཀྱང་༌། ཐོག་མ་ནས་པར་དུ་མ་འཁོད་པ་དང་དུས་འགྱུར་གྱི་གོད་ཆག་སྐབས་འཐོར་བརླག་ཏུ་སོང་སྟབས། ད་ལྟ་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་འཁོད་པ་གླེགས་བམ་གཉིས་ཙམ་མཇལ་དུ་ཡོད་པ་བཅས། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མེད་དུ་བརྡལ་ནས་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་ཞིང་འདིའི་འགྲོ་དོན་རེ་ཞིག་མཐའ་རུ་ཕྱིན་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཏོ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།