ཡོངས་འཛིན་ཡོན་ཏན་མགོན་པོའི་གསུང་འབུམ་དཔེ་སྐྲུན་གསལ་བཤད།



WechatIMG85.jpeg

༧ སྔ་འགྱུར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་རབས་ཉེར་བདུན་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་ཞལ་སྔ་ནས་ལྗགས་རྩོམ་མཛད་པའི་གསུང་ཐོར་བུའི་རིགས་ནི། གངས་ལྗོངས་རྒྱལ་བསྟན་ཡང་དར་གྱི་སྐབས་འདིར་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་འཁོད་པ་དང་། ཉེ་བའི་ལོ་ཤས་གོང་རྗེ་གང་གི་ཐུགས་སྲས་མཆོག་གཅིག་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེའི་ཞལ་སྔ་ནས་ཆོས་ཚན་འགའ་ལ་མཚན་གསར་བཏགས་དང་དག་བཅོས་སོགས་བཀའ་བསྡུ་མཛད་དེ་ཐེངས་པོར་དེབ་གཟུགས་སུ་སྐྲུན་པ་དང་། ད་ལམ་དེ་ཉིད་གཞིར་བཞག་ཐོག་ཆོས་ཚན་རེ་ཟུང་གསར་རྙེད་བྱུང་བས་ཁ་སྣོན་དང་བཅས་སྔ་འགྱུར་རྫོགས་ཆེན་དཔེ་ཚོགས་སུ་སྐྲུན་སྤེལ་བྱས་པ་ལགས་ན། སྔ་ཕྱིའི་བཀའ་བསྡུ་དག་བཅོས་སྒྲིག་སྦྱོར་པ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་མཁྱེན་ལྡན་པ་རྣམས་ནས་ཉེས་ཆ་ཡོད་རིགས་མཛུབ་སྟོན་ལྷུག་སྩོལ་ཡོད་པར་ཞུ་ཞེས། །བསྟན་འཛིན་ལུང་རྟོགས་ཉི་མས་ཙི་ནའི་གྲོང་ཁྱེར་ཁྲིན་ཏུར་སྤེལ་བར་དགེ །རྫོགས་ཆེན་མཁན་ཆེན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོའི་རྣམ་ཐར་མདོར་བསྡུས་དད་པའི་ས་བོན། །པན་ཆེན་ལྔ་བརྒྱའི་གཙུག་རྒྱན་བི་མ་མི་ཏྲ་དང་། ལྕེ་བཙུན་སེངྒེའི་དབང་ཕྱུགརྒྱལ་བ་ཀློང་ཆེན་རབ་འབྱམས། ཀུན་མཁྱེན་འཇིགས་བྲལ་གླིང་པ་བཅས་ཀྱི་ཐུགས་གསང་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་ཏེ་སྙིགས་དུས་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བྱོན་པ། ཁྱབ་བདག་འཁོར་ལོའི་མགོན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་གང་། བསྐལ་མང་སྔོན་ནས་སྤངས་རྟོགས་མཐར་ཕྱིན་རྫོགས་པའི་བྱང་ཆུབ་བརྙེས་ཟིན་ཀྱང་། སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་པས་བདག་ཅག་གདུལ་བྱའི་སྣང་ངོར་མི་ཡི་ཤ་ཚུགས་སུ་སྤྲུལ་པའི་སྒྱུ་འཕྲུལ་ཇི་ལྟར་བསྟན་པ་ནི། ཡུལ་གངས་ལྡན་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་ཆོས་ལྡན་ཞིང་གི་ཤར་ལྷོ། གནས་གངས་ར་ཉེར་ལྔས་ཁྱད་པར་དུ་བྱས་པའི་རུ་དམ་གངས་ཀྱི་ར་བའི་ལྗོངས་སུ། ཡབ་ཟབ་མོ་ཞི་གཅོད་ཀྱི་རྣལ་འབྱོར་པ་ཆེན་པོ་སྐྱ་མོ་སྨན་ལྷ་དང་། ཡུམ་ཞིང་སྐྱེས་ཀྱི་ཌཱཀྐི་མ་བཅུ་དཔོན་བུ་མོ་ཡང་ཆུང་ལྷ་མོ་གཉིས་ཀྱི་སྲས་སུ་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་གསུམ་བྱོན་པའི་བར་བ་སྟེ། རབ་རྒྱལ་ས་ཕག་ལོར་ཡ་མཚན་པའི་ལྟས་དང་བཅས་ཏེ་སྐུ་བལྟམས། བྱིས་པ་ཉིད་ནས་སྙིང་རྗེ་དང་ཤེས་རབ་ཆེ་ཞིང་མཐོང་ན་མི་མཐུན་པ་མེད་པའི་དམ་པའི་རང་གཤིས་ཙན་དན་དང་དེའི་དྲི་བསུང་བཞིན་ལྷན་སྐྱེས་སུ་མངའ། སྐྱེས་ཐོབ་མཁྱེན་རབ་ཀྱི་རྩལ་ཁ་ནང་ནས་རྒྱས་པས་ཡིག་རྩིས་བརྡ་དག་སོགས་ཚེགས་མེད་པར་མཁྱེན། གཞོན་ནུའི་དུས་འགོ་ནས་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གཙུག་ཕུད་ཕུལ་ཏེ་དམ་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སར་གྲྭ་ཞུགས་མཛད་ཅིང་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་བྱང་ཆུབ། མི་རིང་བར་རྒྱ་ཀོང་གཞན་དགའ་རིན་པོ་ཆེའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ཅིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ནས། མི་ལོ་ཉི་ཤུ་ལྷག་རིང་བླ་སློབ་འབྲལ་མེད་དུ་བཞུགས་ཏེ་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ། ཟབ་མོ་ནང་རྒྱུད་སྡེ་གསུམ། ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན། ཐུན་མིན་མན་ངག་སྡེའི་པན་ཆེན་བི་མ་མི་ཏྲ་དང་སློབ་དཔོན་པདྨ་ཀཱ་རའི་བཀའ་སྲོལ་སྙིང་ཐིག་མ་བུའི་དགོངས་དོན་མན་ངག་སྙན་བརྒྱུད་དམར་ཁྲིད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ནོད་པར་མཛད། ཕྱི་སོ་ཐར་གྱི་འདུལ་ཁྲིམས་ཉེས་ལྟུང་ཕྲ་བ་ཙམ་གྱིས་གོས་མ་མྱོང་བ་འདུལ་འཛིན་ཉེ་བ་འཁོར་ལྟ་བུ་དང་། ནང་བྱང་སེམས་ཀྱི་བསླབ་པ་ཕྱིན་དྲུག་གི་སྤྱོད་པ་ལས་མི་འདའ་ཞིང་འགྲོ་བ་ཡོངས་ལ་བུ་གཅིག་པའི་མ་ལྟར་བརྩེ་བ་རྒྱལ་སྲས་ཞི་བ་ལྷ་ལྟ་བུ། གསང་བ་སྔགས་ཀྱི་ལྟ་དགོངས་མཁའ་ལྟར་ཟབ་ཅིང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཐུན་མིན་མན་ངག་གི་གཏད་རྒྱ་ཆིག་བརྒྱུད་དུ་བསྩལ་ཅིང་བསྟན་པ་གཏད་པའི་ཐུགས་སྲས་ཀྱི་བུ་ཆེན་གཅིག་པུར་གྱུར་པ་གསང་འཛིན་དགའ་རབ་དཔའ་བོ་ལྟ་བུ་སྟེ། རིགས་བདག་གཞན་ཕན་ཆོས་ཀྱི་སྣང་བའི་དོན་བརྒྱུད་དགོངས་པའི་བྱིན་རླབས་གཅིག་ཆར་འཕོས་པས། ཕྱི་ཆོས་ཅན་འཁྲུལ་བའི་སྣང་བ་བདེན་མེད་སྒྱུ་མ་ལྟ་བུར་གཟིགས་ཤིང་། ནང་ཆོས་ཉིད་བསམ་བརྗོད་དང་བྲལ་བ་ཡུལ་མེད་ནམ་མཁའ་ལྟ་བུར་རྟོགས་ཏེ། གསང་བ་རིག་པའི་ངོ་བོ་སྟོང་གསལ་འགགས་མེད་ཀྱི་རིག་ཆ་རྗེན་པའི་ངང་དུ་ཀློད་པས། མཐའ་དང་བྲལ་བའི་ལྟ་བ། གཉེན་པོས་མ་བཅིངས་པའི་སྒོམ་པ། གང་ཤར་རང་གྲོལ་དུ་གཏོང་བའི་སྤྱོད་པ། རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུའི་སྣང་བ་ཐམས་ཅད་དགག་སྒྲུབ་བླང་དོར་གྱི་རྟོག་པས་མ་བསླད་པར་གང་ཤར་གྱི་རང་ངོ་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ངང་དུ་བསྐྱངས་པས། ཡེ་གྲོལ་ལ་ཡོངས་གྲོལ་གྱི་གདེང་ཐོབ་ནས་གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་མཁའ་ལ་སྤྲིན་དེངས་པ་ལྟར་སངས་ཤིང་འཁོར་བའི་ས་བོན་ཟད་དེ་ཉོན་མོངས་རང་སར་གྲོལ། སྤྱན་དང་མངོན་ཤེས་སོགས་ཡོན་ཏན་དཔག་ཏུ་མེད་པ་ལ་མངའ་དབང་འབྱོར། ཅོག་བཞག་བཞི་དང་མི་གཡོ་གསུམ་ལྡན་གྱི་སྒོམ་པས་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལས་མི་འདའ་ཞིང་མཉམ་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་རྒྱུན་བསྐྱངས་ཏེ། བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་གཅུན་པས་སྐུ་གསུམ་ལམ་སྣང་དུ་བྱེད་པའི་ལྷུན་གྲུབ་སྣང་བཞིའི་རྩལ་འབྱོངས། ས་ལམ་ཆིག་ཆོད་དུ་རྫོགས། ཆོས་ཟད་གདོད་མའི་རྒྱལ་ས་གྲུབ་པའི་ས་མཐོར་གཤེགས་པ་རྗེ་ཉིད་ཀྱི་གསུང་མགུར་ལས། སྔོན་ཆད་ལས་ལ་འབད་ཀྱང་འབད། མཆོག་ཐུན་འབྲས་བུ་ཐོབ་ཏུ་རེ། ད་ལྟ་མ་སྒྲུབ་རང་ལས་རྙེད། བྱ་རྩོལ་ཆོས་ལ་ལྟོས་མ་དགོས། ཞེས་དང་། གཞི་དབྱིངས་སྤྲོས་པ་བྲལ་བ་འོད་གསལ་གྱི་ཁང་བཟང་། གཞི་སྣང་རིག་པའི་ཐིག་ལེ་ཨོ་རྒྱན་གྱི་རྒྱལ་ཚབ། རང་གྲོལ་རྟོག་པའི་འདུ་འཕྲོ་རིག་འཛིན་གྱི་ཚོམ་བུ། མ་བཅོས་ལྷུན་གྱིས་གྲུབ་པའི་ངོ་མཚར་འདིའི་དགའ་བ། ཚོགས་དྲུག་ཕྱལ་བའི་ཡེ་ཤེས་དགག་སྒྲུབ་ནི་མ་དམིགས། ཡུལ་དྲུག་ཆོས་ཉིད་ཟང་མ་སྤང་བླང་ལས་འདས་པ། བློ་བྲལ་མཉམ་ཉིད་ཆེན་པོའི་རང་གཤིས་སུ་སྐྱུར་དང་། ལྟ་སྒོམ་བཅོས་མའི་རེ་དོགས་དགོས་ཚོད་ནི་མི་གདའ། ངེད་ཅག་ཀློང་ཆེན་བརྒྱུད་པའི་ཁྱད་ཆོས་འདི་ཨེ་དགོངས། ཞེས་དང་། ང་རང་ཐོག་མའི་རྒྱལ་བ་དང་། སྐལ་བ་མཉམ་ཞེས་ཁོ་བོས་རྟོགས། སངས་རྒྱས་ཡོན་ཏན་མགོན་པོ་ཞེས། ཕྱོགས་བཅུ་ཀུན་ན་རབ་ཏུ་གྲགས། ཞེས་མི་འཇིགས་སེངྒེའི་སྒྲ་ཆེན་པོ་བསྙེང་བ་མེད་པར་སྒྲོག་ཅིང་། རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་རྡོལ་གང་སྣང་བརྡ་དང་དཔེ་ཆར་ཤར་བས་མགྲིན་པ་རྡོ་རྗེའི་གསང་མཛོད་ནས་སྤྲོས་བྲལ་དོ་ཧའི་རྒྱང་གླུ་འགགས་མེད་དུ་སྒྲོག དེ་ལྟ་བུའི་བདག་ཉིད་ཆེན་པོ་གང་ཉིད་སྐུ་གཞོན་ནུའི་དུས་ནས་དགུང་གྲངས་བཞི་བཅུའི་ནང་ལ་ཕེབས་པའི་བར་དུ་སྟེ། རྗེ་གཞན་ཕན་ཆོས་ཀྱི་སྣང་བ་དགོངས་པ་ཆོས་དབྱིངས་སུ་གཞོལ་ནས་སྐུ་ཚེ་དེའི་ཐ་མའི་མཛད་པ་མཇུག་མ་བསྡུས་ཀྱི་བར་གཟུགས་དང་གྲིབ་མ་བཞིན་འགྲོགས་པའི་མཐར། རྒྱ་བོ་རི་ཁྲོད་དུ་བླ་མའི་གདན་ས་རང་དུ་སྐུ་ཚེ་སྒྲུབ་ལ་གཞོལ་བའི་དགོངས་འདུན་གནང་ཡང་། གྲུབ་དབང་རྫོགས་ཆེན་པའི་གདན་ས་ཨ་མའི་མཁན་ཆེན་ཁྲི་པར་མངའ་གསོལ་གྱི་ནན་བསྐུལ་ཐུགས་བློས་མ་བཏང་བར། གསང་གསུམ་མཚན་དཔེའི་ཉིན་བྱེད་སྔ་འགྱུར་ཆོས་འཁོར་ཆེན་པོའི་ཤར་རིའི་ཕྲག་པར་ཤར་བས་མདོ་སྔགས་རིག་གནས་དང་བཅས་པའི་ཟབ་རྒྱས་ཆོས་ཀྱི་འོད་སྟོང་གིས་འདུས་པ་དང་པོའི་སྐལ་ལྡན་སློབ་མའི་ཚོགས་ཀྱི་བློ་ཡི་པདྨོ་ཅིར་ཡང་བཞད་པའི་གཉེན་དུ་གྱུར་པ་ནས། རྫོགས་ཆེན་ཡིད་བཞིན་ནོར་བུ་སྐུ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུའི་ཡོངས་འཛིན་ཆེན་མོར་བཀུར་ཏེ་དགུང་གྲངས་དྲུག་ཅུར་ཕེབས་པ་ས་ཕོ་ཁྱི་ཡི་ལོ་སྟེ། སྤྱི་ལོ༡༩༥༩ ལོའི་བར་དུ་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ལྟེ་བ་ཕོ་བྲང་ཁམས་གསུམ་ཟིལ་གནོན་གྱི་ཡང་སྟེང་གཟིམས་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་གཟིམས་ཁང་གཅིག་ལ་རྣམ་གཉིས་ལྷན་དུ་བཞུགས། ངོས་ཀྱང་ལོ་ངོ་བཅུ་ནས་བཅུ་དྲུག་གི་བར་དུ་ཉིན་མཚན་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པར་གཟིམས་ཤག་གཅིག་ཏུ་རྣམ་གཉིས་ཀྱི་སྐུ་འཁྲིས་སུ་ཐུགས་བརྩེ་ཆེན་པོའི་དགྱེས་སྐྱོང་དང་བཅས་ཞབས་པད་བསྙེན་རྒྱུའི་སྐལ་བ་བཟང་པོ་བྱུང་ཞིང་། ཡང་ཟབ་སྙིང་པོའི་རྒྱུད་ཆེན་བཅུ་བདུན། ཀློང་ཆེན་མཛོད་བདུན། སྙིང་ཐིག་གོང་འོག་ཆ་ལག་དང་བཅས་པ་སོགས་ཀྱི་དབང་ཁྲིད་གདམས་པ་གནད་བྱང་དང་བཅས་པ་ཆིག་བརྒྱུད་ཀྱི་ཚུལ་དུ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་མཉམ་དུ་ནོད་རྒྱུའི་གོ་སྐབས་ཐོབ། དེ་ལྟ་བུའི་རྣམ་གཉིས་ཀྱི་སྐུ་དྲིན་དང་ཞལ་ཆེམས་གཙོར་བཟུང་གིས་ད་ལྟའི་བར་གང་གི་བསྟན་པའི་མེ་རོ་སློང་བའི་བྱ་བཞག་སྤྱི་དང་། ཁྱད་པར་བརྒྱུད་པ་བཟང་པོའི་མན་ངག་ཡལ་བར་དོར་དུ་མ་བཟོད་ནས་འཆད་ཁྲིད་ཀྱི་ཆོས་བརྒྱུད་འཛིན་ཁུལ་ཏེ། དམ་པ་འདི་ཉིད་ཀྱི་སྐུ་འཁྲིས་སུ་ཇི་ཙམ་ཡུན་རིང་གཤིབས་ཀྱང་སྐྱོན་གྱི་ཆ་ཕྲ་མོ་ཙམ་མཐོང་བ་སུ་ཡང་མི་སྲིད། ཁོ་བོ་མཉམ་བཅར་གྱི་མི་ལོ་དྲུག་རིང་ཉིན་མཚན་ཀུན་ཏུ་གཟིམས་ཁྲི་གྲུ་བཞི་མ་ཞིག་གི་ནང་དུ་མཉམ་བཞག་གིས་བཞུགས་པ་ལས། འཕྲས་བསྙེས་མཛད་པ་ཙམ་མཇལ་མ་མྱོང་། ཞལ་མདངས་རྒྱས་ཤིང་གཞོན་ཤ་ཆགས་པ་བགྲེས་ཉམས་མེད་ཅིང་གཟི་མདངས་འོད་དང་ལྡན་པ། ཚེམས་དཀར་དུང་ཕྲེང་བསྒྲིགས་པ་ལྟ་བུ་དང་ཞལ་ཚོམ་གནག་སྣུམ་གྱིས་མཛེས་པ། སྐུ་བོང་ཆེ་ཆུང་འཚམ་ཞིང་ལྷུན་ཆགས་པ་ཞིག་ཡོད། གསུང་གདངས་འབྲུག་སྒྲ་ལྟར་སྦོམ་ལ་སྙན་པ་ཐོས་ན་དགའ་བ་སྐྱེད་པ་ཀུན་གྱིས་དཔེ་རུ་འཛིན། སྐུ་ལས་ཚུལ་ཁྲིམས་ཀྱི་དྲི་བཟང་སྨྲ་མི་ཤེས་པ་རྒྱུན་དུ་འཐུལ་ཞིང་ན་བཟའ་དད་རྟེན་དུ་ཐོབ་པ་དག་ལའང་དྲི་ཞིམ་པོ་དེས་བགོས་པས་ཐམས་ཅད་ཀྱིས་རྣམ་ཀུན་སྣོམ་པར་བྱེད། རྒྱུན་དུ་ཞལ་བརྡ་ཅི་ཞིག་གནང་ཡང་དམ་པའི་ལྷ་ཆོས་དང་འབྲེལ་བ། འཇིག་རྟེན་མི་ཆོས་དང་མཐུན་ཞིང་། ཕུགས་གདམས་ངག་འབའ་ཞིག་ཏུ་འབབ་པ། ཉམས་མཚར་ཞིང་རྣ་ལ་སྙན་པ། ཡང་ནས་ཡང་དུ་ཉན་སྤྲོ་ཞིང་སུན་པ་མེད་པ་ཚངས་པའི་དབྱངས་ཀྱི་ཡན་ལག་གི་ངེས་པ་ཅན་ཞིག་སྟེ། སྤྱོད་ལམ་དལ་ཞིང་སྐུ་ལུས་དང་ན་བཟའ་གཙང་ཤ་དོད་པ། ཟིལ་ཆེ་ལ་མཇལ་སྤྲོ་ཞིང་མི་བསྲུན་བརླང་པོར་སྤྱོད་པའི་གདུག་སེམས་ཅན་སུ་ཞིག་གིས་མཇལ་ཡང་འཕྲལ་དུ་དད་པའི་སྤུ་ལོང་གཡོ་ཞིང་དགའ་འཛུམ་དབང་མེད་དུ་མི་ཤོར་མི་སྲིད། རྒྱུ་ནོར་ལ་ཞེན་འཛིན་གཏན་ནས་མེད་ཅིང་སྤྲིན་ལྟར་འདུ་བའི་དད་འབུལ་གྱི་དངོས་རྫས་ཐམས་ཅད་མཆོད་སྦྱིན་དང་ཚོགས་འཁོར་གྱི་རྟེན་རྩར་འཕྲལ་བཏང་གནང་བ་དང་། གྱ་ནོམ་པའི་དངོས་པོ་རིན་ཐང་ཅན་ཇི་ལྟ་བུ་ཞིག་ཕུལ་ཀྱང་དེ་འཕྲལ་མདུན་དུ་སུ་བྱུང་ལ་བསྩལ་གནང་བ་ལས་སྲེད་ཞེན་དང་གསོག་འཇོག་ཐུགས་ལ་མི་མངའ་བས་གསེར་དང་བོང་བ་མཉམ་པའི་འཕགས་པ་ཞེས་པ་དེ་འདི་ཉིད་དངོས་ཡིན་པའི་ངེས་ཤེས་སྐྱེ་ཐུབ་པ་དང་རང་ཤ་སྟེར་ལའང་ཇི་མི་སྙམ་པ་ལྟ་བུ་ཞིག་ཡོད། འཚོ་མཁོ་ལྷག་པའི་ཡོ་བྱད་ཙམ་ལས་ཕྱག་རྫས་འཕར་མ་མི་ཉར། ཉིན་རེ་བཞིན་ནམ་གྱི་ཆ་སྨད་ཀྱི་ཐུན་མཚམས་ཐོ་རེངས་ལ་སྐུ་དངོས་ཀྱིས་ཕྱག་དར་ནས་མཆོད་ཡོན་དང་མར་མེ་མཎྜལ་འབུལ་བ་སོགས་ཉིན་གཅིག་ལྟར་མཛད་ཅིང་། ཟླ་བ་ཡར་མར་གྱི་ཚེས་བཅུ་དང་སོ་བྱང་སྔགས་ཀྱི་གསོ་སྦྱོང་སྟར་ཆགས་སུ་གནང་། སྐུ་མཚམས་བཅད་རྒྱ་མང་ཆེ་བ་སྨྲ་བཅད་དུ་བཞུགས། སྐུ་མཚམས་དམ་མཚམས་སུ་བཞུགས་པའི་དུས་སུ་མ་གཏོགས་ཐུན་གསེང་རྣམས་སུ་བཀའ་ཆོས་བསྩལ་བ་རྒྱུན་མི་ཆད། ཕྱོགས་ཀྱི་སློབ་ཚོགས་ཀུན་གདམས་ཁྲིད་དང་མན་ངག་གིས་ཚིམ་པར་མཛད་ཅིང་འགྲོ་ཁར་འབྲལ་མི་ཕོད་པར་མིག་ནས་མཆི་མ་བཀུ་བཞིན་གྱེས་ཕྱག་འབུལ་མཁན་ཤ་སྟག་འབྱུང་། དཔལ་གྱི་ཙ་རི་ཏྲའི་དམར་ནག་རཀྟའི་མཚོ་འགྲམ་དང་། གཞོ་སྟོད་ཏིལ་སྒྲོ། ཡར་ཀླུང་ཤེལ་གྱི་བྲག་ཕུག་སོགས་ནས་ཉམས་འུར་བའི་མགུར་དབྱངས་ངོ་མཚར་ཅན་མང་པོ་ཐོལ་བྱུང་དུ་གསུངས་ཤིང་། སྣང་སེམས་རོ་གཅིག་འདྲེས་པའི་གྲུབ་རྟགས་གསང་བའི་རྣམ་ཐར་གྱི་ཁོངས་སུ་གཏོགས་པ་མང་པོ་མངོན་སུམ་མཇལ། བཀའ་སྲུང་མ་གཟའ་རྡོར་གསུམ་དང་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་རྟག་ཏུ་འགོ་ཞིང་མི་དང་མི་ལབ་པ་བཞིན་བཀའ་ཉན་བྲན་དུ་འཁོལ་བ་རྒྱུན་མཐོང་ཡིན། གསུང་རྩོམ་ཐམས་ཅད་ཀློང་རྡོལ་རང་བབ་ལས་ཉིས་འབྲི་དང་བཅོས་སྣོག་དཔྱད་གཞིར་གཟིགས་པ་སོགས་གཏན་ནས་མི་མངའ། ཕྱག་བྲིས་བྲིས་གཟུགས་ལེགས་ཤིང་དག་མགྱོགས་སྐྱེན་གསུམ་འཛོམས་པ་མ་ཟད་སྒྲ་སྙན་བརྡ་དག་སོགས་མི་མཁས་པའི་གནས་ཆེ་ཕྲ་གཅིག་ཀྱང་མེད། རྟག་ཏུ་ཞལ་འཛུམ་མདངས་གསུང་དགྱེས་ཚོར་དང་བཅས་སྤྲོ་ཡལ་ལེ། ཡངས་ཁྲོལ་ལེར་བཞུགས་པ་ལས་སྐྱོ་སུན་མགུ་འཁང་དགའ་བྲོད་ཕྱོགས་རེ་བས་མཐོ་དམན་བྱེད་པ་སོ་སྐྱེ་ཕལ་བའི་ངང་ཚུལ་དང་ཚུལ་འཆོས་བཅོས་མའི་རྣམ་ཐར་ལས་རིང་དུ་འདས། གཟིམས་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་དུ་དར་གོས་འབོལ་བརྩེགས་སུ་བཞུགས་དུས་དང་། ས་ཁྱིའི་དུས་འགྱུར་སྐབས་བཙོན་དུ་རྡུང་རྡེག་བྱེད་པ་གཉིས་ལ་དགའ་སྡང་གི་ཁྱད་པར་ཡོད་པ་མ་མཇལ། དམན་དང་སྤྲང་པོར་ལྷག་པར་བརྩེ་ཞིང་གཙང་དམེ་གཉིས་འཛིན་གྱི་རྟོག་པ་མི་མངའ། དུར་ཁྲོད་ཆེན་པོ་རྣམས་སུ་རྒྱུ་སྐབས་བརྟུལ་ཞུགས་གྲུབ་པ་ཧེ་རུ་ཀའི་སྤྱོད་པ་བསྐྱང་ཞིང་བམ་རོར་ཕྱག་ཤན་གྱིས་ཁྲམ་བཏབ་སྟེ་ཚོགས་འཁོར་བདུད་རྩིའི་མཆོད་སྦྱིན་མཛད་པ་སོགས་ཟབ་མོ་ཞི་གཅོད་ཀྱི་རྣལ་འབྱོར་ཡབ་རྗེའི་གདུང་རིགས་ཀྱི་རང་རྟགས་མངོན། སྐབས་སུ་གཉན་ས་གཅོད་པ་དང་མཚམས་རེར་མཚན་མོ་ཐོལ་བྱུང་དུ་འཛིན་གྲོལ་གྱི་ལུས་སྦྱིན་གསུངས་པ་སོགས་མཐོང་ཐོས་ཐུབ་ཅིང་། མི་བསྲུན་རྒྱལ་འགོང་གློ་བུར་ལྷགས་པ་དག་ལ་སྙིང་རྗེ་བའི་གསུང་བྱོན་པ་དང་། འདྲེ་རྒོད་མ་རུངས་པ་དམ་འོག་ཏུ་བཙུད་ཅིང་བཀའ་ནན་བཅུག་པ་ཤིན་ཏུ་མང་། སྐབས་རེར་ནམ་ཕྱེད་ཙམ་ལ་གཏད་མེད་དུ་ཕཊ་སྒྲ་དྲག་པོ་བརྒྱབ་པ་དང་སཾ་ཀྲི་ཏའི་སྐད་དང་མཁའ་འགྲོའི་བརྡ་སྐད་སོགས་རང་རྡོལ་དུ་ཡུན་རིང་གསུངས་པ་ཐོས་མྱོང་། མཚམས་རེར་ནམ་གུང་མུན་པའི་སྨག་ལ་གཟིམས་ཤག་གམ་གཟིམས་གུར་དུ་གསལ་ལྷང་ངེར་ཡོད་པ་ལན་མང་མཇལ། དངོས་ཉམས་སུ་དཔལ་རི་པདྨ་འོད་གླིང་དུ་རིག་འཛིན་འབུམ་གྱི་ཚོགས་རྗེ་རིག་འདུས་མ་ཧཱ་གུ་རུ་དང་། ལྷ་ལྕམ་མཐིང་འོད་འབར་མ་རྟག་ཏུ་མཇལ་ཞིང་ཤ་ཟ་སྲིན་པོའི་གླིང་དུ་ཐབས་ཆེན་དཔའ་བོའི་ཁྱུ་དང་། མ་རྒྱུད་ཌཱཀྐིའི་ཚོགས་རྗེར་བྱོན་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དང་། དགོངས་གཏེར་རྫས་དང་ནོར་གཏེར་གྱི་བདག་པོ་གཏེར་སྟོན་ཀུན་གྱི་རྒྱལ་པོར་གྱུར་པའི་བརྡ་ཡིག་ལུང་བྱང་། སྐུ་སྐྱེ་ཡང་སྔའི་སྐྱེ་ཕྲེང་སྔོན་གནས་རྗེས་དྲན་དུ་གསུངས་པ་སོགས་གསང་བའི་རྣམ་ཐར་གྱི་ཕྱོགས་སུ་གཏོགས་པ་རྣམས་འདིར་མ་བཀོད། མདོར་ན་འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་ཆེན་དམ་པ་དེ་ཉིད་སྙིགས་དུས་ངེས་གསང་སྙིང་པོའི་བསྟན་པ་ལ་རྒྱལ་བ་གཉིས་པ་ལྟ་བུར་བྱོན་ཞིང་། རྗེ་འདི་ཉིད་ཀྱི་ཞལ་སློབ་གཙོ་བོ་བཻ་རོའི་རྣམ་འཕྲུལ་ཨ་སྐྱོང་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་སྟེ། ཁོང་ནི་ཐུགས་དགོངས་གཏད་པ་ཙམ་གྱིས་བྱིན་རླབས་འཕོས་པ་གཅིག་ཆར་པའི་རིགས་ཅན་དད་བརྩོན་གཉིས་ལྡན་གྱི་སློབ་མའི་ཐུ་བོར་བགྲང་བ་ཞིག་ཡིན། བོད་བསྟན་པ་ཡང་དར་གྱི་སྐབས་སུ་རྗེ་བླ་མའི་ཞལ་ཚབ་གཉིས་པ་ལྟ་བུར་གྱུར་ནས་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་གདན་ས་རུ། རྫོགས་ཆེན་སྡེ་གསུམ་ཀློང་དགུའི་ཁྲིད་དང་གདམས་པའི་སྙིང་བཅུད་ཀྱིས་སྐལ་ལྡན་གྱི་སློབ་ཚོགས་སྨིན་ཅིང་གྲོལ་བར་གནང་བའི་རྣམ་ཐར་ཕྱི་མའི་མཐར་ཡང་ཉམས་པ་མེད། དེ་མིན་རྗེ་ཁྱབ་བདག་ཡོངས་འཛིན་རིན་པོ་ཆེ་འདི་ཉིད་ཀྱི་ཞལ་སློབ་གནས་ལྔ་རིག་པའི་པཎྜི་ཏ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་དང་། མཚུངས་བྲལ་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས། སྔ་འགྱུར་བསྟན་པ་འཛིན་པའི་སྐྱེས་ཆེན་རྡོ་གྲུབ་མཆོག་སྤྲུལ་རིན་པོ་ཆེ། མཁས་པའི་དབང་པོ་མི་ཉག་རྩྭ་ར་ཆོས་གྲགས། རྟོགས་པའི་མངའ་བདག་རྨེ་བ་མཁན་ཆེན་འཇམ་དཔལ། རྫོགས་ཆེན་ཀུན་འབྲུག་གླིང་གསུམ། ཨ་སྐྱོང་མཁན་པོ་བརྩོན་འགྲུས། དགེ་མང་མཁན་པོ་དབང་རྣམ་གཉིས། ཀ་ཆེན་པདྨ་དབང་རྒྱལ། དགེ་རྒྱལ་མཁན་པོ་ཐུབ་བསྟན་རྣམ་རྒྱལ། ཡ་མཚོའི་བླ་མ་སྒྲོལ་མ་ཚེ་རིང་། ལི་ཐང་བླ་མ་རྡོ་རྗེ་རིག་འཛིན། རྨེ་སྤྲུལ་ཤེལ་ཕྲེང་རིན་པོ་ཆེ། རྨེ་བ་ནོར་བཟང་། ཨ་སེའི་མཁན་པོ་ཆོས་གྲགས་སོགས་ཐུགས་རྒྱུད་དགོངས་པ་འཕོས་པའི་ཞལ་སློབ། གསུང་སྐྱེས་བསྟན་པ་འཛིན་པའི་སྐྱེས་བུ། མཁས་གྲུབ་འཛོམས་པའི་བླ་མ། སྒྲུབ་ཚུགས་ཟིན་པའི་སྒོམ་ཆེན། བྱ་བྲལ་སྦས་པའི་རྣལ་འབྱོར་བགྲང་ལས་འདས་པ་བྱོན་པ་དེ་དག་རེ་རེས་ཀྱང་དམ་པའི་ཆོས་ཀྱི་བགོ་སྐལ་བསྩལ་བའི་ཡང་སློབ་རྒྱུད་པ་དང་བཅས་པས་ཡངས་བའི་ས་གཞི་དོག་པོར་བགྱིས་པ་དང་། འབྲེལ་བ་ཙམ་གྱིས་སྲིད་རྩ་ཧྲུལ་པོར་བགྱིས་པ་དེ་བས་མང་བ་སོགས་རྒྱལ་དང་དེ་སྲས་ཀྱི་མཛད་པ་མཐའ་ཡས་ཞིང་དང་རྡུལ་གྱིས་གཏུག་པ་མེད་པའི་འགྲོ་མང་གྱི་ཁམས་ལ་རྟག་ཏུ་ཁྱབ་ཅིང་འཇུག་པ་ཐ་མལ་སྒྲ་ཚིག་གི་ཡུལ་དུ་མ་གྱུར་ཕྱིར། ཕྱི་ནང་གསང་བའི་རྣམ་ཐར་ལས་ཕྱིའི་རྣམ་ཐར་གྱི་ས་བོན་ཙམ་ཚིག་ཚོགས་ཉུང་ངུས་ཕྱོགས་སྣེ་མཚོན་པར་བྱས་པ་འདི་བཞིན་ཏེ། དགུང་གྲངས་རེ་གཅིག་བཞེས་པ་ས་ཕག་ལོའི་དུས་ཟིང་སྐབས་རེ་ཞིག་ཞིང་འདིར་སྐུ་ལུས་དེའི་མཛད་པ་འཕྲོ་ཅན་དུ་གནང་ནས། མེ་ཆར་མདེལ་མཚོན་གྱི་བུ་ཡུག་གིས་གནོད་མ་ཚུགས་པར་སྐུ་ལུས་མདའ་ལྟར་བསྲངས་ཏེ་མཉམ་པར་བཞག་བཞིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་དེ་མ་ཐག་མངོན་པར་རྫོགས་པར་སངས་རྒྱས་པའི་གྲོལ་རྟགས། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ཁ་བའི་མེ་ཏོག་མཁའ་ལ་ལྡིང་བ་དང་། སྣ་ཚོགས་སྤྲིན་གྱི་འཇའ་ཚོན་དྲ་བར་འབྲེལ་བ། འུར་བའི་སྒྲ་འཇམ་ཞིང་དལ་བར་གྲག་པ་སོགས་ངོ་མཚར་བའི་ལྟས་ཀྱིས་སྐྱེ་བོ་ཀུན་དད་པའི་གནས་ལ་བཀོད། སྐུ་གདུང་གི་སྙིགས་མ་ཉིན་དེའི་ཕྱི་ཉིན་ནས་ཤུལ་ཙམ་མི་སྣང་བར་གྱུར་པས་ལུས་མེད་མཁའ་འགྲོའི་ཚོགས་ཀྱིས་གདན་དྲངས་པར་གྲགས་པ་བཅས། རྗེ་ཕ་རྒོད་བླ་མ་གང་དེས་བཀའ་དྲིན་གསུམ་གྱིས་བསྐྱངས་པའི་དྭ་ཕྲུག་མགོན་མེད་དུ་ལུས་པ་པདྨ་སྐལ་བཟང་གིས་གསུང་འབུམ་ཕྱག་དེབ་སྒྲིག་པའི་མཐུན་རྐྱེན་དུ་འཆད་ཁྲིད་ཀྱི་བར་གསེང་ཞིག་ལ་བྲིས་པ་འདི་ཡང་རྗེ་བླ་མའི་ཐུགས་དགོངས་ཀྱིས་ཟིན་ནས་འབྲེལ་ཚད་བདེ་ལ་སྦྱོར་བའི་རྒྱུར་གྱུར་ཅིག །