རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོའི་རྟོགས་པར་བརྗོད་པ་ཡིད་འཕྲོག་མུཀྟི་ཀ་ཡི་ཕྲེང་བ།

WechatIMG374.jpeg

༄༅།།རིགས་བདག་མཚུངས་མེད་ཆོས་རྗེ་བླ་མ་རིན་པོ་ཆེ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་གི་རྟོགས་པར་བརྗོད་པ་ཡིད་འཕྲོག་མུ་ཀྟི་ཀ་ཡི་ཕྲེང་བ་ཞེས་བྱ་བ།། 

ན་མོ་གུ་རུ་མ་ཏི་ས་ར་ཡ། །གཞི་གྲོལ་ཀ་དག་སྐྱེ་མེད་ཆོས་ཀྱི་སྐུ། །ལྷུན་གྲུབ་ངེས་པ་ལྔར་བཞེངས་ལོངས་སྤྱོད་རྫོགས། །གང་འདུལ་ཐུགས་རྗེའི་རོལ་རྩལ་སྤྲུལ་པའི་སྐུ། །སྐུ་གསུམ་འདུས་ཞལ་ཁྱབ་བདག་བླ་མ་རྒྱལ། །མགོན་ཁྱོད་གྲངས་མེད་བསྐལ་པའི་གོང་རོལ་ནས། །ཁྱད་ཆོས་དྲུག་ལྡན་གདོད་མའི་ནང་དབྱིངས་སུ། །མངོན་སངས་རྒྱས་ཀྱང་སྣ་ཚོགས་སྒྱུ་འཕྲུལ་གར། །འགྲོ་ ཁམས་རྒྱ་མཚོར་འཇུག་པའི་སྙིང་རྗེ་བརྟན། །ཁྱད་པར་བསིལ་ལྡན་བྷོ་ཊའི་ལྗོངས་འདི་རུ། །རྒྱལ་བསྟན་མདོ་སྔགས་ཆོས་ཀྱི་མཛོད་ཆེན་མོ། །ཐོག་མར་བསྒྱུར་ཞུས་གཏན་ལ་ཕབས་པ་ཡི། །རྣམ་སྣང་ལོ་ཆེན་བཻ་རོ་ཙ་ནའི་ཚུལ། །བར་དུ་མདོ་ཁམས་འཛིན་མའི་ཁྱོན་ཡངས་པོར། །ཐུབ་ཚུལ་དྲི་མེད་གཞི་གསུམ་ཕྱག་བཞེས་སྲོལ། །སྔར་མེད་གསར་དུ་འབྱེད་པའི་ཤིང་རྟ་མཆོག །བསྟན་པའི་ཉིན་བྱེད་གཞན་ཕན་མཐའ་ཡས་གྲགས། །ཡང་འདིར་སྙིགས་མའི་དུས་ཀྱི་རྒུད་པ་ ཡིས། །བཤད་སྒྲུབ་ལུང་རྟོགས་ཆོས་ཀྱི་ཉིན་བྱེད་དབང་། །ཆེས་སྟུག་མུན་ པའི་བསྐལ་པར་དྲངས་གྱུར་ཚེ། །བསམ་བཞིན་དགེ་བའི་བཤེས་སུ་སླར་ཡང་བྱོན། །དེ་ཡང་རབ་མྱོས་ལྕགས་ཕོ་རྟ་ཡི་ལོར། །མཐོང་སྨོན་གླིང་དཀར་སྟོད་ ཀྱི་སའི་ཐིག་ལེ། །གསེར་ལྡན་རྨ་ཀླུང་གཡས་སུ་འཁྱིལ་བའི་འགྲམ། །གང་སྐུ་མཚན་དཔེའི་མེ་ཏོག་གསར་དུ་བཞད། །དེ་ཚེ་དམ་པའི་མངོན་རྟགས་མ་འཁྲུལ་བ། །དད་དང་ངེས་འབྱུང་སྙིང་བརྩེ་ཤེས་རབ་སོགས། །འཕགས་པའི་ཆོས་ཀུན་ལྷན་སྐྱེས་མངའ་བ་ཡིས། །རྒྱལ་བསྟན་རིན་ཆེན་ཆོས་ཀྱི་སྒོ་མོར་ ཞུགས། །ལང་ཚོ་ཆེས་ཕྲ་གཞོན་པའི་དུས་ཉིད་ནས། །དབེན་པའི་གནས་ མཆོག་རྨ་ཆེན་གངས་རིའི་འདབས། །དཀའ་སྤྱད་དྲག་པོས་སྒྲུབ་ལ་བཞུགས་པ་ན། །མི་སྲིན་ཡུལ་ལྷས་མཐུན་སྦྱོར་ཞལ་ཟས་ཕུལ། །དུས་དེར་ཡི་དམ་ལྷ་ཡི་ ཞལ་གཟིགས་དང་། །སྲ་མཁྲེགས་རྡོ་ལ་ངོ་མཚར་ཕྱག་རྗེས་སོགས། །ཡ་མཚན་གྲུབ་པའི་རྟགས་མཚན་བསམ་ཡས་པ། །མངོན་སུམ་མཐུན་ངོར་ད་དུང་ལྷམ་མེར་གསལ། །རིང་མིན་དམ་པའི་སྔོན་སྨོན་ཐུགས་བསྐྱེད་མཐུ། །གཅིག་ཏུ་ཉམས་པ་མེད་པའི་རྟེན་འབྲེལ་སྟོབས། །དུས་སུ་སྨིན་པས་ཞབས་ཟུང་པདྨའི་འདབ། །མདོ་ཁམས་རུ་དམ་ཆོས་ཀྱི་ཞིང་སར་བསྒྱུར། །དེ་ན་མཁས་གྲུབ་སྐྱེས་བུ་གྲངས་མེད་པས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་དགའ་སྟོན་སྟོང་། །ཅི་དགར་འགྱེད་པའི་ཡ་མཚན་ཟླ་མེད་པ། །དགའ་བ་བརྒྱ་ལྡན་ཆོས་འཛིན་ཞིང་ལ་འགྲན། །དེ་ལྟའི་བཤད་སྒྲུབ་ཆོས་ཀྱི་ཆུ་མཚོ་རུ། །ཞུགས་པའི་སྐྱེས་བུ་ངང་པའི་དེད་དཔོན་བཞིན། །གུས་རྟག་བརྩོན་པའི་གཤོག་ཟུང་མ་ལྷོད་པས། ། རིང་མིན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན། །བགྲང་བྱ་བཅུ་ཕྲག་འདས་པའི་དུས་ ཀྱི་ཆར། །ཡོངས་འཛིན་བཤེས་གཉེན་དུ་མའི་ཞལ་སྔ་ནས། །ཐེག་གསུམ་དམ་ཆོས་རིན་ཆེན་བདུད་རྩིའི་མཛོད། །ཡང་ཡང་བཏུང་བས་མཁྱེན་དཔྱོད་ལུས་སྟོབས་དར། །ཁྱད་པར་མདོ་སྔགས་གཞུང་བརྒྱའི་དཀའ་བའི་གནད། །འཆད་རྩོད་རྩོམ་པས་འགྲོལ་ལ་ཟླ་བྲལ་བ། །མཁས་པའི་ཁྱུ་མཆོག་པདྨ་ཚེ་དབང་ལས། །རྒྱ་བོད་གཞུང་བརྒྱའི་བཤད་སྲོལ་ཉམས་མེད་གསན། །མདོར་ན་རྒྱལ་གསུང་བཀའ་དང་དགོངས་འགྲེལ་ཀུན། །དཔྱད་པ་གསུམ་ལྡན་ཕྲ་ཞིབ་རིགས་པ་ཡིས། །མ་ནོར་གཏན་ལ་ཡང་ནས་ཡང་ཕབས་པས། །གཞན་དྲིང་མི་འཇོག་སྤོབས་པའི་དམ་བཅའ་བརྟན། །ཁྱད་པར་ཐུན་མིན་རིགས་བདག་ཆོས་ཀྱི་རྗེ། །གསང་བདག་དགའ་རབ་དངོས་བྱོན་གུ་ནའི་མཚན། །གྲུབ་པའི་དབང་ཕྱུག་མཆོག་གི་ཞབས་སྐྱེས་རྡུལ། །སྤྱི་བོར་བླངས་ནས་སྙིང་པོའི་གདམས་ཟབ་མནོས། །མགོན་པོ་གང་དེས་ཐེག་མཆོག་རྫོགས་པ་ཆེ། །ཟབ་ལས་ཆེས་ཟབ་ཡང་ཏིག་གསང་བའི་མཛོད། །བརྒྱུད་གསུམ་བླ་མའི་ཞལ་ཆབ་མ་ཡལ་ བ། །ཆིག་བརྒྱུད་གདམས་ཟབ་བསྩལ་ཏེ་དབུགས་དབྱུང་མཛད། །གཞན་ ཡང་འོད་གསལ་དག་པའི་སྣང་ཆ་ལ། །ཀུན་མཁྱེན་བླ་མའི་ཡེ་ཤེས་སྒྱུ་མའི་སྐུས། །ཞལ་གཟིགས་ཡང་ཡང་གནང་བའི་རྟེན་འབྲེལ་གྱིས། །རྟོགས་པའི་བྱིན་རླབས་གཅིག་ཆར་ཐུགས་ལ་འཕོས། །དེ་ཚེ་རིག་རྩལ་དགོངས་པའི་གསང་ མཛོད་ལས། །ཐུགས་གཏེར་བསྟན་བཅོས་རྩོལ་མེད་ངང་བརྡོལ་བ། །ཀུན་མཁྱེན་རྒྱལ་བའི་གསུང་དང་དབྱེར་མེད་ཅེས། །མཁས་དང་གྲུབ་པའི་ཚོགས་རྣམས་ཡང་ཡང་བསྔགས། །དེ་ནས་རེ་ཞིག་དུས་ཀྱི་རུ་མཚོན་གྱིས། །ལྗོངས་ འདིའི་བསྟན་འགྲོའི་དགེ་མཚན་བཅོམ་གྱུར་ཚེ། །མཚུངས་མེད་བླ་མའི་བཀའ་ལྟར་རང་ཡུལ་དུ། །འབྲལ་བར་དཀའ་བའི་ངང་ཚུལ་དང་བཅས་ཕེབས། ། དུས་དེར་ཕྱོགས་དང་ཕྱོགས་སུ་སྙིགས་སྤྱོད་ཀྱི། །ངན་དགུའི་འཐོར་རླུང་ཡང་ནས་ཡང་དཀྲིག་པས། །འཇིགས་རུང་ཉམ་ངའི་ཁྲི་མུན་བཙན་པོ་རུ། །ལོ་ཟླའི་འཁོར་ལོ་བཅུ་ཕྲག་གཉིས་ལྷག་བཙུད། །དེ་ཚེ་དམ་པའི་རྣམ་ཐར་གསེར་སྦྱངས་ཁམས། །ཉེས་སྤྱོད་རྡུལ་དང་ནམ་ཡང་མི་མཛའ་བར། །མཁས་དང་བཙུན་པའི་མཛད་བཟང་ལེགས་བྱས་འོད། །མང་པོ་ཚོགས་པའི་དབུས་ན་ལྷག་པར་གསལ། །ཁྱད་པར་སྣང་སྲིད་རྟེན་འབྲེལ་ཆོས་རྣམས་ཀུན། །བདེན་མེད་སྒྱུ་མར་ཤར་བའི་ལག་རྗེས་སུ། །མངོན་སུམ་སྤྲུལ་བསྒྱུར་གྲུབ་པའི་མཛད་པ་ཡིས། །ཐམས་ཅད་ངོ་མཚར་བྱས་པ་ལན་གཅིག་མིན། །དེ་ན་ངེས་འབྱུང་དད་ དང་དམ་ཚིག་སོགས། །དགེ་བའི་འདབ་མ་མ་རྙིང་གནས་པ་ཡི། །སྐལ་ལྡན་ཚོགས་ལ་བླ་མེད་ཐེག་པའི་མཆོག །ཡང་གསང་སྙིང་པོའི་ཆོས་ཀྱིས་ཚིམས་པར་མཛད། །དེ་ནས་སླར་ཡང་རྒྱལ་བསྟན་ལུང་རྟོགས་འོད། །བཤད་དང་སྒྲུབ་ པའི་ལང་ཚོ་མ་ཉམས་བཞིན། །ཁ་བའི་རྡུལ་མང་བརྩེགས་པའི་རི་བོའི་ སྤོར། །མངོན་པར་འཕགས་པའི་རྫོགས་ལྡན་དུས་བཟང་ཤར། །དེ་ཚེ་མདོ་སྨད་ཨ་སྐྱོང་ཕྱུག་མོ་ཞེས། །ཕུན་ཚོགས་དཔལ་གྱིས་མཐོ་བའི་ཡུལ་གྲུ་རུ། །ཞབས་སོར་བཀོད་དེ་བཅུ་ཕྲག་བགྲང་བྱའི་རིང་། །སྙིང་པོའི་སྒྲུབ་པས་ ཐུགས་དམ་བོགས་འདོན་མཛད། །སྐབས་དེར་ཕྱོགས་དང་ཕྱོགས་ནས་མ་བསྐུལ་པར། །ངང་གིས་འདུས་པའི་བསླབ་ལྡན་མཁས་པའི་ཁྱུ། །འོ་མའི་ཆུ་མཚོར་འདབ་བཟང་ངང་པ་དང་། །དྲི་ལྡན་པད་མའི་ཚལ་ལ་བུང་བ་བཞིན། །དེ་ལྟའི་གདུལ་བྱ་མཆོག་དང་བར་མ་ཡི། །ཁམས་དང་མོས་པའི་བྱེ་བྲག་སྣ་ཚོགས་ལ། །ཐ་དད་ཐེག་པའི་འཇུག་སྒོ་མཐའ་ཡས་པའི། །ཆོས་ཚུལ་བདུད་རྩིའི་ཟས་ ཀྱིས་ཚིམས་པར་བྱས། །ཁྱད་པར་འོད་གསལ་སྙིང་པོའི་གདམས་པའི་ མཐིལ། །ཟབ་ལས་ཆེས་ཟབ་ཡང་གསང་རྫོགས་པ་ཆེ། །ཤིན་ཏུ་ཉེ་ལམ་ ཁྲེགས་ཆོད་ཐོད་རྒལ་གྱི། །མན་ངག་གནད་ཀྱི་མནོག་ཆོས་བར་མེད་ བསྩལ། །དེ་ཚེ་མགོན་པོ་མཆོག་དང་སྐྱེ་ཀུན་ཏུ། །འབྲལ་བ་མེད་པའི་སྔོན་ སྨོན་ཐུགས་བསྐྱེད་སྟོབས། །གཅིག་ཏུ་མཐུན་པའི་ཆོས་རྗེ་པདྨའི་མཚན། ། གང་དེས་གསུང་བསྐུལ་ཞུ་མཆིད་ཡང་ཡང་བསྩལ། །འདི་ལ་འགྱུར་མེད་དམ་ཚིག་རྡོ་རྗེའི་རྒྱ། །བཀའ་རྟགས་རི་མོ་མ་ཉམས་གསལ་བའི་ཕྱིར། དགྱེས་བརྩེའི་གསུང་གིས་ལེགས་སོའི་ཞལ་བཞེས་བཅས། །རིང་པོར་མ་ཐོགས་ཞབས་སོར་གནས་འདིར་བཀོད། །དེ་ཚེ་རྟེན་འབྱུང་འཆར་སྒོ་མ་འགག་པའི། །བདེན་པའི་སྟོབས་ཀྱིས་སྣོད་བཅུད་ཐམས་ཅད་ལ། །དགེ་ལེགས་བཀྲ་ཤིས་མཚན་མ་འབུམ་ཕྲག་གི། །ཡ་མཚན་རྣམ་འགྱུར་སྣ་ཚོགས་ཅིར་ཡང་ངོམས། །ཨེ་མ་དུས་མཐར་དམ་པའི་ཞབས་པད་རྡུལ། །ཚངས་གནས་སྤྱི་བོའི་རྒྱན་དུ་བཀོད་པ་ཡི། །སྐལ་བ་སྦོམ་པོའི་ཡ་མཚན་འདི་བསམ་ཚེ། །སྲིད་པའི་གནས་རིས་འཁྱམ་ཡང་དོན་ལྡན་སྙམ། །སྡེ་གསུམ་ཀློང་དགུའི་ཟབ་དོན་རྡོ་རྗེའི་གནས། །མ་ལུས་གནད་དུ་དྲིལ་བའི་ལེགས་བཤད་གཏེར། །མཛོད་ཆེན་ བདུན་དང་ངལ་གསོ་སྐོར་གསུམ་སོགས། །སྙིང་པོའི་ཆོས་ཀྱིས་ས་འདི་བཅུད་ལྡན་བྱས། །སྨིན་པར་བྱས་སོ་ཤུགས་དྲག་ལས་ཉོན་གྱི། །ཡུན་རིང་ཟུག་རྔུས་མནར་བའི་བདག་སོགས་འགྲོ། །ཤིན་ཏུ་ཉེ་ལམ་ཐེག་མཆོག་ཨ་ཏི་ཡི། །སྤྲོས་མེད་དོན་གྱི་དབང་མཆོག་ཟབ་མོས་སོ། །གྲོལ་བར་མཛད་དོ་སྙན་བརྒྱུད་གདམས་པའི་བཅུད། །བརྒྱུད་གསུམ་བླ་མའི་ཞལ་ཆབ་མ་ཡལ་བས། །ཆོས་སྐུའི་དགོངས་པ་རིག་པ་ཅར་ཕོག་ཏུ། །མངོན་སུམ་ངོ་སྤྲད་དོན་རྒྱུད་རྟོགས་པས་སོ། །ཨ་ཧོ་ཁྱོད་ཐུགས་མཁྱེན་དཔྱོད་ཁྱོན་ཡངས་པོར། །མ་ཆུད་ཤེས་བྱའི་དངོས་པོ་ཅུང་ཟད་ཙམ། །སྲིད་པ་མིན་པའི་མཁས་པའི་རྣམ་ཐར་འདིས། །དྲན་དབང་བྱེ་བའི་ཐུགས་ཀྱི་གཏན་པ་འཕྲོག །ཁྱོད་སྐུ་སྡོམ་གསུམ་དག་པའི་བསླབ་པ་ལ། །ཕྲ་བ་ཕྲ་བའི་ཉེས་ལྟུང་ཕྲ་མོས་ཀྱང་། །བརྫི་བ་མི་སྲིད་བཙུན་པའི་རྣམ་ཐར་མཆོག །མཐའ་དག་འཇིག་རྟེན་འདི་ན་ཡ་མཚན་བྱེད། །མགོན་ཁྱོད་སྒྲུབ་ལ་བརྩོན་པའི་དཀའ་ཐུབ་དང་། །གཞན་ཕན་སྤྱོད་ལ་གོམས་པའི་མཛད་པ་སོགས། །ས་ཆེན་སེམས་དཔའི་རྣམ་ཐར་བཟང་པོ་ལ། །ལྷར་བཅས་འགྲོ་བའི་ཚོགས་རྣམས་གཅིག་ཏུ་བསྟོད། །བྱར་མེད་ཀ་དག་ལྟ་བའི་གཏན་སྲིད་ཟིན། །ལྷུན་གྲུབ་སྣང་བཞིའི་བསྒོམ་པ་ཚད་དུ་འཁྱོལ། ཁྱབ་བརྡལ་སྐུ་གསུམ་ འབྲས་བུའི་གོ་འཕང་བརྙེས། །ས་ལམ་ཆིག་ཆོད་རྫོགས་ཆེན་རྣལ་འབྱོར་རྨད། །དེ་ནས་དོན་གསུམ་བཞེས་པ་ཆུ་རྟ་ལོར། །ཞིང་འདིའི་འགྲོ་དོན་རེ་ཞིག་མཐར་ཕྱིན་པའི། །ཐ་མའི་གསུང་དང་སྨོན་ལམ་བདེན་ཚིག་གིས། །འབྲེལ་ཚད་དོན་དང་ལྡན་པའི་ས་ལ་བཀོད། །ལོ་དེའི་ས་ཟླའི་ཡར་ཚེས་གཉིས་ཉིན་གྱི། །ཐོག་མའི་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ། །མཉམ་བཞག་གཡོ་མེད་ཆོས་སྐུའིབཞུགས་སྟངས་དང་། །གཟིགས་སྟངས་གསུམ་གྱིས་གདོད་མའི་ནང་དབྱིངས་སུ། །མངོན་སངས་རྒྱས་པ་ཐ་མའི་མཛད་པ་བསྟན། །དུས་དེར་ཨུད་པ་ལ་དང་ཀུ་མུད་ཏས། །བསྒྲུན་དུ་མེད་པ་འཐུལ་བའི་དྲི་བཟང་གིས། །ཁོ་ར་ཁོར་ཡུག་ཕྱོགས་རྣམས་ཐམས་ཅད་ཀུན། །ཉིན་མཚན་བར་མེད་ཁྱབ་པས་དགེ་བར་བྱས། ཁྱད་པར་སྐྱབས་མཆོག་འཁོར་ལོའི་མགོན་པོའི་དབུས། །བསླབ་ལྡན་འདུས་པའི་སྡེ་ཚོགས་ལྷན་རྒྱས་པས། །གསང་ཆེན་ཆོ་གའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། །ལྷག་མའི་སྐུ་གདུང་ཞུགས་ལ་སྦྱངས་པ་ན། །གདུང་ཆེན་ལྔ་དང་རིང་བསྲེལ་ཕྲ་མོའི་ཚོགས། །ཆར་ལྟར་བབས་པས་ཐམས་ཅད་ཚིམས་པར་བྱས། །གཞན་ཡང་མཐིང་མདོག་ཀུན་གསལ་དྭངས་པའི་ངོས། །ལྔ་ལྡན་འཇའ་འོད་ཟེར་གྱི་གུར་ཁང་དང་། །རང་བྱུང་སྒྲ་གྲག་ས་ཆེན་གཡོ་བ་སོགས། །ཡ་མཚན་གྲོལ་རྟགས་རྒྱུད་སྡེའི་གཞུང་བཞིན་དུ། །མངོན་སུམ་མཐུན་ངོར་རྩོད་མེད་གཅིག་ཏུ་གསལ། །ཨེ་མ་མགོན་ཁྱེད་ཆོས་སྐུའི་གཞི་ཀློང་དུ། །གྲོལ་བ་མངོན་གྱུར་འབྲས་བུའི་མཆོག་བརྙེས་ཀྱང་། །བདག་སོགས་གདུལ་བྱ་ཐུགས་བརྩེས་མི་འདོར་བར། །འཁྲུལ་བྲལ་སྤྲུལ་པའི་ཟླ་ཞལ་མྱུར་མཇལ་མཛོད། །དེ་སྐད་མཚུངས་མེད་དྲིན་ལྡན་ཆོས་ཀྱི་རྗེའི། །རྟོགས་པ་བརྗོད་པའི་ངག་རིག་བདུད་རྩིའི་ཕྲེང་། །དད་གསུམ་ཆུ་མཚོ་རྒྱས་པའི་སྙིང་ཁོང་ནས། །ཅི་དགར་སྤེལ་འདི་མཆོད་སྤྲིན་ཕུང་པོར་ཤོག །འདི་བྱས་དགེ་བ་རྟེན་འབྱུང་ས་བོན་ཙམ། །མཆིས་པ་གང་དེ་རིགས་བདག་བླ་མ་ཡིས། །སྐྱེ་ཀུན་འབྲལ་མེད་དགྱེས་བཞིན་རྗེས་བཟུང་ནས། །བྱིན་རླབས་རྟོགས་པ་འཕོ་བའི་རྒྱུར་གྱུར་ཅིག། 

ཅེས་པའང་རིགས་བདག་དཔལ་མགོན་བླ་མ་རིན་པོ་ཆེ་གཞི་དབྱིངས་སྟོང་གསལ་ཆོས་སྐུའི་དགོངས་པར་མངོན་པར་བྱང་ཆུབ་ནས་ཞག་འགའ་སོང་བའི་རྗེས་ཀྱི་ཉིན་ཞིག་ལ། རྗེ་གང་གི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་མཆོད་ཅིང་ གསུང་གི་བདུད་རྩི་འཐུང་བར་སྐལ་བ་སྦོམ་པའི་ཐ་ཆུང་བསྟན་འཛིན་ལུང་རྟོགས་ཉི་མའམ་པདྨ་གར་དབང་འོད་གསལ་རིག་པའི་རྡོ་རྗེར་འབོད་པས་སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་༧གྲུབ་དབང་རྫོགས་ཆེན་པའི་གདན་ས་ཆེན་མོ་ག་ལ་བ་ནས་འཕྲལ་བྲིས་བགྱིས་པ་དགེའོ།། 

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།