༄༅། །ཇོ་བོ་ཆེན་པོ་ལྷ་གཅིག་གིས་རྒྱལ་སྲིད་སྤངས་ནས་ཐར་པར་བྱོན་པའི་རྣམ་ཐར་བཞུགས་སོ། །
རྒྱ་གར་སྐད་དུ། གུ་རུ་གུ་ཎ་དྷརྨཱ་ཨཱ་ཀ་ར་ན་མ། བོད་སྐད་དུ། བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་བསྟན་པའི་རྩ་ལག་སྐྱེས་མཆོག་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེ་རྒུ་ཉོན་མོངས་ཚད་པས་གདུང་བ་ལ། །ཆོས་ཀྱི་དབྱིངས་ནས་བྱམས་པའི་སྤྲིན་ཕྱུང་སྟེ། །ཐུགས་རྗེའི་ཆར་གྱིས་གདུང་བ་སེལ་མཛད་པའི། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གུས་བཏུད་དེ། །དེ་ཡི་རྣམ་ཐར་དྲི་མེད་རྒྱ་མཚོ་ལས། །སྒྲོ་སྐུར་ཚིག་གིས་སྤྲོས་པ་མ་ཞུགས་པ། །རང་གི་བློ་ཡི་རྩལ་དང་སྦྱར་བའི་ཕྱིར། །ཆུ་ཐིགས་ཙམ་ཞིག་གུས་པས་བླང་གིས་ཉོན། །རྒྱ་གར་ཤར་ཕྱོགས་ཟ་ཧོར་ཡུལ་ཕྱོགས་ན། །བྷཾ་ག་ལ་ཞེས་བྱ་བའི་གྲོང་ཁྱེར་ཡོད། །དེ་ཡི་ས་བདག་ཆོས་ཀྱི་རྒྱལ་པོ་ནི། །དགེ་བ་དཔལ་ཞེས་བྱ་བའི་བསོད་ནམས་འབར། །དེ་ཡི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན། །མི་ཁྱིམ་འབུམ་ཕྲག་གཅིག་གིས་ཀུན་ནས་བསྐོར། །ཁྲུས་ཀྱི་རྫིང་བུ་སྟོང་ཕྲག་ཉི་ཤུ་ལྔ། །སྐྱེད་མོས་ཚལ་རབ་བདུན་བརྒྱ་ཉི་ཤུས་བསྐོར། །ཏཱ་ལའི་ལྗོན་ཤིང་སྟོང་ཕྲག་ལྔ་བཅུ་ལྷག །འབངས་ཀྱི་སྐྱེ་བོ་འབུམ་ཕྲག་སུམ་ཅུ་དྲུག །གྲོང་ཁྱེར་དེ་ལ་ར་བ་རིམ་པ་བདུན། །བར་གྱི་ཟམ་པ་སུམ་བརྒྱ་དྲུག་ཅུ་བདུན། །གསེར་གྱི་རྒྱལ་མཚན་སྟོང་ཕྲག་ཉི་ཤུ་ལྔ། །དབུས་ཀྱི་ཕོ་བྲང་རྒྱ་ཕིབས་བཅུ་གསུམ་པ། །ལོངས་སྤྱོད་མངའ་ཐང་སྟོང་ཁུན་རྒྱལ་པོ་འདྲ། །མངའ་རིས་ལྷ་དབང་བརྒྱ་བྱིན་ཉིད་དང་མཚུངས། །སྐྱེ་བོའི་འདུ་འཚོགས་གྲོང་ཁྱེར་སྤོས་ངད་འདྲ། །ཆོས་འབྱོར་རྒྱས་པ་ཆོས་འཕགས་ཉིད་དང་མཚུངས། །ཆོས་ཀྱི་རྒྱལ་པོ་དེ་ཡི་བཙུན་མོ་ནི། །དཔལ་མོ་འོད་ཟེར་ཅན་དེ་ལྷ་མོ་འདྲ། །ངོ་ཚ་ཁྲེལ་ཡོད་མཛེས་པའི་འོད་ཆགས་མ། །དཀོན་མཆོག་གསུམ་མཆོད་སྐྱེ་བོ་ཡོངས་ཀྱི་མ། །ལྷ་མོ་དེ་ལ་སྲས་གསུམ་འཁྲུངས་པ་ནི། །དཔལ་དང་ཟླ་བ་པདྨའི་སྙིང་པོ་སྟེ། །གསུམ་གྱི་རྣམ་གཞག་དེ་ནི་ཟུར་ཙམ་ལགས། །འབྲིང་པོ་ཟླ་བའི་སྙིང་པོར་གྲགས་པ་དེ། །དེང་སང་བདག་གི་བླ་མ་དམ་པ་ཡིན། །སྐལ་པ་བཟང་པོར་ཡུམ་ལ་བལྟམས་པའི་ཚེ། །རྒྱལ་པོའི་ཁབ་དུ་མེ་ཏོག་ཆར་པ་བབས། །ནམ་མཁའི་མཐོངས་རྣམས་འཇའ་འོད་གུར་གྱིས་གང་། །ལྷ་ཡི་གླུ་དབྱངས་སྐྱེ་བོ་ཡོངས་ཀྱིས་ཐོས། །ཐམས་ཅད་དགའ་ཞིང་དག་པའི་སྣང་བ་ཐོབ། །ཟླ་བ་བཅོ་བརྒྱད་བར་དུ་ཁབ་ཏུ་གནས། །མ་མ་བརྒྱད་ཀྱིས་བཀུར་སྟིའི་མཆོད་པས་བསྐྱངས། །དེ་ནས་ཕོ་བྲང་དེ་ཡི་བྱང་ཕྱོགས་ན། །བི་ཀྲ་མ་ལ་པཱུ་རི་ཞེས་པ་ཡོད། །གནས་དེར་བདེ་གཤེགས་མཆོད་པ་བྱེད་པ་ལ། །ཡབ་ཡུམ་བློན་འབངས་ཤིང་རྟ་ལྔ་བརྒྱ་ལ། །ཁྱེའུ་བུ་མོ་མཛེས་པའི་ཆས་ཀྱིས་སྤྲས། །རོལ་མོ་མཁན་པོ་བརྒྱ་ཕྲག་དུ་མས་བསྐོར། །རིན་ཆེན་མཆོད་རྫས་དཔག་ཏུ་མེད་པ་བསྣམས། །གླུ་གར་ལེན་ཅིང་ལམ་དུ་ཞུགས་པ་ན། །བླ་མ་འདི་ནི་ལོ་གསུམ་ལོན་པ་ཡི། །གཟུགས་བཟང་བཞིན་མཛེས་ལྟ་བས་མི་ངོམས་ཤིང་། །རྒྱན་སོགས་ལྷ་ཡི་རྒྱན་ཆས་ལེགས་པར་སྤྲས། །པཉྩ་ལི་ཀའི་གོས་གསོལ་རྒྱལ་བུ་རྣམས། །སྐྱེ་བོ་ཡོངས་ཀྱི་ལྷ་དེ་མཐོང་བ་དང་། །དགའ་བའི་དབུགས་འབྱིན་བདེ་བའི་མདངས་དང་ལྡན། །ཆགས་པས་བལྟ་ཞིང་འབྲལ་བར་མི་ཕོད་སྐད། །དེ་ནས་མཐོང་བའི་སྐྱེ་བོས་འདི་སྐད་དུ། །ཁྱོད་ཉིད་འཁྲུངས་ཚེ་མེ་ཏོག་ཆར་པ་བབས། །ཉི་མའི་གུར་ཕུབ་སྙན་པའི་སྒྲ་དབྱངས་ཐོས། །ནམ་ཞིག་མཐོང་ཞེས་ཡིད་སྨོན་ཤེས་པ་འཕྱོ། །ད་ནི་མཐོང་ངོ་ཡ་མཚན་ལྟད་མོ་ཆེ། །དེ་ནས་རྒྱལ་བུ་དམ་པས་ཚིག་སྨྲས་པ། །ཕ་མ་སྐྱེ་བོ་འདི་དག་སུ་ཞིག་ཡིན། །དེ་ནས་ཡབ་ཡུམ་གཉིས་ཀྱིས་ལན་སྨྲས་པ། །རྒྱལ་བུ་འདི་དག་ཁྱོད་ཀྱི་འབངས་འཁོར་ཡིན། །རྒྱལ་བུ་དམ་པས་དེ་ལ་ལན་སྨྲས་པ། །འདི་དག་བདག་བཞིན་ཕ་མ་ཕུན་སུམ་ཚོགས། །རྒྱལ་སྲིད་མངའ་ཐང་བསོད་ནམས་འབར་བ་ཡི། །མི་དབང་སྲས་ཀྱི་ཐུ་བོར་རབ་བསྐྲུན་ཏེ། །ཐམས་ཅད་དམ་པའི་ཆོས་ཀྱིས་འཛིན་པར་ཤོག །དེ་ནས་ཀཱ་མ་ལ་ཡི་གཙུག་ལག་ཏུ། །འཁོར་དང་བཅས་པ་ལེགས་པར་སླེབ་པ་དང་།
།རྒྱལ་བུས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་། །སྙན་པའི་བསྟོད་དབྱངས་འདི་སྐད་བརྗོད་གྱུར་ཏོ། །བདག་ནི་དལ་འབྱོར་མི་དབང་ལུས་ཐོབ་ཅིང་། །སྐྱོན་མེད་དབང་པོ་དཀོན་མཆོག་གསུམ་འབྲང་ཞིང་། །རྟག་ཏུ་གུས་པས་དཀོན་མཆོག་སྤྱི་བོས་ལེན། །དེ་རིང་ཉིད་ནས་སྐྱབས་གནས་མཛད་དུ་གསོལ། །ཞེས་གསུངས་པ་དང་། དེ་ནས་ཡབ་ཡུམ་བློན་འབངས་ཐམས་ཅད་དང་། །དགེ་སློང་མང་པོས་རྒྱལ་བུའི་ཚིག་ཐོས་ནས། །ཤིན་ཏུ་དགའ་ཞིང་ཡ་མཚན་སྐྱེས་པར་གྱུར། །ཐམས་ཅད་མཐུན་པར་དམ་པར་ཁ་ཚོན་བཅད། །དེ་ནས་རྒྱལ་བུ་ཡབ་ཡུམ་འཁོར་བཅས་ཀྱིས། །བསྙེན་བཀུར་མཆོད་ཡོན་བསོད་ནམས་བསགས་གྱུར་ཏེ། །བདག་ཅག་ཚེ་རབས་དག་ནས་ཚེ་རབས་སུ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་དང་། །དགེ་འདུན་བཀུར་ཞིང་དམ་ཆོས་སྟོན་པར་ཤོག །ཉོན་མོངས་གདུང་སེལ་རང་དབང་ཡོད་པར་ཤོག །སྨོན་ལམ་འདེབས་པའི་ཚིག་དེ་ཐོས་པ་དང་། །རྒྱལ་བུས་ཡབ་ཡུམ་དག་ལ་བལྟ་བཞིན་དུ། །ནམ་ཡང་ཁྱིམ་པའི་ཆོས་ཀྱིས་མ་བཅིངས་པར། །དགེ་འདུན་དབུས་སུ་ཆོས་འབྱོར་ཐོབ་པ་དང་། །ང་རྒྱལ་མེད་པར་དཀོན་མཆོག་མཆོད་བྱེད་ཅིང་། །སྐྱེ་བོ་ཡོངས་ལ་སྙིང་རྗེས་བལྟ་བར་ཤོག །རྒྱལ་བུའི་གསུང་དེ་ཀུན་གྱིས་ཐོས་པ་དང་། །ཡབ་ཡུམ་ལ་སོགས་ཡ་མཚན་སྐྱེས་པར་གྱུར། །དེ་ནི་བླ་མའི་ཆོས་ཀྱི་ཐོག་མ་ཡིན། །དེ་ནས་རྒྱལ་བུ་ལོ་གསུམ་ལོན་པ་དང་། །རྩིས་དང་ཡི་གེ་སྒྲ་ལ་མཁས་པར་གྱུར། །དེ་ནས་རྒྱལ་བུ་ལོ་དྲུག་ལོན་པ་ན། །ཕྱི་ནང་གཉིས་ཀྱི་བྱེ་བྲག་ཕྱེད་པར་གྱུར། །དེ་ནས་བཟུང་སྟེ་དགུང་ལོ་བཅུ་ཡི་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །བསྙེན་པ་སྲུང་ཞིང་སྦྱིན་པ་གཏོང་བ་དང་། །གཙུག་ལག་ལྟ་ཞིང་ཁ་བཏོན་བྱེད་པ་དང་། །གསོལ་བ་འདེབས་ཤིང་དམ་ཆོས་འཚོལ་བ་དང་། །ཕ་མ་བཀུར་ཞིང་ཞེ་སས་མཆོད་པ་དང་། གླུ་གར་ཐམས་ཅད་ཆོས་ལ་རྩེ་བ་དང་། །ཆོས་པ་མཐོང་ན་རྒྱང་ནས་བསུ་བ་དང་། །འཁོར་ལ་བལྟ་ཞིང་སྙིང་རྗེས་སྐྱོང་བ་དང་། །འཇིག་རྟེན་མགོན་མེད་སྐྱོང་བ་ལ་སོགས་པ། །དམ་པའི་སྤྱོད་པ་དཔག་ཏུ་མེད་པ་མཛད། །རྒྱལ་བུ་དགུང་ལོ་བཅུ་གཅིག་ལོན་པ་ན། །ཕ་བཟང་བུ་མོ་ཉི་ཤུ་རྩ་གཉིས་ཙམ། །བློན་འབངས་རྣམས་ཀྱིས་བསྙེན་བཀུར་གསོལ་བ་ན། །ཡབ་ཡུམ་རྣམས་ཀྱིས་དེ་ལ་བྱ་དགའ་སྟེར། །ཉིན་གཅིག་རྒྱལ་པོས་བློན་པོ་རྣམས་བསྡུས་ནས། །ནངས་པར་ཤིང་རྟ་བཅུ་གསུམ་ལེགས་པར་འཆོས། །ཀུན་ལ་མཛེས་པའི་རྒྱན་ཆ་དུ་མ་གྱིས། །དབུས་སུ་ལྷག་པར་མཛེས་ཤིང་བཙུན་པ་ཡི། །སྟེང་ན་རྨ་བྱའི་གདུགས་ཕུབ་བསིལ་གཡབ་བསྟེན། །དབུས་སུ་རིན་ཆེན་ཁྲི་སྟེང་མཛེས་པ་ལ། །དར་ཟབ་གོས་མཐིང་ཟླ་བའི་སྙིང་པོ་ཞོག།ཤིང་རྟ་བཅུ་གཉིས་རྒྱན་གྱིས་སྤྲས་པ་ལ། །བློན་པོ་ཐམས་ཅད་མཛེས་པའི་ཆས་སུ་ཞུགས། །དགའ་བའི་གླུ་ལེན་རོལ་མོ་དུ་མ་གྱིས། །ཤིང་རྟ་དཀར་པོ་གསུམ་གྱིས་སྣ་དྲོངས་ལ། །ཤིང་རྟ་དམར་པོ་གསུམ་གྱིས་མཇུག་ནས་བརྟེན། །ཤིང་རྟ་སེར་པོ་གསུམ་གྱིས་གཡས་བརྟེན་ཞིང་། །ཤིང་རྟ་ལྗང་ཁུ་གསུམ་གྱིས་གཡོན་ནས་བརྟེན། །ཤིང་རྟ་རེ་རེར་ཁྱེའུ་ལྔ་བརྒྱ་ཞུགས། །ཕྱོགས་ཕྱོགས་ཁ་དོག་མཐུན་པར་ལྷ་རྒྱན་བརྟེན། །རྒྱལ་བུའི་ཤིང་རྟ་ཁ་དོག་སྣ་ལྔ་པའི། །ཟུར་བཞིར་རྨ་བྱ་མཇིང་བསྣོལ་མཛེས་པར་གྱིས། །ཕྱོགས་ནས་མཆོད་པའི་ལྷ་མོས་ཀུན་ནས་བསྐོར། །འཁོར་རྣམས་པི་ཝང་གླིང་བུ་ལྔ་བརྒྱ་དང་། །སིལ་སྙན་གླུ་དབྱངས་མཛེས་པའི་སྒྲ་འཛིན་ཅིང་། །སྐྱེ་བོ་ཡིད་འོང་དུ་མས་ཀུན་ནས་བསྐོར། །དེ་ནས་གྲོང་ཁྱེར་ཆེན་པོའི་མཐའ་འཁོར་དུ། །སྐྱེད་མོས་ཚལ་རབ་ཤིན་ཏུ་ཉམས་དགའ་བར། །བལྟ་བའི་རྩེད་མོས་སྐྱེ་བོ་དབང་དུ་སྡུད། །དེ་ཡི་ཡུན་ཡང་ཟླ་བ་ཕྱེད་ཀྱི་བར། །སྐྱེ་བོ་ཐམས་ཅད་དགའ་ཞིང་ཆགས་པར་གྱིས། །དེ་ནས་སྐྱེ་བོ་ཡོངས་ཀྱི་ཁྲོམ་བསྐོར་ལ། །རྒྱལ་བུ་མཉེས་པའི་བུ་མོ་སྟ་གོན་གྱིས། །བློན་པོ་དག་གི་བུ་མོ་མཐོང་བ་དང་། །ཕྱོགས་སུ་བཀའ་བསྒོ་དམ་བཞག་བརྟན་པར་གྱིས། །རྒྱལ་པོ་ཆེན་པོས་དེ་ལྟར་བསྒོ་བ་དང་། །ཉི་མ་བདུན་ལ་བློན་པོ་ཐམས་ཅད་ཀྱིས། །ཤིང་རྟ་བཅུ་ཙམ་བྱས་ཤིང་རྒྱན་གྱིས་སྤྲས། །རྒྱལ་བུ་ཤིང་རྟའི་དབུས་སུ་རྒྱན་གྱིས་སྤྲས། །ཤིང་རྟ་བཅུ་གཉིས་རོལ་མོའི་མཁན་པོ་ཡིས། །གང་ཞིང་རོལ་མོ་རྣམ་པ་སྣ་ཚོགས་བྱས། །དེ་ནས་གྲོང་ཁྱེར་ཆེན་པོའི་མཐའ་ལོགས་སུ། །བཞི་མདོ་རྣམས་དང་སྐྱེད་མོས་ཚལ་རབ་ཏུ། །སྐྱེ་བོ་ཡིད་འཕྲོག་འཛིན་པའི་རྩེད་མོ་བྱས། །དེ་ཚེ་ཕྱོགས་དང་གྲོང་ཁྱེར་ཐམས་ཅད་དུ། །ཟླ་བའི་སྙིང་པོ་འཁོར་ཚོགས་ཉིས་སྟོང་དང་། །ལྔ་བརྒྱར་བཅས་ཤིང་ཤིང་རྟའི་ནང་དུ་ཞུགས། །གྲོང་ཁྱེར་མཐའ་ལོགས་པདྨའི་ཚལ་རབ་དང་། །བཞི་མདོ་བཞི་མདོ་ཀུན་ནས་ཡངས་པ་ན། །འཁོར་ལོས་བསྒྱུར་རྒྱལ་ལྟ་བུར་སྐྱེ་བོ་བསྡུས། །ཐམས་ཅད་དེར་འགྲོ་སྤྲུལ་པའི་སྐུ་དེར་བལྟ། །འོད་ཟེར་ལྷ་མོ་ལ་སོགས་བུ་མོའི་ཚོགས། །རིགས་ཀྱི་ཚ་བོ་དེ་ཡི་གྲོགས་གཉེན་པ། །ཀུན་ཀྱང་བལྟ་ཞིང་ཕྱོགས་དེར་འགྲོ་འོ་ཞེས། །སྐྱེ་བོའི་ཚོགས་རྣམས་ལྟད་མོར་འདུས་པ་ན། །རྒྱལ་པོ་བསོད་ནམས་འཛིན་གྱི་བུ་མོ་དང་། །རྒྱལ་པོ་མུ་ཁྱུད་འཛིན་གྱི་བུ་མོ་དང་། །རྒྱལ་པོ་ཆུ་བདག་འཛིན་གྱི་བུ་མོ་དང་། །རྒྱལ་པོ་གཏུམ་པོ་ལི་ཡི་བུ་མོ་རྣམས།།རིགས་བཟང་ལོངས་སྤྱོད་དཔུང་གིས་ང་རྒྱལ་བའི། །ཉི་ཤུ་རྩ་གཉིས་གཉེན་ཁར་གླེངས་པ་ཡང་། །ཤིང་རྟ་རེ་ལ་བུ་མོ་བདུན་བདུན་ཏེ། །བུ་མོ་རེ་ལ་གཡོག་མོ་བདུན་བདུན་ཏེ། །ཤིང་རྟ་ཉི་ཤུ་རྩ་གཉིས་མཛེས་པ་ཡང་། །རྒྱན་ཆ་རྣམ་པ་སྣ་ཚོགས་སྤྲས་པ་སྟེ། །སྙན་པའི་སྒྲ་འབྱིན་དགའ་བའི་སེམས་ཀྱིས་འོངས། །ཐམས་ཅད་ལྷ་ཡི་བུ་མོ་འཁོད་པ་ལྟར། །རྒྱལ་བུ་མཐོང་ཚེ་ཆགས་པས་མིག་མི་སྡུད། །ཀུན་ནས་ཆགས་ཤིང་ལུས་ཀྱི་བ་སྤུ་གཡོ། །དེ་ཚེ་མཁའ་འགྲོ་མ་ཡི་སྤྲུལ་པ་གཅིག །བུ་མོ་སྔོ་སངས་གཅིག་ཏུ་སྐུ་སྤྲུལ་ཏེ། །གླུ་དབྱངས་ཚིག་གིས་བསྐུལ་མ་འདི་སྐད་དོ། །ལྷ་གཅིག་མ་ཆགས་མ་ཆགས་སྐལ་བ་ཅན། །འདམ་བུའི་ཚལ་དུ་གླང་ཆེན་བྱིང་བ་ལྟར། །འདོད་པའི་འདམ་དུ་དཔའ་བོ་ཁྱོད་བྱིང་ན། །ཚུལ་ཁྲིམས་གོས་ཅན་སྣུབས་པར་མ་གྱུར་ཏམ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གཉིས་སུ། །པཎ་ཆེན་དགེ་སློང་གཙང་མའི་ལུས་བརྒྱུད་ནས། །པདྨའི་མཚོ་ལ་ངང་པ་འཇུག་པ་ལྟར། །ཁྱོད་ནི་ཚེ་འདིར་རབ་ཏུ་འབྱུང་འགྱུར་ལགས། །གྲོང་ཁྱེར་གནས་ན་བུ་མོ་བྱི་དོར་ཅན། །ཚུལ་ཁྲིམས་མདངས་འཕྲོག་བདུད་ཀྱི་ཕོ་ཉ་མོ། །དགའ་དགའ་ལྟ་བུར་ཁྱེད་ལ་བསླུ་བྲིད་བྱེད། །ཤེས་པར་གྱིས་ཤིག་རྒྱལ་བུ་གཟུགས་མཛེས་པོ། །ཟླ་བ་ཞུན་མ་མཚོ་ལ་གསལ་བ་ལྟར། །གསལ་ཞིང་དྭངས་ལ་རྙོག་པ་མེད་པའི་སྐུ། །ཟུར་ཕུད་ལྔ་ལྡན་ལྷ་ཡི་རྒྱན་ཆ་ཅན། །རབ་མཛེས་སྐྱེ་བོ་ཡོངས་ཀྱི་ཡིད་འཕྲོགས་སོ། །རྙེད་དཀའ་དལ་འབྱོར་རིན་ཆེན་ཐོབ་དུས་སུ། །ཐོས་བསམ་སྒོམ་པས་མི་ཚེ་འདའ་དགོས་པས། །བདག་རྐྱེན་དགེ་བའི་བཤེས་གཉེན་མི་ཟད་པ། །ཐེ་ཚོམ་བཅད་ཕྱིར་རབ་ཏུ་བསྟེན་འཚལ་ལོ། །མཁའ་འགྲོ་མ་ཡིས་ཚིག་དེ་སྨྲས་པ་དང་། །རྒྱལ་བུས་འཛུམ་པའི་མདངས་ཕྱུང་ལན་སྨྲས་པ། །ལེགས་སོ་ལེགས་སོ་ཤིན་ཏུ་ལེགས་པས་ལེགས། །ཤེས་རབ་སྤྲས་པ་ནགས་ཀྱི་ནང་ན་བདེ། །རྨ་བྱའི་བདེ་སྐྱིད་བཙན་དུག་ནང་ན་འདོད། །གོམས་པའི་སྟོབས་ཀྱིས་ངང་པ་མཚོ་ནང་བདེ། །ཕོ་རོག་མི་གཙང་ཁྲོད་དུ་འཇུག་པ་ལྟར། །པདྨའི་ཚལ་དུ་དེ་ལྟ་ག་ལ་ཡིན། །ཐ་མལ་གྲོང་གི་གནས་སུ་ཕེབས་པ་ལྟར། །རིགས་ལྡན་བདག་ནི་དེ་ལྟ་ག་ལ་ཡིན། །སྔོན་ཚེ་རྒྱལ་བུ་དོན་རྣམས་གྲུབ་པ་དེ། །ཟས་གཙང་རྒྱལ་པོའི་རྒྱལ་སྲིད་དཔལ་འབྱོར་ལ། །མི་གཙང་འདམ་བུ་བཞིན་དུ་རབ་སྐྱོ་ནས། །བཙུན་མོ་དྲུག་ཁྲི་སྤངས་ནས་ཐར་པ་བསྒྲུབས། །ཐུབ་དབང་འཇིག་རྟེན་ལྷ་དང་བཅས་པ་ཡིས། །ཀུན་ནས་བསྔགས་པར་གྱུར་ཅིང་མཆོད་བྱེད་ལ། །མཚན་དང་དཔེ་བྱད་ལྡན་པའི་ཆོས་རྒྱལ་དེ། །མཛད་པ་བཅུ་གཉིས་ཚུལ་གྱིས་བྱང་ཆུབ་བརྙེས། །ཁོ་བོ་ཅི་སྟེ་རྒྱལ་སྲིད་མ་སྤངས་ན། །འདོད་པའི་ཁམས་འདིར་ཆགས་པ་འཕེལ་བར་འགྱུར། །གྲོགས་རྣམས་ཐམས་ཅད་བདུད་ཀྱི་བསླུ་བྲིད་ཡིན། །འདོད་ཡོན་ཐམས་ཅད་ལན་ཚྭའི་ཆུ་བོར་ཤེས། །ད་ནི་མཁས་པའི་བླ་མ་མང་འཚོལ་ཞིང་། །ལུས་འདིས་བྱང་ཆུབ་མཆོག་དེ་བསྒྲུབ་པར་བགྱི། །འདོད་ཡོན་དག་ལ་རྩེ་དགའ་བག་ཕེབས་ཀྱང་། །ཆུ་ཟླ་ལྟ་བུར་སྙིང་པོ་མི་གདའ་ལགས། །བྲག་ཆ་ལྟ་བུར་བརྗོད་བྱ་མི་གདའ་ལགས། །སྤྲུལ་པ་ལྟ་བུར་ངོས་བཟུང་མི་གདའ་ལགས། །གཟུགས་བརྙན་ལྟ་བུར་རང་ཚུགས་མི་གདའ་ལགས། །ཉོན་མོངས་ཀུན་གཞིའི་རྒྱ་མཚོ་ཡངས་པ་ལྟར། །སྐྱེ་རྒ་ན་འཆིའི་ཆུ་བོ་རྒྱུན་དུ་འབབ། །སྔོན་ཆད་ངན་སོང་ལས་ཀྱིས་དབང་མེད་ན། །དེང་སང་ཕུན་སུམ་ཚོགས་ཚེ་ཅིས་མི་འཚོལ། །ད་ནི་འཁོར་བ་སྤྱི་ལ་ངེས་བསམ་ནས། །བླ་མ་བསྟེན་ཏེ་དམ་པའི་ཆོས་ལ་འབད། །རྒྱལ་བུའི་ཆོས་ཀྱི་གསུང་དེ་ཐོས་པ་དང་། །གྲོང་ཁྱེར་གནས་པའི་སྐྱེ་བོ་ཐམས་ཅད་ཀྱང་། །བརྗོད་ཚུལ་འདི་ཡིས་རྒྱལ་སྲིད་ཅང་འཛིན་ནམ། །འཛིན་ཀྱང་ཆོས་ཀྱི་རྒྱལ་པོར་ཐེ་ཚོམ་མེད། །གཞན་དུ་མཁས་གྲུབ་བླ་མ་མང་བསྟེན་ཅིང་། །ཤཱཀྱའི་རྒྱལ་པོའི་རྒྱལ་སྲིད་འཛིན་པ་འདྲ། །ངོ་མཚར་ཆེ་འོ་ཞེས་པའི་སྒྲ་ཡང་སྒྲོགས། །ལྷག་པར་ཆགས་ཤིང་བསྐོར་ནས་ཡང་ཡང་བལྟ། །རིགས་བཟང་གཉེན་དུ་བསྒྲིགས་པའི་བུ་མོ་ཡང་། །མཐོང་བས་དགའ་ཡང་གསུང་དེས་མྱ་ངན་གྱུར། །ཕ་མའི་དྲུང་དུ་ཕྱིན་ནས་འདི་སྐད་དུ། །རྒྱལ་བུ་དམ་པ་འཁོར་བར་སྐྱོ་ཞེས་གདའ། །རྒྱལ་སྲིད་སྤངས་ནས་རབ་ཏུ་འབྱུང་ཞེས་གདའ། །དོན་གྲུབ་གཞོན་ནུ་བཙུན་མོ་དོར་ཞེས་གདའ། །འཁོར་བའི་ཆོས་ལ་ཆགས་པར་མི་གདའ་སྐད། །ད་ནི་ཡབ་ཡུམ་འཁོར་དང་བཅས་པ་ཡིས། །མྱུར་དུ་རྒྱལ་པོའི་ཕོ་བྲང་འཁོར་དུ་རྫོངས། །རྒྱལ་བུ་ཆགས་པའི་བྱ་བ་སྣ་ཚོགས་ཀྱི། །ནོར་དང་ལོངས་སྤྱོད་དུ་མས་སེམས་བཟུང་ཞེས། །བུ་མོ་དག་གིས་ཕ་མ་རྣམས་ལ་བསྐུལ། །ཕན་ཚུན་ཕ་མ་བློན་འབངས་བཅས་པ་ཡིས། །རྩོལ་བ་བསྐྱེད་དེ་རྒྱལ་བུ་ཉམས་དགའ་བའི། །གླུ་གར་བྱེད་ཅིང་བུ་མོ་དག་ཀྱང་བསྡུས། །ཀུན་ནས་ཁབ་ཏུ་འབྱུང་དུ་རེ་བ་ན། །རྒྱལ་བུ་རྟ་པ་བརྒྱ་དང་སུམ་ཅུར་བཅས། །དམག་གི་ཆས་ཞུགས་རི་བྲག་བསྐོར་བ་ན། །རི་བྲག་གཅིག་ན་བྲམ་ཟེ་ཛེ་ཏཱ་རེ། །བྲམ་ཟེ་དེ་ནི་སྙན་ངག་སྒྲ་འབྱིན་ཅིང་། །གཙང་མའི་ཆོས་ཀྱི་དྲང་སྲོང་སྤྱི་བོས་ལེན། །ཉོན་མོངས་དགྲ་ལས་རྣམ་པར་རྒྱལ་བ་མཐོང་། །རྒྱལ་བུས་ཆིབས་ཀྱི་སྟེང་ནས་ལན་གསོལ་བ། །དྲང་སྲོང་དེ་ལ་ཚིག་གིས་འདི་སྐད་གསོལ། །དབེན་པའི་གནས་སུ་དཀའ་ཐུབ་ལུང་བསྟན་སྤྱོད། །གཙང་མའི་ཚུལ་གྱིས་དག་པའི་འཚོ་བ་བཟའ། །འདོད་ཡོན་སྤངས་ཏེ་དྲང་སྲོང་གྱུར་པ་ལས། །འདོད་ཡོན་རྣམ་པ་བདག་གིས་ཐོབ་པར་གྱུར། །ཞེས་སྨྲས་པ་དང་། །བྲམ་ཟེས་མིག་ཀྱང་བལྟ་བར་མི་བྱེད་པར། །རྒྱལ་བུའི་ལན་དུ་འདི་སྐད་བསླན་པར་དགོངས། །ནམ་གཞུག་ཆད་ཁའི་མེ་ཏོག་ལྡུམ་ར་ལྟར། །རྒྱལ་པོས་བྲམ་ཟེའི་དཔལ་འབྱོར་བཀག་གྱུར་ཡང་། །ལས་ཀྱི་དབང་གིས་ངན་འགྲོར་འཕེན་པ་ལས། །ཕྱི་ཐག་སྙིང་པོ་མ་མཐོང་གནས་འདིར་སྡོད། །བ་ལང་ཁྱི་ཕག་ལྟ་བུའི་བརྟུལ་ཞུགས་ཀྱིས། །མི་གཙང་འདམ་བུའི་སྲིན་འབུར་སྐྱེས་དོགས་ནས། །དཀའ་ཐུབ་སྤྱོད་ཅིང་གཙང་སྦྲ་འདི་དག་བསྟེན། །སྒྱུ་མའི་ནོར་ལ་སྙིང་པོ་མ་མཐོང་ནས། །ཕ་རོལ་བསམ་ཞིང་དྲང་སྲོང་སྤྱི་བོས་བླང་། །རྒྱལ་བུས་བྲམ་ཟེའི་ཚིག་དེ་ཐོས་པ་དང་། །ཅ་ཅོ་བལྟ་ཕྱིར་ཚིག་གིས་ལན་སྨྲས་པ། །དགེ་སྦྱོང་རྣམས་ནི་ང་རྒྱལ་མེ་བས་ཆེ། །ས་ཡི་བདག་པོ་འོངས་ཚེ་ཅིས་མི་ལྡང་། །བྲམ་ཟེ་ཆེན་པོས་ཚིག་དེའི་ལན་སྨྲས་པ། །ས་བདག་སུ་ཞིག་ཁྱོད་ནི་གང་ནས་འོངས། །དགྲ་བཤེས་མེད་ཕྱིར་ཁྱོད་ངོ་མ་ཤེས་སོ། །ང་ལ་ནོར་མེད་གྲོགས་མེད་ནགས་ན་བདེ། །ལུས་སྲོག་འདི་ལ་དགྲ་བོ་འཆི་བདག་ཡིན། །ང་རྒྱལ་མེད་ཕྱིར་བདག་གིས་འདུ་འཛི་སྤངས། །བྲམ་ཟེའི་ཚིག་དེ་ཐོས་ནས་ལན་སྨྲས་པ། །ང་ནི་གསེར་གྱི་རྒྱལ་མཚན་ཅན་ནས་འོངས། །ང་ནི་དགེ་བ་དཔལ་གྱིས་བསྐྱེད་པའི་བུ། །དེ་རིང་ནགས་ཁྲོད་འདི་ན་འགྲན་ཟླ་སུ། །ཁྱོད་ཀྱིས་ས་བདག་མི་ཤེས་ཁྲིམས་ལས་འདས། །བྲམ་ཟེ་ཆེན་པོས་ཚིག་དེའི་ལན་སྨྲས་པ། །ང་ནི་མི་གྲལ་ལས་བུད་ཁྲིམས་ལས་འདས། །ང་ལ་དཔོན་མེད་གཡོག་མེད་ངོ་བསྲུང་མེད། །ས་བདག་འཇིག་རྟེན་ཕ་རོལ་འགྲོ་བའི་ཚེ། །རྟ་མེད་གྲོགས་མེད་རྐང་ཐང་གཅིག་པུར་འགྲོ། །ལྟོ་མེད་གོས་མེད་གཅེར་པུ་བར་དོར་འགྲོ། །གནས་མེད་ཡུལ་མེད་རྒྱུས་མེད་ཤུལ་ཐག་རིང་། །རྒྱལ་པོའི་བུ་ལ་ནམ་ཕུག་མ་མཆིས་པས། །དོན་དེས་བདག་ནི་ནགས་སུ་བསྡད་པ་ལགས། །ཅེས་གསུངས་པ་དང་། །རྒྱལ་བུས་བྲམ་ཟེའི་ཚིག་རྣམས་གསན་གྱུར་ནས། །ཆིབས་ལས་གཞོལ་ཏེ་འཁོར་གསུམ་དྲུང་དུ་ཕུལ། །གུས་པས་ཐལ་མོ་སྦྱར་ཏེ་གསོལ་བ་ནི། །མཁས་པ་ཁྱོད་ཀྱི་སྐྱོན་ཡོན་བརྟགས་པའི་ཕྱིར། །ང་རྒྱལ་ལྟ་བུའི་དྲག་པོའི་ཚིག་དེ་སྨྲས། །གང་ཡང་བདག་གིས་ཉིན་མཚན་དུས་དྲུག་ཏུ། །འཁོར་བའི་སྐྱོན་བསམ་ངེས་པར་ཡིད་འབྱུང་སྟེ། །རྒྱལ་སྲིད་སྤངས་ཏེ་ཐར་པར་འབྱུང་འདོད་པས། །བྲམ་ཟེ་ཁྱེད་ཀྱིས་བདག་ལ་གཟུང་དུ་གསོལ། །ཞེས་དང་། བྲམ་ཟེ་ཆེན་པོས་དེ་ལ་ལན་གསོལ་བ། །ཚུར་ཤོག་ང་རྒྱལ་རླུང་གིས་མི་དཀྲུགས་པར། །བསྟན་པའི་བདག་པོར་བྱིན་གྱིས་བརླབས་ཀྱིས་ཤོག །གསུངས་ནས། དཀོན་མཆོག་གསུམ་གྱི་བྱིན་རླབས་སེམས་བསྐྱེད་གནང་། །རྒྱལ་བུ་ཡར་བཞེངས་སླར་ཡང་མི་རྟ་རྣམས། །སེམས་བསྐྱེད་གདམས་ངག་ཡོན་དུ་རྗེ་ལ་ཕུལ། །རྒྱལ་བུའི་ཚོགས་རྣམས་ཡོངས་སུ་རྫོགས་བྱའི་ཕྱིར། །རེ་ཞིག་བླངས་ནས་གདམས་ངག་འདི་སྐད་གསུངས། །རྒྱལ་བུ་རེ་ཞིག་རྟོགས་བརྗོད་མ་བཏང་བའི། །ཚེ་འདིའི་ཆེ་ཐབས་འདྲེ་རྐྱེན་དག་ཀྱང་བྱེད། །རང་དོན་ཙམ་ཞིག་ཁྲ་དང་སྤྱང་ཀི་ཡང་བྱེད། །རང་སངས་རྒྱས་ཀྱང་བླ་མེད་ཉི་ཚེ་སྒྲུབ། །ལྟོ་འགྲངས་ཙམ་ཞིག་བྲན་གྱི་ཚོགས་ཀྱང་བཟའ། །སྐྱེ་བ་གཏན་དུ་རྒྱལ་པོ་ག་ལ་འབྲངས། །རྒྱལ་པོ་རང་རྒྱུད་ཆོས་ལ་བརྟེན་འཚལ་ལོ། །རྒྱལ་སྲིད་སྤངས་ཏེ་ཐར་པ་སྒྲུབ་འཚལ་ལོ། །སླར་ཡང་རྒྱལ་བུ་དམ་པས་ལན་གསོལ་བ། །བླ་མ་ང་ནི་རྒྱལ་པོའི་ཕོ་བྲང་ན། །བཟང་བཙོན་དར་གྱི་ཆུན་པོས་ལེགས་བསྣབས་ནས།།དང་པོ་ཉོན་མོངས་ཀྱིས་ནི་གཉེན་བསྡམས་ཤིང་། །ཐམས་ཅད་དགའ་དགའ་ལྟ་བུའི་བསླུ་བྲིད་ཀྱིས། །ཁོ་བོ་སྲིད་པའི་འདམ་དུ་བྱིང་གིས་དོགས། །ང་ནི་རྒྱལ་པོས་མནར་བར་མི་ནུས་པ། །བླ་མ་ཁྱེད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་དང་། དེ་ལ་བྲམ་ཟེ་ཆེན་པོས་འདི་སྐད་གསུངས། །རིགས་བརྒྱུད་སྲིད་པའི་འཆིང་ཐག་ཆེན་པོ་ཡིན། །རྒྱལ་སྲིད་མི་གཙང་འདམ་རྫབ་ཆེན་པོ་ཡིན། །རྒྱལ་པོ་བདུད་ཀྱི་གཅེས་མིང་ཆེན་པོ་ཡིན། །བློན་རྣམས་བདུད་ཀྱི་ཕ་ཚན་ཆེན་པོ་ཡིན། །ངེས་པར་ཁྱེད་ཀྱིས་མྱུར་བར་རེམ་ཏ་རེ། །འདི་རུ་མ་སྡོད་ན་ལེནྜ་རུ་སོང་། །དེ་ན་ཐོག་མེད་དུས་ནས་ཉེ་འབྲེལ་བའི། །ཁྱོད་ཀྱི་བླ་མ་བྱང་ཆུབ་བཟང་པོ་ཡོད། །སེམས་བསྐྱེད་ཆོས་ཞུས་ལས་ཀྱི་འབྲེལ་བ་ཞོག །མཁས་པ་དེ་ཡིས་ཁྱོད་ལ་ཕན་ཞེས་གསུངས། །དེ་མ་ཐག་ཏུ་བྲམ་ཟེ་ཆེན་པོ་ཡིས། །སླར་ཡང་ཕུལ་བ་ཐམས་ཅད་ཕྱིར་གནང་ནས། །ཁྱིམ་ནས་ཕྱུང་སྟེ་ངེས་པར་དྲུང་འདིར་ཤོག །མན་ངག་དུ་མས་ཁྱོད་ནི་སྐྱོང་ཞེས་གསུངས། །དེ་ནས་རྒྱལ་བུ་རྒྱལ་པོའི་ཁབ་དེར་འོངས། །གསེར་དངུལ་ལ་སོགས་འབྱོར་བ་དུ་མ་བླངས། །འཁོར་དང་བཅས་པ་ན་ལེནྜ་རུ་སོང་། །ན་ལེནྜ་ཡི་རྒྱལ་པོ་བྲེད་གྱུར་ནས། །དམག་དཔུང་འཁོར་དང་བཅས་པ་རྒྱང་ནས་བསུ། །མཇལ་ཚེ་རྒྱལ་པོས་གཏམ་ནི་ཡར་ཕུལ་ནས། །ས་བདག་རྒྱལ་པོ་ཁྱོད་ནི་གང་ནས་ལྷགས། །འཁོར་ལོས་སྒྱུར་འདྲ་ཁྱོད་ནི་གང་ནས་འོངས། །དམག་གི་ཆས་ཀྱིས་རྒོལ་བ་གང་དུ་འཇོམས། །རྒྱང་ནས་མཐོང་སྟེ་ཁྱོད་ཀྱི་དྲུང་དུ་འོངས། །ཞེས་པ་དང་། རྒྱལ་བུ་དམ་པས་དེ་ལ་ལན་སྨྲས་པ། ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ནས་འོངས། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོངས། །ང་ནི་སྲིད་པའི་དགྲ་བོ་འཇོམས་སུ་འགྲོ།།འཆི་བདག་བདུད་ཀྱི་དགྲ་བོ་འཇོམས་སུ་འགྲོ། །ཞེས་པ་དང་། ན་ལེནྜ་ཡི་རྒྱལ་པོས་ལན་གསུངས་པ། །ཁྱེད་ནི་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས། །ས་ཡི་བདག་པོ་ཆོས་རྒྱལ་དགེ་བ་དཔལ། །འཁོར་ལོས་བསྒྱུར་རྒྱལ་ནག་པོའི་ཕྱོགས་ལས་རྒྱལ། །མི་དབང་སྲས་པོ་ཞིང་དེར་བྱོན་པ་ལེགས། །ཁྱོད་ཀྱི་བི་ཀྲ་མ་ལ་ཤཱི་ལ་ན། །དཀོན་མཆོག་ཕོ་བྲང་ལྷ་ཡི་གཞལ་ཡས་ཁང་། །རབ་ཏུ་བྱུང་བ་བསམ་གྱིས་མི་ཁྱབ་བཞུགས། །མཁས་པ་པཎ་ཆེན་ཉི་ཟླ་ལྟ་བུར་ཡོད། །ས་བདག་ཁྱེད་ནི་མཁས་པ་སུ་ཞིག་འདོད། །ཅེས་པ་དང་། །རྒྱལ་བུས་ལན་སྨྲས་པ། ཆོས་གྲྭ་ཆེན་པོ་དཔལ་ཀྱི་ནལེནྜ། །རྒྱ་མཚོ་ཆེན་པོ་རིན་པོ་ཆེ་ཡི་གླིང་། །པཎ་ཆེན་གནམ་གྱི་སྐར་མ་འདྲ་བ་ཡོད། །མཆོག་ཏུ་བསྔགས་པའི་བྱང་ཆུབ་བཟང་པོ་དེ། །བྲམ་ཟེས་ལུང་བསྟན་བདག་གི་བླ་མ་ཡིན། །ས་བདག་ཁྱོད་ཀྱིས་བར་ཆད་བསལ་དུ་གསོལ། དེ་ལ་རྒྱལ་པོ་ཆེན་པོས་ལན་སྨྲས་པ། །དཔའ་བོ་ཆེན་པོ་བོ་དྷི་བྷ་དྲ་དེ། །རི་རྒྱལ་ཆེན་པོ་གངས་རིས་གཡོགས་པ་ལྟར། །མི་འགུལ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས། །རྣམ་ཐོས་སྲས་དེ་ནོར་ལ་སྤྱོད་པ་བཞིན། །དེ་ནི་འཕགས་པའི་ནོར་ལས་སྐལ་བར་རྙེད། །ཚུར་བྱོན་བདག་གི་ཕོ་བྲང་འཁོར་ཏུ་བྱོན། །སྙན་པའི་གཏམ་དང་དཔལ་འབྱོར་རོལ་བར་བྱ། །རྒྱལ་པོས་ལེགས་སོ་ཞེས་ནི་བརྗོད་པ་དང་། །རྒྱལ་པོས་བསུ་བ་ཡི་ནི་མདུན་བདར་ནས། །རོལ་མོ་འབུལ་ཞིང་ན་ལེནྜ་རུ་བྱོན། །དེ་ཡི་ལྷོ་ཕྱོགས་པདྨ་ཅན་ལྗོངས་ནས། །ཕོ་བྲང་ཀུན་ཏུ་བཟང་པོ་ཞེས་པ་ནི། །མི་ཁྱིམ་འབུམ་ཕྲག་གཅིག་གིས་སྐོར་བ་ཡོད། །དེ་ཡི་ནང་དུ་རྒྱལ་བུ་སྤྱན་དྲངས་ནས། །རིན་ཆེན་མཛེས་པའི་ཁྲི་སྟེང་འཁོད་པ་ལ། །རྒྱལ་བུ་རངས་པའི་བཀུར་སྟི་ཆེ་བར་མཛད། །དེ་ནས་ན་ལེནྜ་ཡི་གཙུག་ལག་ཏུ། །བླ་མ་བྱང་ཆུབ་བཟང་པོའི་དྲུང་དུ་བྱོན། །དེ་ཡི་གཙུག་ལག་ཁང་དུ་བྱོན་པ་དང་། །བླ་མ་མཐོང་ནས་ཤིན་ཏུ་མི་བཟད་པའི། །དགའ་བ་ཁྱད་དུ་འཕགས་པ་རྒྱུད་ལ་སྐྱེས། །བླ་མ་དམ་པ་བྱང་ཆུབ་བཟང་པོས་ཀྱང་། །རྒྱལ་བུ་དམ་པ་བྱོན་པ་གསན་པ་དང་། །ཤིན་ཏུ་དགྱེས་པས་སྟན་ལས་རབ་བཞེངས་ཏེ། །སྙན་པའི་ཚིག་གིས་ཆོས་ཀྱི་གསུང་བྱོན་པ། །ཆོས་རྒྱལ་སྲས་པོ་གནས་འདིར་བྱོན་ལགས་སམ། །མི་ཡི་དབང་པོ་གཞི་མ་བདེ་ལགས་སམ། །ཟ་ཧོར་ཡུལ་ན་ཆོས་འབྱོར་རྒྱས་ལགས་སམ། །བཤུལ་རིང་ལམ་ལ་སྙེལ་བར་མ་གྱུར་ཏམ། །དེ་ཚེ་རྒྱལ་བུ་དམ་པས་ལན་གསོལ་བ། །འདིར་འོང་ཡབ་བདེ་ཆོས་དང་མཐུན་པར་བདག །ལམ་དེ་རིང་ཡང་ཁྱེད་དང་མཇལ་བར་གྱུར། །མཁས་པ་ཁྱེད་ནི་སངས་རྒྱས་བསྟན་པ་ལ། །ཐོས་བསམ་སྒོམ་པས་སྙེལ་བར་མ་གྱུར་ཏམ། །ཞེས་པ་དང་། བླ་མའི་ཞལ་ནས་ལེགས་ཀྱི་ཁོ་བོ་ཡང་། །དམ་པའི་ཆོས་ཀྱིས་ཉིན་མཚན་བདེ་བར་གྱུར། །རྒྱལ་བུ་སྟན་ལ་འདུག་ལ་གང་དགོངས་གསོལ། །དེ་ནས་རྒྱལ་བུས་གུས་པས་ཕྱག་འཚལ་ནས། །རིན་ཆེན་མཛེས་པས་བླ་མ་མཉེས་པར་མཛད། །གུས་པའི་ཚིག་གིས་ཞུ་བ་འདི་སྐད་ཕུལ། །འགྲོ་བའི་བླ་མ་གཏམ་འདི་བརྩེ་བས་དགོངས། །ང་ནི་འཁོར་བའི་འདམ་རྫབ་མི་བཟད་པར། །བསླུ་བྲིད་རྒྱལ་སྲིད་ཆེན་པོས་མནར་དོགས་ནས། །དཔུང་དང་བཅས་ཏེ་ནགས་སུ་ཕྱིན་པ་ན། །བླ་མ་དགྲ་ལས་རྒྱལ་བ་བཞུགས་དེ་གདའ། །དེ་ལ་སེམས་བསྐྱེད་གསོལ་བ་བཏབ་པའི་ཚེ། །མཁས་པ་ཆེན་པོས་ཐུགས་རྗེས་རབ་གཟིགས་ནས། །ཆོས་གྲྭ་ཆེན་པོ་ན་ལེནྜ་རུ་སོང་། །སྐྱེ་བ་སྔོན་ནས་ཐུགས་རྗེས་རབ་བཟུང་བ། །བླ་མ་དམ་པ་བྱང་ཆུབ་བཟང་པོ་བཞུགས། །དེ་ལ་སེམས་བསྐྱེད་གདམས་ངག་ཞུས་ཞེས་གསུངས། །དེ་མ་ཐག་ཏུ་རང་གི་ཕོ་བྲང་ནས། །མཆོད་རྫས་བླངས་ཏེ་དེ་རིང་གནས་འདིར་སླེབ། །ད་ནི་བདག་ལ་བརྩེ་བའི་ཐུགས་རྗེ་ཡིས། །སེམས་བསྐྱེད་གདམས་པ་དུ་མ་གནང་དུ་གསོལ། །དེ་མ་ཐག་ཏུ་སྟན་ལ་འདུག་པ་དང་། །བླ་མས་ཏིང་ངེ་འཛིན་ལ་མཉམ་བཞག་ནས། །སྒོ་གསུམ་ལས་སུ་རུང་བར་བྱིན་གྱིས་རླབས། །དེ་ནས་སེམས་བསྐྱེད་གདམས་པ་དུ་མ་གནང་། །དེ་ཡང་གདམས་ངག་བསྟན་པ་འདི་ལྟར་ལགས། །རྒྱལ་བུ་ཚེ་འདི་དོན་ཡོད་ཐོབ་པ་ལས། །རྒྱལ་སྲིད་སྤངས་ནས་ཐར་པ་མ་བསྒྲུབ་ན། །ལས་ཀྱི་དབང་གིས་ངན་འགྲོར་ལྟུང་བའི་ཚེ། །ཤིན་ཏུ་འགྱོད་ཀྱང་ངེས་པར་ཕྱིས་པ་ཡིན། །སྐྱེ་བ་གཏན་གྱི་བཙན་ས་འཛིན་དུས་འདིར། །དཀའ་བ་ཆེན་པོས་བརྩོན་འགྲུས་མ་བརྩམས་ན། །ཐར་པའི་གོ་སྐབས་ངེས་པར་སྟོར་བའི་ཚེ། །ཕྱིན་ཆད་བཟུང་དུ་མེད་དོ་རིགས་ཀྱི་བུ། །དཔའ་ཞིང་བརྟན་ལ་གོ་ཆ་ཕུན་ཚོགས་ཀྱང་། །ཕ་རོལ་འཕྲེང་ལ་གཤེད་མས་ཁྲིད་པའི་ཚེ། །མཐུ་མེད་ཉམ་ཐག་འགྱོད་པ་ཙམ་ཞིག་ན། །ཕན་པའི་དགོས་པ་ཅི་ཡང་མ་མཆིས་སོ། །རྒྱལ་བུ་དམ་པའི་ཆོས་འདི་སེམས་མཛོད་དང་། །ན་ལེནྜ་ཡི་བྱང་ཕྱོགས་ཕ་གི་ན། །ཁྱོད་ཀྱི་ཐོག་མེད་དུས་ནས་ཕར་གྱུར་པའི། །རྒྱལ་སྲས་རིག་པའི་ཁུ་བྱུག་ཅེས་པ་ཡོད། །ཚེ་མཐར་ཕྱིན་ཅིང་དབེན་པར་གནས་པ་དེ། །ཆོས་བརྒྱད་སྤྲོས་པའི་དྲི་མས་མ་གོས་པར། །ཚུལ་ཁྲིམས་གོས་ཅན་མངོན་ཤེས་ཐོགས་མེད་ལྡན། །དྲུང་དེར་སོང་ལ་ཆོས་ཀྱི་གདམས་པ་ཞུས། །མགོན་པོ་དེ་ཡི་གསུང་དེ་ཐོས་གྱུར་ནས། །བྱང་ཆུབ་བཟང་པོ་དེ་ལ་འཕྲེང་བཞིན་དུ། །རིག་པའི་ཁུ་བྱུག་བཟང་པོའི་དྲུང་དུ་ཕྱིན། །ཕྱག་འཚལ་མཆོད་པ་ཕུལ་ཞིང་འདི་སྐད་ཞུས། །ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ན་གནས། །ང་ནི་བྷཾ་ག་ལ་ཡི་རྒྱལ་པོའི་སྲས། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོངས། །ན་ལེནྜ་ཡི་གཙུག་ལག་ཁང་དུ་ཕྱིན། །བྱང་ཆུབ་བཟང་པོ་དེ་ལ་སེམས་བསྐྱེད་ཞུས། །གདམས་ངག་དམ་པ་བསྟན་པ་འདི་སྐད་གསུངས། །འདི་རུ་མ་འདུག་བྱང་གི་ཕྱོགས་སུ་སོང་། །དེ་ན་ཐོག་མེད་དུས་ནས་ཕར་གྱུར་པའི། །བླ་མ་རིག་པའི་ཁུ་བྱུག་ཅེས་པ་ཡོད། །དྲུང་དེར་སོང་ལ་སེམས་བསྐྱེད་གསོལ་བ་ཐོབས། །དེས་ནི་ཁྱོད་ལ་ཕན་པར་འགྱུར་ཞེས་གསུངས། །དེ་མ་ཐག་ཏུ་རྗེ་ལ་འཕྲང་གྱུར་ཀྱང་། །དགའ་བ་སྐྱེས་ཏེ་ཁྱོད་ཀྱི་དྲུང་དུ་འོངས། །ཁོ་བོ་ཡབ་ཀྱིས་མནར་བར་མི་འགྱུར་བར། །བླ་མ་ཁྱེད་ཀྱིས་ངེས་པར་བཟུང་དུ་གསོལ། །དེ་ནས་བླ་མ་དམ་པ་རབ་དགྱེས་ནས། །ས་བདག་རྒྱལ་པོ་བྱོན་པ་ཤིན་ཏུ་ལེགས། །ཚུར་ཤོག་གཉིས་སུ་མེད་པར་བྱིན་གྱིས་རླབས། །ཆོས་ཉིད་འགྱུར་བ་མེད་པའི་བདེན་ཚིག་བདར། །བརྩེ་བའི་སེམས་ཀྱིས་དམ་ཆོས་བཤད་ཅེས་གསུངས། །དེ་ནས་རྒྱལ་བུས་མཆོད་པ་གུས་ཕུལ་ནས། །བླ་མའི་དྲུང་དུ་ཕྱག་འཚལ་ཐལ་སྦྱར་ཏེ། །ང་རྒྱལ་བསྐྱུངས་ཏེ་སྟན་ལ་རབ་འདུག་ནས། །ཁུ་བྱུག་བཟང་པོས་སེམས་བསྐྱེད་གདམས་པ་བསྟན། །གདམས་པའི་གཙོ་བོ་མཆོག་ཏུ་བསྔགས་པ་དེར། །རྒྱལ་བུ་ཚེ་འདིར་ཕུན་སུམ་ཚོགས་གྱུར་ཡང་། །སྐྱེ་བ་གཏན་གྱི་སོ་ནམ་མ་བྱས་ན། །དལ་འབྱོར་མི་ལུས་ཐོབ་པའི་དགོས་པ་ཆུང་། །ཕྱི་རབས་ནོར་ཤོར་ན་ཡང་ཕམ་ལོ་ལེགས། །རྒྱལ་བ་ཀླུ་སྒྲུབ་སྙིང་པོས་འདི་སྐད་གསུངས། །རྨི་ལམ་སྒྱུ་འདྲ་རང་བཞིན་སྤྲོས་དང་བྲལ། །སེམས་ཉིད་མ་བཅོས་གཉུག་མའི་ངང་ལ་གནས། །གང་གིས་འདི་གཉིས་བློ་ལ་མ་བསམས་ན། །འཁོར་བའི་འདམ་དུ་བྱིང་བར་འགྱུར་རོ་ཨང་། །རྒྱལ་བུ་དོན་དམ་མཉམ་བཞག་ནམ་མཁའ་འདྲ། །རྗེས་ཐོབ་སྒྱུ་འདྲ་ལས་འབྲས་བསམ་པར་རིག །བླ་མས་ཟབ་མོའི་ཆོས་དེ་བསྟན་པ་དང་། །སྦྱོར་བའི་ལམ་རྙེད་དཔའ་བོའི་ཏིང་འཛིན་ཐོབ། །དེ་ཚེ་རྗེ་ལ་རྟོགས་པ་འདི་ཕུལ་བ། །ཁོ་བོས་ཏིང་འཛིན་གཅིག་ལ་མཉམ་བཞག་སྟེ། །ནམ་མཁའ་སྤྲིན་དང་བྲལ་བ་ཇི་བཞིན་དུ། །གསལ་ལ་དངོས་པོ་རྟོག་པ་མི་མངའ་ཞིང་། །བླ་མ་ཆོས་ཀྱི་གནས་ལུགས་དེ་ལགས་སམ། །དེ་ནས་ཏིང་འཛིན་དེ་ལས་སད་པ་དང་། །སྣང་བ་ཞེན་པ་མེད་པར་སེམས་ཅན་དྲན། །བརྫུན་ཡང་ཕྲ་ཞིབ་ལས་ལ་བག་ཡོད་ཐོབ། །བླ་མ་བདག་ཉིད་ཉམས་དེ་མ་འཁྲུལ་ལམ། །ལན་དུ་བླ་མའི་ཞལ་ནས་འདི་སྐད་གསུངས། །ལེགས་སོ་ཁྱོད་ནི་བསོད་ནམས་བསགས་པའི་བུ། །ང་ནི་སྒྲོ་སྐུར་མེད་པའི་དགེ་སློང་ཡིན། །མཉམ་བཞག་ནམ་མཁའ་ལྟ་བུར་དག་ན་ཡང་། །རྗེས་ཐོབ་སྙིང་རྗེས་འགྲོ་བ་འདྲེན་པར་བྱེད། །བདེན་པ་གཉིས་ཀྱི་གནས་ལུགས་འདི་ལྟར་ལགས། །དེ་ནི་བདག་གི་མན་ངག་དམ་པ་ལགས། །ད་ནི་རྒྱལ་པོའི་ཁབ་ནས་འབྱུང་འདོད་ན། །རི་བོ་ནག་པོའི་ཟོམ་གྱི་ལྷོ་ཕྱོགས་ན། །བདག་གི་བླ་མ་ཨ་ཝ་དྷུ་ཏི་ཡོད། །དེ་ནི་ཁྱོད་ཀྱི་སྔོན་གྱི་བླ་མ་ཡིན། །དེར་སོང་དེ་ལ་སེམས་བསྐྱེད་གདམས་པ་ཞུས། །རྒྱལ་པོའི་ཁབ་ནས་འབྱུང་བའི་གདམས་པ་ལོང་། །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང་། །རྗེ་ལ་འཕྲེང་ཡང་དགའ་བ་མཆོག་བསྐྱེད་ནས། །ཕྱི་ཕྱག་འཚལ་ནས་འཁོར་དང་བཅས་པ་ཡིས། །དཔའ་བོའི་གཟུགས་སུ་ལམ་དུ་ཞུགས་པ་ན། །ན་ལེནྜ་ཡི་རྒྱལ་པོ་ཆེན་པོ་ཡང་། །ནོར་རྫས་མང་པོས་བདག་ལ་བཏབ་བྱས་ནས། །འཁོར་དང་བཅས་པས་དཔག་ཚད་གསུམ་དུ་བསྐྱལ། །དེ་ནས་རྒྱལ་བུ་ཕྱིར་ལ་ལོག་པའི་ཚེ། །རྒྱལ་བུའི་འཕྲེང་བའི་གཏམ་འདི་སླར་གསོལ་བ། །ས་བདག་ཁྱོད་ནི་བདེ་འབྱོར་ཐོབ་ལགས་ཀྱང་། །སྲིད་པའི་དགྲ་དེ་ཆོམ་པར་མ་གྱུར་ན། །ཕྱི་ནས་གཤེད་མས་བཅིངས་ཏེ་ཁྲིད་པའི་ཚེ། །འགྱོད་པ་ཕྱིས་པས་ཆོས་འབྱོར་བསྟེན་ན་ཨང་། །བསམ་པ་བཟང་པོས་གཞན་དོན་མཛད་ན་ཨང་། །མི་རྟག་ཚུལ་འདི་ཚོང་འདུས་མགྲོན་པོ་འདྲ། །འགྲོ་བར་གདའ་མོད་བརྩེ་བས་མི་དོར་རམ། །ཆོས་དང་མཐུན་པར་མྱུར་དུ་མཇལ་བར་བགྱི། །རྒྱལ་པོས་ཀྱང་ནི་དེ་ལ་ལན་གསོལ་བ། །སྐལ་བ་བཟང་པོ་དེང་སང་མཇལ་བའི་མཆོག །ཆོས་རྒྱལ་སྲས་དང་བཅས་པ་མི་དབང་གཡོ། །དེང་སང་གཤེགས་པས་བུ་ལས་འཕྲེང་བར་གྱུར། །འོན་ཀྱང་མྱུར་དུ་མཇལ་བའི་སྨོན་ལམ་འཚལ། །དེ་ནས་རི་བོ་ཟོམ་གྱི་ལྷོ་ཕྱོགས་སུ། །བླ་མ་ཨ་ཝ་དྷུ་ཏིའི་དྲུང་དུ་ཕྱིན། །དེ་ཚེ་བླ་མ་སྐྱེས་མཆོག་དམ་པ་ནི། །བྲག་གདོང་ནག་པོ་ཞིག་གི་བྱ་སྐྱིབས་ན། །ལྭ་བ་ནག་པོ་གཅིག་ནི་སྐུ་ལ་གསོལ། །ཀྲྀཥྞ་སཱ་ར་གཅིག་ནི་སྟན་དུ་བཏིང་། །སྒོམ་ཐག་ཆེན་པོ་གཅིག་ནི་ག་ཤལ་བཅུག །སྐུ་ལུས་སྦོམ་ལ་ཤིན་ཏུ་བསུས་པ་ཆེ། །སྤྱན་མིག་དམར་ལ་ཤ་རྩ་ཅུང་ཞིག་སྔོ། །རྟོག་པ་མེད་པར་ཕྱེད་སྐྱིལ་ལུས་གནད་བཅས། །སྣོད་བཅུད་ཐམས་ཅད་ཐོད་པ་གཅིག་ཏུ་བསྡུས། །ཆགས་པ་མེད་པར་བདེ་བར་ཞུགས་པ་མཐོང་། །རྒྱང་ནས་ཆིབས་ལས་གཞོལ་ཏེ་ཕྱག་འཚལ་ཞིང་། །འཁོར་དང་བཅས་པ་དྲུང་དུ་འདུག་པ་ན། །ཅེར་ཏེ་གཟིགས་ནས་ཞལ་ནས་འདི་སྐད་གསུངས། །ང་རྒྱལ་སྒང་བུ་རལ་བར་མ་གྱུར་ཏམ། །ནག་པོའི་ཕྱོགས་ཀྱིས་མནར་བ་མ་གྱུར་ཏམ། །ཁྱིམ་གྱི་འདམ་དུ་བྱིང་བར་མ་གྱུར་ཏམ། །བདུད་ཀྱི་བུ་མོས་བསླུས་པ་མ་གྱུར་ཏམ། །ཕུན་ཚོགས་དཔལ་འབྱོར་ཆུས་ཟོས་མ་བྱས་སམ། །རྒྱལ་པོའི་བུ་འདྲ་ཁྱེད་རྣམས་གང་ནས་འོངས། །ཞེས་གསུངས་པ་དང་། ཐལ་མོ་སྦྱར་ཏེ་ཚིག་གིས་ལན་གསོལ་བ། །ཁོ་བོ་ཤར་ཕྱོགས་བྷཾ་ག་ལ་ནས་འོངས། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོངས། །རྒྱལ་སྲིད་ཚོགས་ལ་ཞེན་པ་ལོག་ནས་འོངས། །འཁོར་བའི་ཆོས་ལས་སྐྱབས་གནས་ཞུ་རུ་འོངས། །ཆོས་གྲྭ་ཆེན་པོ་ན་ལེནྜ་རུ་ཕྱིན། །རིག་པའི་ཁུ་བྱུག་དེ་ལ་སྐྱབས་གནས་ཞུས། །ཕ་དེས་ཁོ་བོ་ཁྱོད་ཀྱི་དྲུང་དུ་བཏང་། །ད་ནི་ཁྱེད་ཀྱིས་བདག་ལ་སྐྱབས་སུ་གསོལ། །ཨ་ཝ་དྷུ་ཏིའི་ཞལ་ནས་འདི་སྐད་གསུངས། །ཁོ་བོ་རྒྱལ་པོའི་རིགས་སུ་སྐྱེས་ནས་འོངས། །ཉོན་མོངས་ལས་ཀྱི་ཚོགས་ལ་ཆེས་འཇིགས་ཏེ། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས། །ཨ་ཝ་དྷཱུ་ཏིའི་སྤྱོད་པ་སྐྱོང་ནུས་སམ། །རྒྱལ་སྲིད་འབྱོར་པ་དུག་གི་མཚོ་དང་འདྲ། །འཐུངས་པ་ཙམ་གྱིས་ཐར་པའི་སྲོག་གཅོད་འོངས། །རྒྱལ་སྲིད་འབྱོར་པ་མེ་ཡི་འོབས་དང་འདྲ། །བརྒལ་བ་ཙམ་གྱིས་སྡུག་བསྔལ་སྐྱེད་པར་བྱེད། །དེ་རིང་ཕར་སོང་རྒྱལ་པོའི་ཁབ་ཏུ་སོང་། །ཁྱིམ་གྱི་ཉེས་དམིགས་ལྟོས་ལ་མྱུར་དུ་ཤོག །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང་། །བསྙེན་བཀུར་བགྱིས་ནས་མྱུར་དུ་ཁབ་ཏུ་འོངས། །སྐྱེ་བོ་རྣམས་ཀྱིས་རྒྱལ་བུ་མཐོང་བ་ན། །ག་ཤ་སྒྲོག་ཅིང་གླུ་གར་རོལ་མོ་འབུལ། །རང་གི་ནང་དུ་ལྷགས་པར་གྱུར་པའི་ཚེ། །རྒྱལ་པོ་ཡབ་ཡུམ་ཆེས་ཆེར་དགྱེས་པ་ཡིས། །ཟླ་བའི་སྙིང་པོ་ཁྱོད་ནི་གང་དུ་ཕྱིན། །དེ་ཙམ་གཅིག་ཏུ་དུབ་པར་མ་གྱུར་ཏམ། །ཉེས་དམིགས་མཐོང་ནས་སྐྱོ་བ་མ་སྐྱེས་སམ། །སླེབས་པས་ལེགས་ཞེས་དགའ་བ་སྒྲོག་པ་ན། །རྒྱལ་བུ་དམ་པས་ཞིབ་པར་ལན་སྨྲས་པ། །ས་ཕྱོགས་དག་ཏུ་ཉམས་དགའ་ཙམ་དུ་སོང་། །བསྟན་པའི་དགྲ་བོ་ཐབས་ཀྱིས་འདུལ་དུ་ཕྱིན། །ཐུབ་པའི་སྐྱབས་གནས་བླ་མ་འཚོལ་དུ་ཕྱིན། །རི་བྲག་དག་ཏུ་དབེན་པ་འཚོལ་དུ་ཕྱིན། །གང་དུ་ཕྱིན་ཡང་འཁོར་བའི་ཉེས་དམིགས་མཐོང་། །སུ་དང་འགྲོགས་ཀྱང་འཁོར་བའི་ཉེས་དམིགས་བཤད། །ཇི་ལྟར་བྱས་ཀྱང་ཤེས་པ་མ་ཕེབས་ནས། །གོ་སྐབས་ཕྱེ་ཞིག་བདག་ནི་ཆོས་ལ་འགྲོ། །དེ་ཡི་ལན་དུ་ཕ་མས་འདི་སྐད་གསུངས། །རྒྱལ་བུ་འཁོར་བའི་གནས་ལ་སྐྱོ་ལགས་ན། །རྒྱལ་སྲིད་བཟུང་ལ་དཀོན་མཆོག་མཆོད་པ་གྱིས། །ཐུགས་རྗེ་ཆེན་པོས་དབུལ་འཕོངས་ཚིམ་པར་གྱིས། །གཙུག་ལག་བཞེངས་ལ་དགེ་འདུན་རྟག་ཏུ་ཐེག །ཕྱོགས་རིས་མེད་པར་བྱམས་དང་སྙིང་རྗེ་བསྒོམ། །དེ་ལྟར་བྱས་ན་ཀུན་ཏུ་བདེ་བར་འགྱུར། །དེ་ལ་རྒྱལ་བུ་དམ་པས་ལན་སྨྲས་པ། །བརྩེ་ན་ཡབ་གཅིག་བདག་ལ་གསན་དུ་གསོལ། །ང་ནི་རིན་ཆེན་གསེར་གྱི་ཕོ་བྲང་དུ། །དར་གྱིས་བཅུད་མོས་བསྡམས་ཏེ་འཁྱོག་མེད་པར། །ཕོ་བྲང་འདི་རུ་བདག་ནི་མནར་བར་འགྱུར། །བདག་གིས་འཁོར་བ་འདི་ལ་ཆེར་བལྟས་ཤིང་། །སྐྱེ་བོ་ཡོངས་ཀྱི་སྡུག་བསྔལ་བསམ་པ་ན།།རྒྱལ་སྲིད་འདི་ལ་ཆགས་པའི་སྣང་བ་འདི། །མཆིལ་མའི་ཐལ་བ་ཙམ་ཡང་མི་གདའ་འོ། །བདག་གིས་བསྐོར་ཞིང་ཉིན་མཚན་དུས་དྲུག་ཏུ། །ཁྱིམ་གྱི་ཉེས་དམིགས་ཆེས་ཆེར་བསམ་པ་ན། །མཚར་ཡང་བསླུ་བྲིད་བདུད་ཀྱི་བུ་མོ་ལ། །ཆགས་སེམས་སྐད་ཅིག་ཙམ་ཡང་མི་གདའ་འོ། །བདག་གིས་རྫུན་སྣང་འདི་ལ་བལྟས་ཙམ་ན། །མངར་གསུམ་བུ་རམ་ཀ་ར་སྦྲང་རྩི་དང་། །མི་ཀླད་ཁྱི་ཀླད་མཛེ་ཀླད་རྣག་ཁྲག་ལ། །ཁྱད་པར་ཅུང་ཟད་ཙམ་ཡང་མ་མཆིས་སོ། །དར་ཟབ་གོས་དང་གཡུ་བྱུར་མཛེས་པ་དང་། །ལྷ་ཡི་རྒྱན་ཆ་མཛེས་པས་འཕྱོར་བ་དང་། །མི་གཙང་ཁྲོད་དུ་ལྭ་བ་གྱོན་པ་ལ། །ཁྱད་པར་ཅུང་ཟད་ཙམ་ཡང་མི་གདའ་ན། །ང་འགྲོ་བསམ་གཏན་བསྒོམ་དུ་ནགས་སུ་འགྲོ། །དུར་ཁྲོད་བརྒྱད་དུ་རྩེད་མོ་རྩེ་རུ་འགྲོ། །ང་འགྲོ་ང་འགྲོ་མཁའ་སྤྱོད་གནས་སུ་འགྲོ། །གསང་བའི་གནས་སུ་དགའ་བ་བསྐྱེད་དུ་འགྲོ། །ཆགས་མེད་གནས་སུ་ལྡོམ་བུ་བསྟེན་དུ་འགྲོ། །ང་འགྲོ་ང་འགྲོ་རི་བོའི་ཟོམ་དུ་འགྲོ། །རྗེ་བཙུན་ཨ་ཝ་དྷཱུ་ཏིའི་དྲུང་དུ་འགྲོ། །ང་འགྲོ་ང་འགྲོ་མཁའ་སྤྱོད་གནས་སུ་འགྲོ །རྡོ་རྗེ་ཐེག་པའི་རོ་མཆོག་མྱང་དུ་འགྲོ། །ང་འགྲོ་ང་འགྲོ་ཨོ་རྒྱན་ཡུལ་དུ་འགྲོ། །ཡེ་ཤེས་མཁའ་འགྲོ་གྲོགས་སུ་སྡུད་དུ་འགྲོ། །ང་འགྲོ་ང་འགྲོ་འོག་མིན་གནས་སུ་འགྲོ། །རྣམ་སྣང་ཞབས་ལ་སྤྱི་བོས་བསྟེན་དུ་འགྲོ། །ང་འགྲོ་ང་འགྲོ་དགའ་ལྡན་གནས་སུ་འགྲོ། །བྱམས་པའི་སྐྱེས་མཆོག་བླ་མ་བསྟེན་དུ་འགྲོ །ང་འགྲོ་ང་འགྲོ་ཞིང་ཁམས་ཡོངས་སུ་འགྲོ །དམ་པའི་ཆོས་ཀྱི་དགའ་སྟོན་འགྱིད་དུ་འགྲོ། །ང་འགྲོ་ང་འགྲོ་འཕགས་པའི་ཞིང་དུ་འགྲོ། །བདེ་བ་ཅན་དུ་ཉམ་དགའ་སྐྱོང་དུ་འགྲོ། །ཁོ་བོ་མ་བཅིངས་མ་འཆིང་དགེ་བ་དཔལ། །ཕ་གཅིག་བུ་ལ་བརྩེ་ན་བཙན་སར་སྐྱོལ།།ཁོ་བོ་མ་བཅིངས་མ་འཆིང་འོད་ཟེར་ཅན། །མ་གཅིག་བུ་ལ་བརྩེ་ན་ཆོས་ལ་སྦྱོར། །ཉི་མ་དེ་རིང་ང་ལ་འབྲས་ཆང་དང་། །ཤ་དང་འོ་མ་དང་ནི་སྦྲང་རྩི་དང་། །རྫས་ཀྱི་འབྱོར་བ་ཅུང་ཞིག་ཐུགས་ལ་ཐོགས། །རྗེ་བཙུན་ཨ་ཝ་དྷུ་ཏིའི་དྲུང་དུ་འགྲོ། །བསྙེན་བཀུར་བྱེད་ཅིང་བདག་རྒྱུད་འདུལ་དུ་འགྲོ །ཚིག་དེ་རྒྱལ་བུ་དམ་པས་གླུ་བླངས་ཤིང་། །ཡབ་ཡུམ་གཉིས་ཀྱི་སྙན་དུ་ཕུལ་བ་དང་། །དྲི་ཟའི་རྒྱལ་པོས་གླུ་དབྱངས་བླངས་པ་ན། །སྐྱེ་བོའི་ཚོགས་རྣམས་ཤེས་པ་གཡོ་བ་ལྟར། །ཡབ་ཡུམ་གཉིས་ཀྱི་ཤེས་པ་ཆེར་གཡོས་ནས། །ལན་མ་ཐེབས་པར་གྲབས་ལ་གང་དགོས་གནང་། །དེ་ནས་འབྲས་ཆང་ལ་སོགས་ཟས་སྣ་དང་། །རྟ་པ་སྟོང་དང་བཅས་ཏེ་ནགས་སུ་ཕྱིན། །ཨ་ཝ་དྷཱུ་ཏི་མཆོད་པས་ཚིམ་པར་བྱས། །ཐལ་མོ་སྦྱར་ཞིང་ཞབས་ལ་གཏུགས་པ་དང་། །བླ་མས་སེམས་བསྐྱེད་ཐེག་ཆེན་དབང་བསྐུར་མཛད། །དེ་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ། །འཁོར་གྱིས་བསྐོར་ཞིང་འཇིགས་པ་བསྲུང་བ་ལྟར། །ཐམས་ཅད་རྟ་ལས་མ་བབས་ནགས་ཁྲོད་ན། །ཧོར་འདྲ་ཀུ་སྒྲ་སྒྲོག་ཅིང་ཕྱི་ནས་བསྐོར། །མེལ་ཚེ་བྱེད་ཅིང་གླུ་དབྱངས་མཆོད་པ་འབུལ། །བྱས་པའི་རྗེས་སུ་བླ་མས་འདི་སྐད་གསུངས། །རི་བོ་ནག་པོའི་གཙུག་ལག་ཁང་དུ་སོང་། །དཔལ་ལྡན་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །བཀའ་སྡོད་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། །དཔལ་ལྡན་ར་ཧུ་ལ་ཡི་དྲུང་དུ་སོང་། །སེམས་བསྐྱེད་དབང་བསྐུར་གདམས་པ་དུ་མ་ཞུས། །དེ་ཡང་སྔོན་གྱི་བླ་མ་དམ་པ་ཡིན། །དགའ་བས་རྒྱུག་ཅིག་མ་སྡོད་ད་ལྟ་རྒྱུག །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང་། །དཔའ་བོ་ཆེན་པོ་གཡུལ་དུ་ཞུགས་པ་ལྟར། །ཁྲབ་ཀྱི་གོས་ཅན་རྟ་པ་སྟོང་གིས་བསྐོར། །རྨོག་གྱོན་དཔའ་བོའི་ངར་སྒྲ་ཆེན་པོ་ཡིས། །སཏྭ་རེ་དགྲ་སཏྭ་ཐོ་བ་མདུང་ལྕགས་འཕྱར། །ཐོག་མདའ་འཕེན་ཞིང་ཀུན་ནས་འབྲུག་སྒྲ་སྒྲོག །དགའ་བའི་གླུ་ལེན་གཙུག་ལག་ཁང་དུ་རྒྱུག །དེ་ནས་རི་བོ་ནག་པོའི་གཙུག་ལག་ནས། །རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པ་ལ། །དཔལ་ལྡན་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །གསང་སྔགས་རྒྱུད་སྡེ་གསུང་གིན་ཡོད་པ་ན། །རྒྱལ་བུ་ཟླ་བ་གཞོན་ནུ་བྱོན་པ་གཟིགས། །ཆོས་ལ་འོངས་པ་མངོན་པར་མཁྱེན་ན་ཡང་། །ཐུགས་རྗེ་ཆེན་པོས་བསྡིག་ར་བྱ་བའི་ཕྱིར། །རྒྱལ་པོའི་སྟེང་དུ་ཐོག་གཅིག་ཕབ་པ་ཡིས། །ཐོག་དེ་དབྱིངས་ནས་འབབ་པར་མ་འདོད་པར། །མུ་སྟེགས་ནག་པོའི་མཆོད་རྟེན་རི་ལ་སོང་། །དེ་ལ་རྣལ་འབྱོར་པ་རྣམས་ངོ་མཚར་ནས། །རྒྱལ་པོའི་དམག་ཞིག་གང་ལ་སུ་ཞེས་གསོལ། །དེ་མ་ཐག་ཏུ་བླ་མས་ལན་གསོལ་པ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གཉིས་སུ། །རྣམ་དག་དགེ་སློང་མཁས་པ་དེ་བཞིན་དུ། །ལེགས་པར་བརྒྱུད་ཅིང་དེང་སང་བྷཾ་ག་ལར། །ཆོས་རྒྱལ་དགེ་བ་དཔལ་གྱི་སྲས་སུ་བལྟམས། །འདི་འདྲའི་འཁོར་དང་རྒྱལ་སྲིད་ཆེན་པོ་ལ། འདི་ནི་མ་ཆགས་དཀའ་བ་སྤྱད་པར་འདོད། །རི་བོ་ཟོམ་ནས་ཨ་ཝ་དྷཱུ་ཏི་པས། །ང་ལུང་བསྟན་ཏེ་དེ་རིང་གནས་འདིར་ལྷགས། །ངོ་མཚར་ཆེའམ་སྐལ་ལྡན་ཕོ་མོ་ཀུན། །ཞེས་པ་དང་། ཀུན་གྱིས་ཨ་ལ་ལ་ཧོ་ངོ་མཚར་ཅན། །དེ་རིང་དཔའ་བོ་ཆེན་པོ་བྱོན་པ་ལེགས། །དེ་ནས་ཀུན་ནས་བྱོན་ཏེ་རྒྱང་ནས་བསུ། །རྒྱལ་པོ་ཆེན་པོ་ཆིབས་ལས་གཞོལ་གྱུར་ཏེ། །རྟ་པ་སྟོང་གིས་ཀྱང་ནི་རྟ་ལས་བབས། །དེ་ནས་བླ་མའི་ཕོ་བྲང་འཁོར་དུ་བྱོན། །གུས་པས་ཕྱག་འཚལ་གསོལ་བ་འདི་ལྟར་བཏབ། །སྐྱེས་མཆོག་བླ་མ་དམ་པ་གསན་དུ་གསོལ། །ཁྱིམ་ནས་བྱུང་སྟེ་ཐར་པ་བསྒྲུབ་འདོད་ཀྱང་། །ད་ལྟ་གྲགས་པའི་རིགས་བརྒྱུད་མཐོ་ཐོབ་པས། །བྷཾ་ག་ལ་རུ་ཁོ་བོ་འཆིང་ཉེན་གདའ། །ཛེ་ཏཱ་རི་དང་བྱང་ཆུབ་བཟང་པོ་དང་། །རིག་པའི་ཁུ་བྱུག་ཨ་ཝ་དྷུ་ཏི་དང་། །དངོས་གྲུབ་བརྙེས་པའི་བླ་མ་བསྟེན་གྱུར་ཀྱང་། །ད་དུང་རྒྱལ་སྲིད་གནས་ལས་གྲོལ་མ་གྱུར། །དེས་ནི་བླ་མ་ཁྱེད་ཀྱི་དྲུང་དུ་བཏང་། །བདག་ལ་སེམས་བསྐྱེད་ཐེག་ཆེན་དབང་བསྐུར་གྱིས། །ངེས་པར་འཆིང་བ་འདི་ལས་བསྒྲལ་དུ་གསོལ། །དེ་ནས་བླ་མ་དཔའ་བོ་དམ་པ་ཡིས། །རྒྱལ་བུ་གཅིག་པུར་དཀྱིལ་འཁོར་དྲུང་དུ་ཕྱིན། །དཔལ་ལྡན་དགྱེས་པ་རྡོ་རྗེའི་དབང་བསྐུར་མཛད། །གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེར་བཏགས། །ཉིན་དང་མཚན་དུ་གདམས་པའི་ཆར་པ་ཕབ། །ཉིན་མཚན་བཅུ་གསུམ་བར་དུ་དབང་བསྐུར་མཛད། །ཆོས་ཀྱི་བྱ་བ་ཐམས་ཅད་ཚར་བར་མཛད། །དེ་ཡི་བར་དུ་འཁོར་ཚོགས་ཐམས་ཅད་ཀྱང་། །མ་ཉལ་འགྲོ་དང་འཆག་དང་རྩེ་བ་དང་། །གླུ་གར་རོལ་མོ་སྣ་ཚོགས་བྱེད་པ་དང་། །རྒྱལ་བུ་ཕྱིར་ལ་ནམ་འབྱོན་སྙམ་པ་ལས། །རྣམ་པར་རྟོག་པ་གང་ཡང་མ་བྱུང་ང་ོ། །ཉིན་ཞག་བཅུ་གསུམ་པ་ཡི་དུས་ཚོད་ན། །རྒྱལ་བུ་ཧེ་རུ་ཀ་ཡི་ཆས་སུ་བྱོན། །འཁོར་བས་འཇིགས་ཤིང་མི་རྟག་གླུ་དབྱངས་བླངས། །འཁོར་གསུམ་བལྟ་ཞིང་སྙིང་པོ་མེད་པ་གཟིགས། །དེ་ཚེ་ངག་ཏུ་བརྗོད་པའི་གླུ་དབྱངས་འདི། །སྤྲོས་བྲལ་ཉག་གཅིག་དབྱིངས་ཀྱི་ནམ་མཁའ་ལས། །སྐྱེ་མེད་སྟོང་པའི་ཚིག་གི་ང་རོ་སྒྲོག །རྒྱལ་སྲིད་རྨི་ལམ་ནོར་འདྲ་སྙིང་པོ་མེད། །འཁོར་གྱི་ཚོགས་ནི་སྒྱུ་མའི་བསླུ་བྲིད་ཡིན། །ཐམས་ཅད་བོར་ནས་བྱང་ཆུབ་མ་བསྒྲུབ་ན། །ཁོ་བོ་སྐལ་ལྡན་བསོད་ནམས་བསགས་པ་མིན། །ཉིན་དང་མཚན་དུ་གནས་ལུགས་དོན་བསྒོམ་ཞིང་། །རྒྱ་ཆེན་ཐོས་པ་རྟག་ཏུ་བཙལ་བར་བྱ། །དེ་ནས་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །མི་རྟག་རང་བཞིན་ལས་སྐྱེས་རྣལ་འབྱོར་པ། །དཔའ་བོ་དངོས་གྲུབ་བརྙེས་པའི་རྣལ་འབྱོར་པ། །འཇིགས་པའི་གྲུབ་ཐོབ་ཕོ་མོ་གཅེར་བུ་བརྒྱད། །ལག་པ་གཡས་པས་མི་རྐང་གླིང་བུ་བཟུང་། །གཡོན་པས་མི་ཤ་ལག་པར་སོ་འབྲད་བྱེད། །ངག་ནས་ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག །ཀུན་ནས་རྒྱལ་བུའི་ཕྱི་ལ་བསྐོར་ཞིང་རྒྱུག །བྷཾ་ག་ལར་སོང་རྒྱལ་པོའི་བསམ་པ་བསྒྱུར། །རྒྱལ་བུ་སྲིད་དང་བྲལ་བར་བསམ་པ་བསྒྱུར། །སྐྱེས་མཆོག་ཨ་ཝ་དྷུ་ཏིའི་དྲུང་དུ་བསྐྱལ། །ལྭ་བའི་གོས་བསྐོན་དམན་པའི་ཟས་ཀྱིས་སྐྱོང་། །དར་ཟབ་གདན་ཁྲི་ཀྲྀཥྞ་ས་ར་བྱིན། །འཁོར་དང་རྟ་ཁྲོལ་གཅིག་པུར་ལྡོམ་བུ་སློབ། །མ་ཞུམ་མ་ཞུམ་ཐར་པ་བསྒྲུབ་པའི་དུས། །ངེས་པར་གཉེན་པོས་བཙན་ཆོད་བྱེད་པའི་དུས། །ད་ལྟ་རྒྱུག་ཅེས་བླ་མས་བཀའ་བསྒོ་མཛད། །དེ་ནས་རྒྱལ་བུས་གྲུབ་ཐོབ་ཆ་ལུགས་སུ། །ཆིབས་ལ་ཆིབས་ཏེ་རྟ་པ་སྟོང་གིས་བསྐོར། །ལམ་དུ་ཞུགས་ཚེ་རྡོ་རྗེའི་མགུར་བཞེས་པ། །སྐྱེ་བ་མེད་པ་སེམས་ཀྱི་རྡོ་རྗེ་ལ། །འགྱུར་བ་མེད་པའི་རྡོ་རྗེའི་ཐེག་པ་རྙེད། ཤིན་ཏུ་དགའ་བའི་ཉམས་ཀྱི་རྡོ་རྗེ་ལ། །རྡོ་རྗེ་ཉམས་དང་ལྡན་པའི་སྣང་བ་ཤར། །གསལ་ལ་དག་པ་ལྷ་ཡི་རྡོ་རྗེ་ལ། །ཉེས་སྐྱོན་དག་པ་ལས་ཀྱི་གཟུགས་བརྙན་ཤར། །རྡོ་རྗེ་རིན་ཆེན་ལུས་ཀྱི་དཀྱིལ་འཁོར་ལ། །བདག་མེད་རྡོ་རྗེ་འཇིགས་མེད་སྣང་བ་ཤར། །མི་རྟོག་ཡེ་ཤེས་གསང་བའི་རྡོ་རྗེ་དང་། །འཁོར་བའི་གཡུལ་ལས་ངེས་པར་རྒྱལ་བར་གྱུར། །རྒྱལ་བུས་རྡོ་རྗེའི་མགུར་དེ་བཞེས་པ་དང་། །ནང་བློན་ཆེན་པོ་དཔའ་བོ་རྡོ་རྗེ་དང་། །བློན་པོ་ཆེན་པོ་ཕས་རྒོལ་རབ་འཇོམས་དང་། །བློན་པོ་ཆེན་པོ་སྐར་མའི་རྒྱལ་པོ་དང་། །བློན་པོ་ཆེན་པོ་འཇིགས་པ་མེད་པ་དང་། །བློན་པོ་ཆེན་པོ་བཞི་ཡིས་སྐྱོ་བའི་གླུ་བླངས་པ། ཨེ་མ་ཧོ༔ འཇིག་རྟེན་ལས་ཀྱི་མཐུ་བཙན་པ། །ཀུན་ནས་མི་ཟད་ཟ་ཧོར་ཡུལ་ཕྱོགས་ནས། །དཔལ་མཆོག་རྒྱས་པ་གྲོང་ཁྱེར་བྷཾ་ག་ལ། །ལྟ་ན་སྡུག་པ་གསེར་གྱི་རྒྱལ་མཚན་ཅན། །ངོ་མཚར་ཆེ་བའི་རྒྱལ་པོ་དགེ་བ་དཔལ། །འགྲོ་བའི་མ་མ་ལྷ་མོ་འོད་ཟེར་ཅན། །སྤྲུལ་པ་འདྲ་བའི་བློན་འབངས་བོར་གྱུར་ནས། །རྒྱལ་བུ་དམ་པ་ནགས་སུ་བཞུད་པ་འདྲ། །རྟ་དང་ཤིང་རྟ་གླང་པོ་བཞག་གྱུར་ནས། །དམན་པའི་ཚུལ་བཟུང་རྐང་འགྲོས་བྱེད་བྱེད་འདྲ། །ལྷ་ཡི་རྒྱན་དང་ན་བཟའ་བོར་གྱུར་ནས། །དམན་པའི་གནས་སུ་ལྭ་བ་གྱོན་ཉེན་གདའ། །རྨ་བྱ་བསྣོལ་བའི་ཁྲི་སྟན་ཕར་བཞག་ནས། །ལོ་མའི་སྤྱིལ་པོར་ཀྲྀཥྞ་གདིང་ཉེན་གདའ། །མཛེས་པའི་ལྷ་མོ་ཁབ་ཏུ་མི་བཞེས་པར། །དུར་ཁྲོད་འགྲིམ་ཞིང་རོ་ཟས་ཟ་ཉེན་གདའ། །བལྟམས་མ་ཐག་ཏུ་དཀར་པོའི་སྣང་བ་ཅན། །དགའ་བར་འདུས་པ་འབྲལ་བར་ཕོད་ལགས་སམ། །དེ་ལྟར་གླུ་ལེན་སྐྱོ་ནས་ཁབ་ཏུ་འོངས།།ཀུན་གྱིས་ཕོ་བྲང་འཁོར་དུ་སླེབས་པ་དང་། །སྐྱེ་བོ་ཀུན་གྱིས་ཚོར་ཞིང་བལྟས་པའི་ཚེ། །ཕྱོགས་སྐྱོང་བཅུ་པོ་གཡུལ་དུ་ཞུགས་པ་ལྟར། །འཇིགས་ཤིང་དཔའ་ལ་གོ་ཆ་རབ་ཏུ་བརྟན། །མཛེས་ཤིང་མཚར་ལ་ཡ་མཚན་ལྟད་མོ་ཆེ། །སིལ་སིལ་ཁྲོལ་ཁྲོལ་འུར་སྒྲ་སྣ་ཚོགས་སྒྲོག །རང་གི་རྒྱལ་བུ་ལགས་ཀྱང་འཇིགས་པ་ཚོར། །ཟླ་བ་གསུམ་དུ་བློན་པོ་ཐམས་ཅད་ཀྱང་། །དམག་གི་ཆས་བརྒྱན་རྟ་སྒ་ཆས་རྣམས་སྒྲོན། །ལ་ལ་ཚབ་འགྲན་ལ་ལ་གླུ་གར་རྩེ། །ལ་ལ་འཐབ་པ་ལྟ་བུར་གོ་བཤམ་བྱེད། །རྣལ་འབྱོར་ཕོ་མོ་དག་ནི་མཆོང་ཞིང་རྒྱུག །རྒྱལ་བུ་གྲོང་ཁྱེར་གནས་སུ་སྨྱོ་སྤྱོད་སྐྱོང་། །ཀུན་གྱིས་རྒྱལ་སྲིད་སྤོང་བར་ཁ་ཚོན་བཅད། །ཐམས་ཅད་འཕྲེང་ཞིང་རང་སར་མཆི་མ་འབྱིན། །ཤེའུ་ཁྱུ་གུ་གཅན་གཟན་ལྷགས་པ་ལྟར། །ཡབ་ཡུམ་བུ་ཕྱིར་མྱ་ངན་སྨྲེ་སྔགས་འདོན། །ལྷག་པར་ཡབ་ཀྱི་ཞལ་ནས་འདི་སྐད་གསུངས། །ཨེ་མ་བུ་ཁྱོད་ལེགས་པར་བཙས་པའི་ཚེ། །ངོ་མཚར་ལྟས་མཐོང་རྒྱལ་སྲིད་སྐྱོང་སྙམ་ནས། །དགའ་བའི་སེམས་ཀྱི་ཡིད་སྨོན་ཨེ་མ་གྱུར། །ད་ནི་ནགས་ཁྲོད་བསྟེན་ནོ་འདི་སྐད་དོ། །གསུང་ངོ་། །དེ་ལ་རྒྱལ་བུས་ཞུ་མཆིད་འདི་སྐད་དོ། །ཆོས་རྒྱལ་ཡབ་གཅིག་དམ་པ་གསན་དུ་གསོལ། །ཅི་གསུང་བདག་གིས་རྒྱལ་སྲིད་བཟུང་གྱུར་ལ། །ཚེ་འདིར་ཡུད་ཙམ་ཡབ་དང་འགྲོགས་གྱུར་ཡང་། །སྐྱེ་བ་གཏན་དུ་ཕ་བུར་མི་ཤེས་ཤིང་། །ཕན་གནོད་མེད་པས་ཤིན་ཏུ་མཚང་བ་ཡིན། །བདག་གིས་རྒྱལ་སྲིད་ཆེན་པོ་རབ་སྤངས་ནས། །ངེས་པར་རྣམ་གྲོལ་བྱང་ཆུབ་ལམ་བསྒྲུབས་ནས། །སྐྱེ་བ་ཀུན་ཏུ་དགའ་བདེ་གྲོགས་སུ་འོང་། །དེ་ཕྱིར་བདག་ལ་གོ་སྐབས་སྩལ་དུ་གསོལ། །དེ་ནས་ཡུམ་གྱི་ཞལ་ནས་འདི་སྐད་གསུངས། །ཅི་ཕན་བུ་འདི་ཤིན་ཏུ་འཕྲེང་ན་ཡང་། །སྐྱེ་རྒུ་ཀུན་ལ་ལས་ཀྱི་འཕེན་པ་གཙོ། །སྐྱེས་མཆོག་གང་དུ་བདེ་བར་ཆོས་ལ་ཐོངས། །ཕྱིས་ནས་གཏན་དུ་འགྲོགས་པའི་སྨོན་ལམ་འཚལ། །དེ་ནས་རྒྱལ་བུས་ནངས་པར་ཐོ་རངས་ནས། །རྣལ་འབྱོར་རྣམས་དང་ལྷན་ཅིག་གནས་སུ་བྱོན། །ཨ་ཝ་དྷུ་ཏིའི་དྲུང་དུ་དཀའ་ཐུབ་བསྟེན། །ཆགས་པ་མེད་པར་དབུ་མའི་ཆོས་རྣམས་བསླབ། །དགུང་ལོ་བཅུ་གཉིས་ལོན་ནས་བཅོ་བརྒྱད་བར། །ཨ་ཝ་དྷུ་ཏིའི་སྤྱོད་པ་བསྐྱང་བ་དང་། །ཐོས་བསམ་སྒོམ་པ་སྟན་ཐོག་གཅིག་ཏུ་བསྒྲུབས། །དེ་ལྟར་རྗེ་བཙུན་ཐུགས་རྗེ་ཆེན་པོ་ཡིས། །དཀའ་བ་བརྒྱ་ཕྲག་དུ་མས་འབད་པ་ཡིས། །རྒྱལ་སྲིད་ཆེན་པོ་བསམ་གྱིས་མི་ཁྱབ་པ། །མཆིལ་མའི་ཐལ་བ་བཞིན་དུ་རྣམ་སྤངས་ནས། །རྣམ་གྲོལ་མ་ནོར་ཐར་པ་རབ་ཏུ་བསྟེན། །དེ་ཕྱིར་འགྲན་ཟླ་སུ་ཡང་མ་མཆིས་པས། །བསྟན་པའི་མངའ་བདག་དོན་གྲུབ་རབ་བརྙེས་ལགས། །འབྲོམ་རྗེ་ཁོ་བོས་སྤྱི་བོས་རབ་བཏུད་ནས། །འཁོར་བ་མ་སྟོང་བར་དུ་གུས་ཕྱག་འཚལ། །འདི་ལ་སྒྲོ་སྐུར་དྲི་མ་གང་མཆིས་པ། །ཐུགས་རྗེ་ཆེན་པོ་ཁྱེད་ཀྱིས་བཟོད་པར་བཞེས། །བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། །རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་པའི་ཡོན་ཏན་རགས་རིམ་ཙམ་ཞིག་གསུངས་སོ། །སརྦ་མངྒལཾ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།