གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོར་ཕུལ་བའི་ཡིག་ལན།

གུ་གེ་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོར་ཕུལ་བའི་ཡིག་ལན།

timg.jpeg

ཨོྃ་བདེ་ལེགས་སུ་གྱུར་ཅིག 

རྒྱལ་བ་ཀུན་གྱི་ཐུགས་རྗེའི་འོད་དཀར་ཅན། །འཇིག་རྟེན་དབང་ཕྱུག་ས་བཅུའི་ཟླ་བ་དེས། །བོད་ཡུལ་མུན་པ་སེལ་སླད་མི་དབང་གི །རྣམརོལ་སྤྲུལ་བའི་ཟློས་གར་མང་ཞིག་མཛད། །དེ་དག་རིགས་ལ་དུས་ཀྱི་ཐ་མར་ཡང་། །གྲགས་པའི་འོད་དཀར་ཉམས་པ་མེད་པ་ཅན། །གངས་ཅན་སྟོད་ཀྱི་ས་འཛིན་གདུགས་གཅིག་པུ། །ཁྱེད་ཀྱི་ལྷག་བསམ་དོན་ཀུན་འབྱོར་གྱུར་ཅིག །དཔལ་ལྡན་ས་ཡི་བརྒྱ་བྱིན་སྙན་ཤལ་ལ། །འཁྱུད་པར་འོས་པའི་ཚིག་གི་མེ་ཏོག་ཕྲེང་། །རྙོག་བྲལ་དྭངས་པའི་ཡིད་མཚོ་ལས་འཁྲུངས་པ། །དོན་བཟང་དྲི་བསུང་རྫོགས་འདི་བདག་གིས་འབུལ། །ཁེངས་ལྡན་སྐྱེ་བོ་དུ་མའི་ཅོད་པན་གྱིས། །ཞབས་མཐིལ་པདྨོའི་ངོས་ལ་ངལ་གསོ་བ། །ཁྱོད་ཀྱི་གཙུག་ཕུད་དཀོན་མཆོག་རིན་ཆེན་གྱི། །ཞབས་སྐྱེས་མཆོད་ལ་བསྙེལ་བར་མ་གྱུར་ཏམ། །བདག་ཀྱང་བླ་མའི་ལེགས་བཤད་ཀྱིས་འཚོ་ཞིང་། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཡི་དོན། །བཤད་སྒྲུབ་བསྟན་པའི་བྱ་བ་མ་དོར་ཙམ། །མ་རུང་སྐྱེ་བོའི་ཁྲོད་ན་སྤྱོད་ཅིང་མཆིས། །

 ཞེས་གསོལ་ནས། །སླར་ཡང་བརྗོད་པར་བྱ་བ་ནི།    གུར་ཀུམ་མེ་ཏོག་དྲི་ལ་སྲེད་ལྡན་པའི། །བཀའ་ཡིག་བུང་བའི་ཕྲེང་བ་རིངས་འོངས་ནས། །ཁྱོད་ཐུགས་དགེ་བ་སྒྲོགས་པ་ལྷུར་བླངས་ཏེ། །སོར་མོའི་འདབ་ཕྲེང་རྩེ་ལ་ལྡིང་ཞིང་ཆགས། །དེ་ཚེ་མིག་དང་རྣ་བའི་དགའ་སྟོན་མྱོང་། །ཡིད་ལ་ཁྱོད་སྐུ་མངོན་སུམ་ཇི་བཞིན་དུ། །ཡང་ཡང་བྲིས་ནས་དེ་དོན་བསམས་པ་ན། །བདག་ཡིད་ཁྱོགས་ལ་ཤིན་ཏུ་འཕྱང་བར་གྱུར། །ཅི་བྱེད་ཅེ་ན་ཐུབ་བསྟན་ཉིན་མོར་བྱེད། །ནུབ་རིའི་མལ་སྟན་ངོས་ལ་གོས་དམར་འཛིན། །སྐྱེ་དགུ་ཕན་བདེའི་པད་ཚལ་ལྷག་མ་ཙམ། །སྡིག་སྤྱོད་བ་མོས་ཉིན་རེ་བཞིན་དུ་འཇོམས། །གངས་ཅན་སྐྱེ་བོ་ཕལ་ཆེར་ལེགས་ཉེས་ཀྱི། །བླང་དོར་འབྱེད་ལ་ཤིན་ཏུ་འཐོམས་གྱུར་པས། །ཁ་གསག་དཔུང་དང་ལོངས་སྤྱོད་ཕྱིར་འབྲང་གི། །ཐུབ་པའི་གསུང་བཞིན་བསྒྲུབ་རྣམས་རྩྭ་ལྟར་འདོར། །དེ་ཕྱིར་རིགས་པའི་སྐྱ་བ་འཛིན་མཁས་པ། །བཤེས་གཉེན་དེད་དཔོན་མཆོག་ཀྱང་མ་རུང་བའི། །རླུང་ཆེན་ནང་དུ་ཡང་ཡང་གྲུ་སྦྱར་བས། །ཡང་ཡང་སྒྱིད་ལུག་འགྱུར་བར་གདོན་མི་འཚལ། །འོན་ཀྱང་བོད་འབངས་སྐྱེ་དགུ་མཐའ་དག་གི། །དགེ་ལེགས་སྲོས་ནི་ཡང་ཡང་སྲོས་གྱུར་པ། །བསྟན་པའི་རྩ་བ་འཇིག་རྟེན་ཀུན་གྱི་མིག །སྔོན་གྱི་ཆོས་རྒྱལ་སེམས་དཔའ་ཆེ་རྣམས་ཀྱི། །རླབས་ཆེན་སྤྱོད་པའི་རྗེས་འགྲོ་ཕན་བདེ་ཁུར། །ད་ལྟ་ཁྱོད་ཀྱི་ཟུར་ཕུད་ངོས་དག་ལ། །མེ་ཏོག་ཕོན་པོ་བཞིན་དུ་རབ་ཏུ་འཛིན། །དགུན་གྱི་པད་དཀར་ཡ་མཚན་ཅི་ཡང་བསྐྱེད །དེ་ཡི་དྲི་བཟང་ཕྱོགས་ཀུན་དྲི་ལེན་གྱིས། །ནོར་འཛིན་བུ་མོའི་འགྲམ་པའི་ངོས་དག་ལ། །ལན་གཅིག་མིན་པར་དགོས་པ་ལ་སྲེད་པའི། །མཁས་རྣམས་ཡིད་ནི་ཞགས་པ་མེད་པར་འཛིན། །དེ་སླད་ཁྱོད་ཐུགས་དགེ་བའི་ལྕགས་ཀྱུ་ཡིས། །བདག་གི་སྙིང་ནི་ཀུན་ཏུ་དྲངས་མོད་ཀྱི། །ད་དུང་བྱ་བ་དུ་མས་གཡེངས་གྱུར་ཅིང་། །བདག་ཡིད་ལྷག་དང་བཅས་པའི་གནས་སྐབས་བསྟེན། །སྐྱེ་བོ་འཇུངས་པ་ནོར་གྱིས་ལྷག་པར་ཚིམ། །ང་རྒྱལ་འཛིན་རྣམས་གཅམ་བུའི་ངག་གིས་མགུ། །དམ་པ་ལེགས་བཤད་རོ་ལ་ལྷག་པར་ཆགས། །དེ་ཕྱིར་སླར་ཡང་ཆོས་ཀྱི་སྐྱེས་འདི་འབུལ། །བདེ་ལེགས་རྩ་བ་ཐུབ་བསྟན་ལོ་ཐོག་ནི། །བཤེས་གཉེན་ཆུ་འཛིན་དབང་པོའི་ལེགས་བཤད་ཀྱི། །ཆུ་ཆར་དུས་སུ་འབེབས་ལ་རག་ལས་པས། །མི་དབང་མདུན་སར་མཁས་པས་བརྒྱན་པར་མཛོད། །ཚིག་གི་ཡལ་འདབ་མང་དུ་རྒྱས་ན་ཡང་། །རྣམ་དག་ཚུལ་ཁྲིམས་སྙིང་པོ་མ་མཆིས་ན། །བླུན་པོའི་བྱ་ཚོགས་འདྲིད་པ་ལྷུར་ལེན་པའི། །ཁོང་རུལ་ལྗོན་ཤིང་བཞིན་དུ་མཁྱེན་པར་མཛོད། །སྐྱེ་དགུའི་བདེ་སྐྱིད་བསྟན་ལ་རག་ལས་ཤིང་། །དེ་ཡང་ལུང་རྟོགས་དམ་ཆོས་རྒྱས་པ་ལ། །རག་ལས་དེ་ཡི་སླད་དུ་ཁྱེད་ཀྱིས་ནི། །རྟག་ཏུ་ལྷོད་པ་མེད་པའི་བློ་གྲོས་མཛོད། །ཚོང་འདུས་ཁ་དོག་བསྒྱུར་བའི་ཟས་བཞིན་དུ། །འཇིག་རྟེན་འདི་ན་ཆོས་ལྟར་བཅོས་པ་མང་། །དེ་ཕྱིར་ཡངས་པའི་བློ་ཅན་ཁྱོད་ཀྱི་ཐུགས། །ལེགས་པའི་ལམ་བཟང་ཀུན་ཏུ་བསྟེན་པར་འཚལ། །རྣམ་དག་ཚུལ་ཁྲིམས་རྒྱན་གྱིས་རབ་མཛེས་ཤིང་། །ས་ཕྱོགས་སྐྱེ་བོའི་བསོད་ནམས་ཚོགས་ཀྱི་གཞི། །བག་ཡོད་དུལ་བའི་གོས་འཆང་རབ་བྱུང་གིས། །ས་ཡི་ཁྱོན་རྣམས་ཀུན་ཏུ་གང་བར་མཛོད། །འབངས་རྣམས་སྐྱེ་བོའི་བདེ་ལེགས་ཇི་སྙེད་པ། །དེ་ཀུན་ས་སྐྱོང་མཛད་པའི་རྗེས་སུ་འཇུག །དེ་ཕྱི་ཉིད་ཀྱི་སྲས་ལ་ཇི་ལྟ་བར། །བྱམས་པའི་ཐུགས་ཀྱིས་ཆོས་ཀྱི་རྒྱལ་སྲིད་མཛོད། །ཕན་ཚུན་གནོད་པའི་ལས་ལས་རབ་བཟློག་ནས། །ཀུན་ཀྱང་འཚེ་བ་མེད་པའི་ཆོས་ལ་བརྟེན། །དགེ་བའི་ཁྲིམས་ཀྱིས་ཉིད་ཀྱི་རྒྱལ་སྲིད་ནི། །རྫོགས་ལྡན་དུས་བཞིན་ཀུན་ཏུ་དགའ་བར་མཛོད། །རྐང་དྲུག་ལྡན་པ་ཁོ་བོ་ཡང་ལེགས་བཤད་ཀྱི། །འཕུར་ལྡིང་སྙན་པའི་སྒྲ་དབྱངས་ལྷུར་ལེན་ཅིང་། །དད་པ་སྦྲང་རྩིའི་བཅུད་ཀྱིས་ཡོངས་བལྟམས་པའི། །འདབ་བརྒྱའི་ཚལ་དེར་འཇུག་པའི་སྨོན་ལམ་བགྱིད། །ཁྱོད་ཐུགས་དགེ་བ་རྒྱས་པའི་འོད་དཀར་ཅན། །བདུད་སྡེ་མུན་ཅན་གཟའ་ལས་རྣམ་རྒྱལ་ནས། །ཁོར་ཡུག་རི་བོའི་ཁོངས་ཀྱི་ནོར་འཛིན་བཞིན། །ཐུབ་བསྟན་ཀུ་མུད་དགོད་པའི་གཉེན་གྱུར་ཅིག         །ཅེས་པའི་ཞུ་ཡིག་གཟིགས་པའི་རྟེན་མཚོན་པར།   ལྷག་བསམ་དྲི་མ་མེད་པ་ལྟར་རབ་ཏུ་དཀར་བའི་ཁ་བཏགས་གཅིག་མཆིས།   ཟླ་གསུམ་པའི་ཉེར་བདུན་ལ་རི་བོ་མདངས་ཅན་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །

ཅེས་པ་འདི་ནི་གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོས་འབུལ་བ་ཕུན་སུམ་ཚོགས་པ་དང་བཅས་ཏེ་གདན་འདྲེན་པའི་ཞུ་ཡིག་ནན་ཆེན་པོས་ཕུལ་བའི་ལན་དུ་མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོས་སྨྲས་པའོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།