རྫོགས་ཆེན་མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོའི་ཞལ་གདམས་ཐོར་བུ།

WechatIMG85.jpeg


མདོ་སྔགས་ཀྱི་ལམ་ལ་རིམ་གྱིས་འཇུག་པར་གདམས་པ་དམ་པའི་ཞལ་ལུང་གསེར་གྱི་ཡང་ཞུན།

རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །ཨོ་རྒྱན་རྗེ་དང་རྣམ་དབྱེར་མ་མཆིས་པའི། །དྲིན་ཆེན་བླ་མ་རྫོགས་པའི་སངས་རྒྱས་དེས། །ཁྱེད་དང་བདག་བཅས་བྱང་ཆུབ་བར་དུ་སྐྱོངས། །བདག་བློ་སྔོན་ནས་ཆོས་ལ་མ་སྦྱངས་ཤིང་། །ཐོག་མེད་སྒྲིབ་པའི་བག་ཆགས་མཐུ་ཆེ་བས། །སྒོ་གསུམ་ཆོས་མིན་ལས་ཀྱིས་དུས་རྟག་པར། །གཡེངས་པས་ཚེ་འདིར་སུན་པའི་བློ་སྐྱེས་པས། །ད་ནི་ཚེ་ལྷག་ཅུང་ཞིག་ཡོད་སྲིད་ན། །ཆོས་དང་འཇིག་རྟེན་བློ་སྣ་འུབས་བསྡུས་ཏེ། །ཆ་མེད་སྤྲང་པོ་ལྟ་བུའི་སྤྱོད་ཚུལ་གྱིས། །རྒྱུས་མེད་ཡུལ་དུ་གཅིག་པུར་སྡོད་ལ་སྤྲོ། །གཞན་དུ་རང་གཡེང་གཞན་བསྡུའི་རྣམ་གཡེང་ལ། །ཆོས་སུ་བཅོས་པའི་བྲེལ་དོས་རང་གཞན་ཀུན། །དལ་མེད་ངལ་བ་དང་དུ་ལེན་པ་འདིས། །འདི་ཕྱི་གཉིས་དོན་འགྱུར་སྙམ་བདག་ལ་མེད། །དེ་བས་སྐྱེ་བོ་ཅོལ་ཆུང་བྱིས་པའི་བློ། །ཆོས་ལ་ཐོབ་འདོད་ཡོད་ཀྱང་བསྒྲུབ་འདོད་མེད། །ཉམས་སུ་མི་ལེན་ཆོས་ལ་བྱས་ཡུས་བསྒྲངས། །འདི་འདྲའི་ཚུལ་ལ་བསམ་ཚེ་ཡི་རེ་མུག །ཀྱེ་མ་དམན་པ་བདག་དང་བདག་འདྲ་བས། །ཆོས་དོན་ལེགས་པར་བཤད་ཀྱང་སུ་ཞིག་གིས། །ཆོས་བཞིན་སྤྱོད་པར་འགྱུར་ཞེས་ངེས་པའི་བློ། །རྨི་ལམ་ཙམ་དུའང་ཇི་ལྟར་སྐྱེ་བར་འགྱུར། །དེ་ལྟར་ནའང་རྔ་ལ་དབྱུ་གུ་བཞིན། །འདྲིས་པའི་གྲོགས་ཀྱིས་བསྐུལ་བ་མ་བཟློག་ནས། །རང་གིས་བླ་མ་ལས་ཐོས་ཆོས་ཀྱི་དོན། །ཅུང་ཟད་རང་བློར་ངེས་པ་གང་སྐྱེས་རྣམས། །རང་བློའི་ཉེས་པའི་སྐྱོན་དང་མ་འདྲེས་པར། །ཕན་འདོད་ལྷག་བསམ་གཏིང་ནས་དཀར་བའི་བློས། །ཚིག་ཉུང་དོན་དྲིལ་ཉམས་སུ་བླང་བདེ་བའི། །ཆོས་ཀྱི་འབེལ་གཏམ་ཅུང་ཞིག་འཆད་འདིར་གསོན། །ཐོག་མར་འཁོར་བ་མེ་ཡི་འོབས་ལྟ་བུར། །ཤེས་ནས་དེ་ལས་ཐར་འདོད་ངེས་འབྱུང་དང་། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །གཞན་ཕན་བསམ་པ་བཟང་ལ་ནན་ཏན་བྱ། །ཚེ་འདིའི་བདེ་འབྱོར་སྙན་གྲགས་གང་ལའང་། །སྙིང་པོ་མེད་པ་རྨི་ལམ་དགའ་སྟོན་བཞིན། །མཐོང་ནས་བློ་ཕུགས་ཆོས་ལ་གཏོད་ནུས་པའི། །སྐལ་བཟང་དེ་འདྲ་ཐར་པའི་ལམ་དུ་འགྲོ། །ཆོས་ཀྱི་འཇུག་སྒོ་ངེས་འབྱུང་བཅོས་མིན་དང་། །གཞན་ཕན་སེམས་བསྐྱེད་བསླབ་བྱར་བཅས་པ་ལ། །སློབ་པའི་གོ་རིམ་བློ་སྦྱོང་སྒོམ་པའི་ཚུལ། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་བཞིན་དུ་སློབས། །ཡོན་ཏན་ཀུན་གྱི་གཞི་རྟེན་བླ་ན་མེད། །རྒྱལ་སྲས་སྤྱོད་པ་ཀུན་གྱི་སྡོམ་གཅིག་པུ། །ཉེས་སྤྱོད་སྡོམ་དང་དགེ་བ་ཆོས་སྡུད་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་སྲོག་ལྟར་སྲུངས། །དེ་ཡང་དམ་ཆོས་འདུལ་བའི་རྩ་བཤད་གཞུང་། །དགོངས་འགྲེལ་དང་བཅས་སློབ་སྦྱང་མཐར་ཕྱིན་པས། །བླང་དོར་ལག་ལེན་གནད་དུ་འགྲོ་བའི་ཚུལ། །ངོ་ལྐོག་མེད་པའི་དམ་བཅའ་མཐར་ཕྱིན་མཛོད། །སྲིད་པའི་བདེན་ཞེན་ཅིས་ཀྱང་བཟློག་དཀའ་བས། །དངོས་སྟོབས་རིགས་པའི་མཐུ་ཡིས་ཉམས་སྨད་ནས། །སེམས་ཀྱི་གསང་བ་ཟབ་མོར་བཀྲི་བའི་ཐབས། །མཐའ་བྲལ་དབུ་མའི་གཞུང་ལུགས་སྤྱི་དང་ནི། །ཁྱད་པར་དཔལ་ལྡན་ཟླ་བའི་བཞེད་གཞུང་མཐིལ། །འགྲེལ་ཆེན་གསུམ་དང་འཇུག་པ་རང་འགྲེལ་བཅས། །སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པའི་ཐབས། །བློ་སྦྱོང་ཚུལ་གྱིས་ངེས་ཤེས་སྐྱེ་ངེས་མཛོད། །ཐེག་ཆེན་ཐལ་འགྱུར་རང་ལུགས་མཐར་ཐུག་པའི། །ཟབ་དོན་མངོན་ཕྱུང་བདེ་གཤེགས་སྙིང་པོའི་གནད། །སྒྲོ་སྐུར་མེད་སྟོན་བྱམས་ཆོས་ཐ་མའི་དོན། །འཕགས་པ་ཐོགས་མེད་རང་གི་བཞེད་པ་ལྟར། །གངས་ལྗོངས་སྐྱེ་བོའི་ཟེར་སྒྲོས་སྣ་ཚོགས་དང་། །མ་འདྲེས་འཕགས་པའི་དགོངས་པ་ཚད་མའི་གཞུང་། །ཤེས་ནས་གནས་ལུགས་སྙིང་པོར་ཡིད་ཆེས་སྐྱེད། །འདི་དག་ལམ་གྱི་འཇུག་སྒོར་མེད་ཐབས་མེད། །དེ་རྗེས་རྒྱལ་དབང་པདྨ་སཾ་བྷ་ཝའི། །ཟབ་གཏེར་སྤྱི་དང་ཀློང་ཆེན་སྙིང་ཐིག་གི། །སྨིན་གྲོལ་མན་ངག་རྒྱབ་བརྟེན་བཅས་པ་འདི། །ཟབ་བརྒྱའི་ཡང་སྙིང་ཟབ་པའི་མཐར་ཐུག་སྟེ། །བརྒྱུད་པ་གསུམ་གྱི་བྱིན་རླབས་སྤྲིན་འཁྲིགས་ཤིང་། །མན་ངག་སྟོང་གི་སྙིང་པོའི་གནད་ཀུན་ཚང་། །བརྒྱུད་ཐག་ཉེ་ཞིང་སེལ་མེད་དངོས་གྲུབ་མྱུར། །འབྲེལ་ཚད་དོན་ལྡན་འདི་འདྲ་གཞན་ན་མེད། །ཟབ་ཆོས་འདི་འཕྲད་སྐལ་བ་རབ་མཆོག་སྟེ། །བརྩོན་པས་ཉམས་བླང་མི་ཚེ་འདི་ཉིད་ལ། །གདོས་བཅས་ལུས་དེངས་ཀ་དག་གདོད་མའི་གཞིར། །སྐུ་བཞིའི་རྒྱལ་ས་ཟིན་ལ་སོམ་ཉི་བྲལ། །གཞན་དུ་ཅུང་ཟད་སྦྱངས་པའི་ལས་ཅན་ཡང་། །བར་མ་དོའམ་སྐྱེ་བ་གཉིས་ཚུན་ལ། །མངོན་འཚང་རྒྱ་བ་ལམ་འདིའི་ཁྱད་ཆོས་ཡིན། །དེ་ཕྱིར་ཅིས་ཀྱང་ལམ་འདིར་འཇུག་པར་གཅེས། །དེ་ཡང་ཐོག་མར་སྨིན་བྱེད་དབང་བཞིའི་རྒྱུན། །ཚུལ་བཞིན་ནོད་དེ་དབང་སྲོག་དམ་ཚིག་གནད། །ཕྲ་མོའང་འབད་པས་སྲོག་དང་བསྡོས་ནས་ཀྱང་། །བསྲུང་སྡོམ་ནན་ཏན་ངོ་ལྐོག་མེད་པར་མཛོད། །དེ་རྗེས་ཐུན་མོང་སྔོན་འགྲོའི་བློ་སྦྱོང་དང་། །འབུམ་ལྔའི་བསགས་སྦྱང་ཚད་དུ་འཁྱོལ་བ་དང་། །ཁྱད་པར་བྱིན་རླབས་བླ་མའི་རྣལ་འབྱོར་གྱི། །གསོལ་འདེབས་བསྙེན་པ་འབུམ་བརྒྱ་འགྲོ་ངེས་མཛོད། །དེ་ནས་ཐུན་མིན་དངོས་གཞིའི་ལམ་གྱི་འགྲོས། །རྩ་གསུམ་བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞིའི། །གྲངས་དུས་མཚན་མའི་བཟླས་བརྗོད་ཁ་སྐོང་དང་། །ལས་བཞི་མཆོག་གི་མཛད་སྤྱོད་རྩལ་དུ་ཐོན། །རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་གནད། །སྦས་དོན་ཐབས་ལམ་མ་བསྒོམ་སངས་རྒྱས་ལམ། །རྡོ་རྗེ་ལུས་ཀྱི་འཕྲུལ་འཁོར་ཇི་སྙེད་དང་། །རྦ་རླབས་གསང་བའི་སྙན་བརྒྱུད་ངོ་སྤྲོད་བཅས། །བརྒྱུད་ལྡན་རིག་འཛིན་བླ་མའི་ཞལ་ལུང་བཞིན། །ལུས་སྲོག་དཔང་བཙུགས་སྙིང་རུས་ལྷུར་བླངས་ཏེ། །སྐྱེ་བོས་དབེན་པའི་རི་ཁྲོད་གངས་སྟོད་སོགས། །ཆོས་མཐུན་གནས་སུ་རྟགས་ཐོན་བར་དུ་སྦྱོངས། །དེ་རྗེས་གསང་ཆེན་སྙིང་ཐིག་ངེས་པའི་གནད། །ཟབ་ལ་དོན་དྲིལ་མན་ངག་ཀུན་གྱི་བཅུད། །ཁྲིད་ཡིག་ཡེ་ཤེས་བླ་མའི་གོ་རིམ་ལྟར། །ཕྱི་ནང་རུ་ཤན་སྒོ་གསུམ་སྦྱང་བ་སོགས། །ཀུན་ལ་བདུན་ཕྲག་རེ་རེའི་མ་མཐའ་ཡི། །སྦྱང་བརྩོན་གནད་སྨིན་ཉིན་མཚན་བསྒྲིལ་ཏེ་སློབས། །སྔོན་འགྲོའི་སྦྱང་བ་གནད་དུ་མ་སོང་ན། །དངོས་གཞི་ཇི་བཞིན་རྒྱུད་ལ་མི་སྐྱེ་བས། །སྔོན་མ་གང་བྱུང་དེས་ཆོག་སླ་ཆོས་ཀྱིས། །ཟབ་གནད་ཕྱི་མར་སྤར་ཟིན་བྱེད་འདོད་ཀྱང་། །རྒྱུ་མེད་འབྲས་བུ་བོང་བ་གསེར་འདོད་ལྟར། །དགོས་དགོས་ཙམ་གྱིས་འགྲུབ་པའི་དུས་མི་འོང་། །སྔོན་འགྲོས་རྒྱུད་སྦྱངས་སྐལ་བཟང་སྐྱེས་བུ་དེས། །བདོག་པ་ཀུན་གྱིས་བླ་མ་མཉེས་བྱས་ཏེ། །ཆོས་དང་བླ་མའི་དོན་ཕྱིར་ལུས་སྲོག་ཀྱང་། །གཏོང་ཕོད་དེས་པའི་སྲི་ཞུ་བཀུར་སྟི་ཡིས། །ཅི་གསུངས་བཀའ་བསྒྲུབ་སྒོ་གསུམ་བྲན་དུ་འབུལ། །གསང་ཆེན་ངེས་པའི་ངོ་སྤྲོད་གནད་ཀྱི་གཟེར། །བྱིན་བརྒྱུད་ཁོ་ནས་བཙན་ཐབས་ངོ་སྤྲད་དེ། །ཡིད་ཆེས་ཐག་ཆོད་གདེང་དང་ལྡན་པར་བྱ། །དེ་རྗེས་ཙབ་ཙུབ་བློ་སྣ་མང་བརྡོལ་བས། །ཞུས་ཞུས་ཐོབ་ཐོབ་ཁ་གྲངས་བསགས་པའི་བློས། །ཁྱི་བཞིན་ཉུལ་སྣ་རྒྱུན་པར་མི་བྱེད་པར། །ཟབ་དོན་ཉམས་ལེན་དམར་ཐག་གཅོད་པ་གནད། །དེ་ལྟར་སྨིན་གྲོལ་ལམ་གྱི་རིམ་པ་ཀུན། །ཚིག་དོན་རྒྱ་ཆེའི་ལུང་གི་གནད་ཇི་བཞིན། །མ་ནོར་ཡིད་ཆེས་ངེས་ཤེས་བསྐྱེད་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཏནྟྲ་ནི། །རྒྱལ་བ་གཉིས་པ་དྲི་མེད་འོད་ཟེར་གྱིས། །ཟབ་དོན་མན་ངག་ལུགས་སུ་བཀྲལ་བ་ཡི། །མུན་སེལ་སྐོར་གསུམ་འོལ་སྤྱི་ཙམ་མིན་པར། །གསན་སྦྱང་གནད་སྨིན་སྒྲོ་འདོགས་ཆོད་པར་མཛོད། །ཁྱད་པར་སྙིང་ཐིག་གསང་བའི་གནད་ངེས་པའི། །བཅུ་བདུན་རྒྱུད་དང་ཟབ་པ་པོད་བཞིའི་བཅུད། །ཡང་ནས་ཡང་དྲིལ་ཟབ་མོའི་སྙིང་ཕྱུང་སྟེ། །ཁྲིད་དུ་བསྡེབས་པའི་ཡང་ཏིག་རྣམ་གཉིས་དང་། །མཛོད་ཆེན་བདུན་དང་ངལ་གསོ་རྩ་འགྲེལ་བཅས། །མེད་ཐབས་མེད་པའི་ཟབ་ཆོས་ཚད་མ་སྟེ། །གདོད་མའི་མགོན་པོ་དངོས་སུ་ཞལ་མཇལ་ཡང་། །གསུང་གི་གནད་ཟབ་འདི་ལས་གཞན་མེད་ཅིང་། །མོས་གུས་ཅན་ལ་དོན་བརྒྱུད་མངོན་སུམ་དུ། །སྦྱིན་ནུས་སྐུ་གསུམ་སྟོན་པའི་རྒྱལ་ཚབ་སྟེ། །ཐེག་པ་ཀུན་དང་ཁྱད་པར་གསང་ཆེན་གྱི། །གཞི་ལམ་འབྲས་བུའི་གནད་ཀུན་ཚང་བར་སྟོན། །ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །གསུང་གི་གསང་བ་བསམ་མི་ཁྱབ་པའི་ཚུལ། །གདུལ་བྱའི་ཡུལ་ལ་ཡི་གེའི་རྣམ་རོལ་དུ། །བྱོན་པ་ལགས་ཕྱིར་སྐུ་གསུམ་སྟོན་པ་དངོས། །སྨྲ་བའི་སེདྒེ་རོང་ཟོམ་པཎྜི་ཏའི། །ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་དང་། །སྣང་བ་ལྷ་རུ་བསྒྲུབ་པའི་མན་ངག་སོགས། །རྟག་ཏུ་འདྲིས་ཤིང་ཐེ་ཚོམ་མེད་པར་མཛོད། །མཛོད་ཆེན་བདུན་སོགས་ཟབ་བརྒྱའི་གཞུང་ཀུན་གྱི། །ཟབ་དོན་མ་ནོར་བདེ་བླག་རྟོགས་པའི་ཕྱིར། །ཡོན་ཏན་རིན་ཆེན་མཛོད་ཀྱི་བསྟན་བཅོས་ནི། །རྩ་འགྲེལ་བཅས་ལ་གསན་སྦྱང་མཐར་ཕྱིན་མཛོད། །འདི་དག་ཐེག་པའི་བབས་དང་ལམ་གྱི་གནད། །ཚང་ལ་མ་ནོར་སྔ་འགྱུར་བརྒྱུད་པའི་ལུགས། །ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་བཀའ་སྲོལ་རྒྱུན། །མཚུངས་མེད་བླ་མ་སངས་རྒྱས་དངོས་དེ་ཡིས། །གསུང་གི་བདུད་རྩིས་རིང་དུ་བསྐྱངས་པའི་མཐུས། །དམ་པའི་ཞལ་ལུང་གསེར་གྱི་ཡང་ཞུན་བཅུད། །རང་བློའི་ངན་རྟོག་དྲི་མས་མ་སྦག་པ། །བརྗོད་པར་ཕངས་ཀྱང་སྙིང་གཏམ་ཁོ་ནར་བསྙད། །

བསླབ་བྱ་བདེན་གཉིས་གནད་བསྡུས།

ཀྱེ་ཀྱེ་གསོན་དང་ཆོས་ཀྱི་གྲོགས། །རྒྱ་ཆེའི་ལམ་གྱི་ཟབ་གནད་ཀུན། །ཉུང་ངུའི་ཚིག་ཏུ་མདོར་དྲིལ་ན། །ཅིས་ཀྱང་མ་བརྗེད་ཐུགས་ལ་ཟུང་། །རྒྱལ་བའི་ཆོས་མཛོད་ཇི་སྙེད་པའི། །བརྗོད་བྱའི་སྙིང་པོ་བདེན་གཉིས་ཏེ། །ཇི་སྙེད་གསུང་རབ་ཐམས་ཅད་ཀྱི། །བརྗོད་དོན་དེ་གཉིས་དག་ཏུ་བསྡུ། །དེ་ཡང་ཀུན་རྫོབ་བདེན་པ་ནི། །དོན་དམ་རྟོགས་པའི་ཐབས་ཡིན་པས། །མཐར་ཐུག་དོན་གྱི་སྙིང་པོ་ནི། །དོན་དམ་དེ་ཉིད་གཅིག་ཏུ་འདུས། །དེ་ཡང་ཐེག་པའི་རྣམ་གྲངས་ཀྱིས། །འདོད་ཚུལ་རྣམ་གྲངས་མཐའ་ཡས་ཀྱང་། །གསང་ཆེན་ཐེག་རྩེའི་རང་ལུགས་ཀྱི། །སེམས་ཉིད་རིག་སྟོང་ཉག་གཅིག་གོ། །དེ་ཡང་ཡིད་དཔྱོད་བློས་བྱས་ཀྱི། །བརྟག་དཔྱད་དགག་སྒྲུབ་མ་ཡིན་པར། །ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱིས། །ཟང་ཐལ་མཚོན་བརྗོད་བྲལ་བ་རུ། །རྟོགས་པས་འགྱུ་དྲན་རང་གསལ་དང་། །བློས་བྱས་ཆེད་འཛིན་རང་དེངས་སོགས། །ཆེད་དུ་སྒོམ་བློས་མ་བཅིངས་པའི། །རང་གདངས་བབས་ཀྱི་བསམ་གཏན་རྒྱུན། །རྟོག་བྲལ་ཡེ་ཤེས་གསལ་བའི་གདངས། །རིང་པོར་བསྐྱངས་པས་འབད་རྩོལ་ཞིག །གཞན་དུ་དང་པོའི་ལས་ཅན་གྱིས། །སེམས་འཛིན་གནས་ཆའི་ཞི་གནས་དང་། །རྟོག་དཔྱོད་འགྱུ་དྲན་བློས་བྱས་ཙམ། །གནས་ལུགས་དོན་དང་གནམ་ས་བཞིན། །འོན་ཀྱང་འགྱུ་དྲན་རྒྱུན་ཆགས་ཀྱི། །ཧ་ཅང་སྡུག་བཙིར་མ་ཡིན་པར། །གཤིས་ཀྱི་བབས་སུ་རང་ལུགས་བཞག །གུ་ཡངས་གསལ་དྭངས་ཕྱེད་པ་གཅེས། །རྗེས་ཀྱི་སྤྱོད་ལམ་ཀུན་ཏུ་ཡང་། །དྲན་ཙམ་རིག་ཙམ་མ་བརྗེད་སྐྱོངས། །ཆོས་ཀུན་སྒྱུ་མའི་ལམ་འཁྱེར་དང་། །མོས་གུས་སྙིང་རྗེ་གནད་དུ་ཟབ། །མི་རྟག་འཆི་བའི་བསྐུལ་འདེབས་ཀྱིས། །རྣམ་པ་ཀུན་ཏུ་སྒོ་གསུམ་པོ། །དོན་མེད་འཆལ་བར་མི་གཏོང་ཞིང་། །ཤེས་རིག་རང་ངོ་གཟུང་བ་གནད། །དེ་ལྟར་སྒོམ་པ་རྒྱུན་བསྲིངས་ན། །སེམས་འཛིན་ཞེན་ཆ་རང་ངོ་སྐྱོང་། །བློས་བྱས་འགྱུ་དྲན་རིག་ངོར་མཉམ། །གང་ཡང་ཆོས་ཉིད་ཀློང་ཆེན་དུ། །འཕོ་འགྱུར་མེད་པའི་རང་རྒྱས་ཐེབས། །ཚོགས་དྲུག་ཡུལ་དང་དེར་འཛིན་བློ། །ཉུག་ཙམ་ཤར་ཡང་ཕན་གནོད་བྲལ། །རྟོགས་པ་ཆོས་ཉིད་རྒྱ་མཚོའི་ཀློང་། །འཕོ་འགྱུར་བྲལ་བའི་རྒྱལ་ས་ཟིན། །བར་དོར་གཞི་དབྱིངས་ཀ་དག་ཀློང་། །ཡོངས་གྲོལ་ཡང་སངས་རྒྱས་པའི་མོད། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་མཉམ་པ་ཉིད་དུ་འགྱུར། །དེ་ལྟར་ཆོས་དང་མཐུན་པའི་བསླབ་བྱ་འདི། །དམ་པའི་ཞལ་ལུང་རང་གིས་ཕྱོགས་ཙམ་ཞིག །གོ་ཞིང་མྱོང་བ་ཕྲ་མོའི་གསལ་སྣང་ཙམ། །སྦ་གསང་མེད་པར་ལྷུག་པར་བཤད་པ་ ལགས། །བདག་བློ་ཤིན་ཏུ་རྨོངས་པའི་མུན་ཁྲོད་དུ། །གཞན་ཕན་ཆོས་ཀྱི་ཉི་མ་དེང་ཤར་བས། །ཐུགས་རྗེའི་འོད་སྣང་སྟོང་དུ་འབར་བའི་གཟིས། །གོ་རྟོགས་བློ་ཡི་པདྨོ་ཅིར་ཡང་རྒྱས། །བདག་སོགས་ཆོས་ཀྱིས་འབྲེལ་བའི་མཆེད་ལྕམ་ཀུན། །རྒྱལ་བ་དགྱེས་པའི་ལམ་བཟང་ལ་བརྩོན་ནས། །འཚོ་བའི་འདུ་བྱེད་གཏང་བའི་མོད་ཉིད་ནས། །ལྔ་ལྡན་པདྨོ་བཀོད་པའི་ཞིང་ཁམས་སུ། །རྫོགས་པའི་སངས་རྒྱས་དཔལ་ལྡན་པདྨ་སྐྱེས། །འཁོར་ལོའི་མགོན་པོ་དྲིན་ཆེན་ཆོས་རྗེ་དང་། །རྣམ་དབྱེར་མེད་པར་བཞུགས་པའི་ཞབས་དྲུང་དེར། །སྐྱེས་ནས་གསང་ཆེན་ཐེག་རྩེའི་ཉེ་ལམ་ཆེར། །ཞུགས་ཙམ་ཉིད་ནས་གདོད་མའི་རྒྱལ་ས་རུ། །མིག་འཕྲུལ་ཇི་བཞིན་ཡུད་ཀྱིས་དབང་འབྱོར་ཏེ། །གང་ལ་གང་འདུལ་མཛད་པ་མཐའ་ཡས་པས། །དཔལ་མགོན་བླ་མའི་འཕྲིན་ལས་སྒྲུབ་བྱེད་ཤོག །ཅེས་པའི་བསླབ་བྱ་ཉུང་ངུ་འདི་ཡང་རྒན་བུ་ཡོན་ཏན་མགོན་པོ་རང་དང་མཛའ་བའི་ཆོས་མཐུན་གྱི་གྲོགས་པོ་ནོར་བཟང་ལ་གདམས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག སརྦ་མདྒ་ལཾ། །

ལེགས་པར་འདོམས་པ་མཚུངས་མེད་བླ་མའི་ཞལ་ལུང་།

མཆོག་གསུམ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་མཆོག །ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་། །དབྱེར་མེད་དཔལ་ལྡན་བླ་མར་འདུད། །བུ་སྙིང་དང་འདྲ་བའི་སྐལ་ལྡན་ལ། །རང་གི་གང་ཤེས་བསླབ་བྱ་རྣམས། །མཚུངས་མེད་བླ་མའི་ཞལ་ལུང་བཞིན། །ཅུང་ཟད་འཆད་ལ་སྙན་གཏོད་འཚལ། །བུ་ཆོས་བརྒྱད་ཚེ་འདིའི་སྣང་བ་ལ། །ཨ་འཐས་ཞེན་པའི་འཆིང་བ་འདི། །ཐར་ལམ་བར་ཆད་བདུད་ཡིན་པས། །ཚེ་འདི་བློ་ཡིས་ཐོང་བར་མཛོད། །བུ་རྟག་འཛིན་ཕྱི་བཤོལ་རྣམ་གཡེང་འདི། །བདུད་ཀྱི་བསླུ་བྲིད་དང་པོ་ཡིན། །ཚེ་ལ་ངེས་མེད་མི་རྟག་ཅིང་། །བློ་གཏད་མེད་པའི་ཚུལ་ལ་སོམས། །བུ་འདུས་བྱས་དངོས་པོ་གང་ལ་ཡང་། །མཐའ་བཞིས་བསྡུས་ཕྱིར་སྙིང་པོ་མེད། །ཞེན་ན་གཏན་དུ་འཁོར་བར་འཆིང་། །གང་ལ་བློ་ཡིས་ཐོང་བར་མཛོད། །བུ་འཕྲལ་སྣང་སྲིད་པའི་ཕུན་ཚོགས་འདི། །དུག་དང་འདྲེས་པའི་ཁ་ཟས་འདྲ། །ཞེན་ན་ཐར་པའི་སྲོག་རྩ་གཅོད། །སྐྱོ་ཤས་དམ་པའི་ཕ་ནོར་ཡིན། །བུ་འཁོར་བ་སྡུག་བསྔལ་རྒྱ་མཚོ་འདི། །འཇིགས་རུང་རྒྱལ་པོའི་ཁྲི་མུན་འདྲ། །ཐར་བའི་དུས་མེད་ཉམ་རེ་ཐག །ངེས་འབྱུང་རྒྱུད་ལ་བསྟེན་ཞིག་ཨང་། །བུ་ཁམས་གསུམ་སྲིད་པའི་སེམས་ཅན་ཀུན། །ཕ་མར་མ་གྱུར་སུ་ཡང་མེད། །དྲིན་གྱིས་བསྐྱངས་པའི་ཚུལ་ལ་སོམས། །སྙིང་རྗེ་གཏིང་ནས་འབྱོང་བར་མཛོད། །བུ་གནས་སྐབས་མཐོ་རིས་བདེ་བ་ཙམ། །ཐོབ་ཀྱང་ཁྱབ་པ་འདུ་བྱེད་དང་། །འགྱུར་བའི་སྡུག་བསྔལ་དང་བཅས་པས། །སྙིང་པོ་མེད་པའི་ཚུལ་ལ་སོམས། །བུ་རང་དོན་ཞི་བ་གཉེར་བ་ཙམ། །ཐེག་ཆེན་ལམ་གྱི་གེགས་ཡིན་ཞིང་། །གཞན་དོན་ཉམས་པའི་རྒྱུ་ཡིན་པས། །ཞི་བདེ་དོན་དུ་མ་གཉེར་ཨང་། །བུ་དེ་ཕྱིར་གཏན་བདེ་བླ་མེད་ཀྱི། །གོ་འཕང་རྫོགས་སངས་རྒྱས་ཡིན་པས། །འགྲོ་ཀུན་སྒྲོལ་ཕྱིར་བླ་མེད་ཀྱི། །གོ་འཕང་དོན་དུ་གཉེར་བར་མཛོད། །བུ་ཐེག་ཆེན་ལམ་གྱི་རྩ་བ་དང་། །ཚད་མེད་བསོད་ནམས་རྒྱུ་ཡིན་པས། །བྱང་ཆུབ་སེམས་ལ་རྟག་པར་ཡང་། །ནན་ཏན་མཛད་དེ་གོམས་པར་མཛོད། །བུ་རང་གཞན་དོན་གཉིས་བསྒྲུབ་པ་ལ། །བྱང་ཆུབ་སེམས་འདི་མེད་ཐབས་མེད། །ཐེག་ཆེན་ལམ་གྱི་སྲོག་ཡིན་པས། །ངེས་པར་རྒྱུད་ལ་སྐྱེ་ངེས་མཛོད། །བུ་ཡོན་ཏན་ཀུན་གྱི་གཞི་རྟེན་ནི། །རྨད་བྱུང་ཚུལ་ཁྲིམས་བསླབ་པ་སྟེ། །འདི་བྲལ་ཐོས་དང་བསམ་པ་ཡི། །ཡོན་ཏན་གཞན་ཡང་ཆུད་འཛར་འགྱུར། །བུ་ངོ་ལྐོག་མེད་པའི་ཚུལ་ཁྲིམས་ལ། །མ་ཁྲེལ་རྣམ་གསུམ་ཚང་བ་དགོས། །གཞན་དུ་ལྟར་སྣང་ལེགས་པ་ཙམ། །སྙིང་པོ་མེད་པར་མཁྱེན་པར་མཛོད། །བུ་ཐོས་པ་རིན་ཆེན་སྐྱེ་དགུའི་མིག །ཐར་ལམ་སྣང་བའི་སྒྲོན་མེ་སྟེ། །རྨོངས་པའི་མུན་སེལ་ཤེས་རབ་ཀྱི། །སྣང་བ་གསལ་ཞིང་རྒྱས་པར་བྱེད། །བུ་ཆོས་དང་ཆོས་མིན་འབྱེད་པ་ལ། །ཐོགས་མེད་བློ་གྲོས་སྣང་བ་ནི། །ཐོས་བསམ་དག་པའི་འབྲས་བུ་སྟེ། །དེ་ཕྱིར་ཐོས་པ་མཐར་ཕྱིན་མཛོད། །བུ་ཐོས་པས་གཏན་ལ་ཕབས་པའི་དོན། །མ་ནོར་བསམ་བྱུང་ཤེས་རབ་ཀྱིས། །ལེགས་པར་སྒྲོ་འདོགས་གཅོད་པ་ནི། །ལམ་གྱི་སྔོན་འགྲོར་མེད་ཐབས་མེད། །བུ་འཕགས་ཡུལ་མཁས་པའི་ལེགས་བཤད་འདི། །འབྱུང་ཁུངས་བཟང་པོའི་གསེར་བཞིན་དུ། །ལོ་པན་མཁས་གྲུབ་མང་པོ་ཡིས། །ཞུས་བསྒྱུར་གཏན་ལ་ཕབས་པ་སྟེ། །བུ་དེ་ཕྱིར་འཕགས་གཞུང་དྲི་མེད་ལ། །ཞེན་ལྟའི་བློ་ཡིས་མ་རྙོག་པའི། །ལེགས་བཤད་ཚད་མར་ཤེས་ནས་སུ། །ཐོས་བསམ་སྙིང་པོར་མཛོད་ཅིག་ཨང་། །བུ་བསིལ་ལྡན་ཁ་བ་ཅན་ལྗོངས་འདིར། །བརྒྱུད་པའི་བབས་སོ་མང་དྲགས་པས། །ཀུན་ལ་འཇུག་པར་མི་ལངས་ཀྱང་། །སྡང་ཞེན་སྐུར་འདེབས་སྤོངས་ཤིག་ཨང་། །བུ་སྤྲོས་བྲལ་བསམ་མི་ཁྱབ་པ་འདི། །ངེས་དོན་དབུ་མའི་ལྟ་བ་སྟེ། །སྤྲོས་པ་ཕྱོགས་རེ་བཀག་པ་ཙམ། །བློས་བྱས་ཡིན་པར་མཁྱེན་པར་མཛོད། །བུ་ཐ་སྙད་རྟེན་འབྱུང་སྣང་བ་འདི། །དཔྱད་ན་རྡུལ་ཙམ་མ་གྲུབ་ཀྱང་། །མ་བརྟགས་སྒྱུ་མའི་ཚུལ་ཙམ་དུ། །འཇིག་རྟེན་གྲགས་སྡེར་མཁྱེན་པར་མཛོད། །བུ་བདེན་གཉིས་ཟུང་དུ་འཇུག་པ་འདི། །སྟོང་ཉིད་ཡིན་ཕྱིར་ངོ་བོ་མེད། །འོན་ཀྱང་ཀུན་རྫོབ་བདེན་པའི་ངོར། །རང་བཞིན་མེད་ཙམ་ཐ་སྙད་མཛད། །བུ་མཐའ་བརྒྱད་སྤྲོས་དང་བྲལ་བ་འདི། །བློ་བྲལ་ཡིན་ཕྱིར་བློས་བྱས་ཀྱི། །དགག་སྒྲུབ་གང་གི་ཡུལ་མིན་པས། །དོན་དམ་བློ་འདས་མཁྱེན་པར་མཛོད། །བུ་དཔལ་ལྡན་ཟླ་བའི་བཞེད་གཞུང་འདི། །འཕགས་པའི་དགོངས་པ་འཁྲུལ་མེད་དུ། །ཤེས་ནས་འཇུག་པ་རང་འགྲེལ་བཅས། །མ་ནོར་ཁོང་དུ་ཆུབ་པར་མཛོད། །བུ་འཕགས་པའི་གཞུང་ལ་ཁ་གཡར་ཏེ། །རང་བཟོའི་ཁྱད་ཆོས་དུ་མ་ཞིག །སྨྲ་བ་གངས་ལྗོངས་མཁས་པའི་ལུགས། །ཕལ་ཆེར་རེ་ཞིག་བརྟགས་པར་མཛོད། །བུ་རྒྱ་གཞུང་ཚད་མའི་དངོས་བསྟན་ལ། །རང་བཟོ་རྡུལ་ཙམ་མེད་པ་འདི། །ཁོ་བོའི་རིགས་བདག་གཞན་ཕན་པའི། །རང་ལུགས་ཚད་མར་མཁྱེན་པར་མཛོད། །བུ་དྲི་མེད་འཕགས་པའི་གཞུང་ལུགས་འདི། །སོ་སོ་རིག་བཞིའི་མཐར་སོན་པའི། །འཕགས་པའི་གསུང་རབ་ཚད་མ་ཡིན། །ཐུབ་པའི་བཀའ་དང་ཁྱད་པར་མེད། །བུ་སོ་སྐྱེའི་བློ་ཡིས་གཞུང་དོན་ལ། །མཐའ་དཔྱད་སྤྲོས་པ་མང་དྲགས་ན། །ཟབ་རྒྱས་ཆོས་ཀྱི་གནད་འཆུག་ནས། །ཞེན་ལྟའི་རྙོག་མ་ལྡང་བར་འགྱུར། །བུ་དེ་ཕྱིར་རྒྱ་གཞུང་ཚད་མ་དག །ཕྱོགས་འཐེན་རྩོད་འཁྱེར་མ་མང་བར། །ཕྱོགས་ལྷུང་མེད་པའི་བློ་གྲོས་ཀྱིས། །ཚིག་དོན་དྲང་པོར་དཔྱོད་ཅིག་ཨང་། །བུ་སོ་སྐྱེའི་ཀུན་རྟོག་རྣོན་པོ་ཡིས། །ཕྱོགས་རེར་གཞལ་བའི་གོ་དོན་ལ། །སྙན་སྙན་ལེགས་ལེགས་མང་ན་ཡང་། །འཕགས་པའི་དགོངས་པར་འབྱོར་བ་དཀའ། །བུ་དེ་ཕྱིར་འདོད་ཞེན་འཁྱོག་པོའི་བློ། །སྙིང་ལ་བརྣགས་པའི་ཕྱོགས་ལྷུང་གིས། །སྦྱར་བའི་གཞུང་འགྲེལ་ཕལ་མོ་ཆེ། །དོར་བྱ་ཡིན་གྱི་བླང་བྱ་མིན། །བུ་ཆོས་དང་ཆོས་མིན་འབྱེད་པ་ལ། །གཞན་དྲིང་མེད་པའི་རྣམ་དཔྱོད་འདི། །འཕགས་ཡུལ་ཤིང་རྟ་ཆེ་རྣམས་ལས། །ཕལ་ལ་ཤིན་ཏུ་དཀའ་བ་ལགས། །བུ་དེ་ཕྱིར་ཤིང་རྟ་ཆེན་པོའི་གཞུང་། །རྒྱ་འགྲེལ་ཚད་མའི་དངོས་བསྟན་ལྟར། །དྲང་པོར་འཆད་པ་ཆོས་དང་མཐུན། །གཞན་དུ་སྙིང་པོ་དབེན་པ་ལགས། །བུ་ཁོ་བོའི་རིགས་བདག་གཞན་ཕན་པ། །ཆོས་ཉིད་མངོན་གཟིགས་འཕགས་ཆེན་དངོས། །ལམ་མཐར་ཕྱིན་པའི་རྟགས་ཚད་རྣམས། །ཕལ་ཆེར་བསླུ་མེད་མངོན་སུམ་བཞུགས། །བུ་དེ་ཕྱིར་དམ་པའི་ཞལ་ལུང་འདི། །རྫོགས་སངས་རྒྱས་ཀྱི་བཀའ་བཞིན་དུ། །ནམ་ཡང་བསླུ་མེད་ཡིད་ཆེས་ཀྱི། །བློ་གཏད་གཅིག་ཆོག་མཁྱེན་པར་མཛོད། །བུ་དང་པོར་ཐོས་པ་བྱེད་ཙ་ན། །ཐར་ལམ་ཆོས་ཀྱི་གནད་ཤེས་ནས། །ཐོས་དོན་རང་གི་རྒྱུད་ལ་སྦྱོར། །ཆོས་དང་རང་སེམས་ཅི་འདྲེས་མཛོད། །བུ་བར་དུ་བསམ་པ་བྱེད་ཙ་ན། །མདོ་དང་བསྟན་བཅོས་དཔང་པོར་ཚུགས། །ལུང་རིགས་དྲང་པོས་མཐར་འདེད་ཀྱིས། །ཐོག་མཐའ་ཀུན་ལ་མི་འགལ་མཛོད། །བུ་གཞན་དུ་རང་བཟོའི་གྲུབ་མཐའ་ཕལ། །འཁྱོག་པོའི་གཞུང་ལ་བློ་གཏད་པའི། །སྔ་ཕྱི་འགལ་བའི་གཟུ་ལུམ་གྱིས། །རིགས་རྒོད་གང་དྲན་སྨྲ་བ་མཚར། །བུ་དེ་ཕྱིར་འཕགས་ཡུལ་མཁས་པའི་གསུང་། །བཅུ་གསུམ་གཞུང་ལུགས་ཆ་ལག་བཅས། །མ་ནོར་ཐོས་བསམ་བློ་གྲོས་ཀྱིས། །ཚུལ་བཞིན་སློབ་ལ་ནན་ཏན་མཛོད། །བུ་ཐེག་ཆེན་ཕྱི་ཡི་ཁོག་ཁྲོལ་ནས། །ཁྱད་པར་གསང་སྔགས་ལམ་གནད་ལ། །ད་གདོད་སློབ་པ་སྔ་འགྱུར་གྱི། །རང་ལུགས་ཡིན་པ་མཁྱེན་པར་མཛོད། །བུ་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་འདི། །ཆོས་ཁུངས་རྡོ་རྗེ་འཆང་ལ་ཐུག །ཆོས་བརྒྱུད་དབང་བཞིའི་ཆུ་བོ་རྫོགས། །བརྒྱུད་གསུམ་བྱིན་རླབས་སྤྲིན་བཞིན་འཁྲིགས། །བུ་དེ་ཕྱིར་དབང་བཞིས་རྒྱུད་སྨིན་ནས། །ཟབ་དོན་རྒྱུད་ཀྱི་དགོངས་པ་ནི། །ཚོགས་དང་སློབ་བཤད་སྤྲོས་བཅས་དང་། །སྤྲོས་མེད་ཐུན་མོང་ཐུན་མིན་ཏེ། །བུ་བརྒྱུད་པའི་བཀའ་བབས་གནུབས་ཟུར་གྱི། །མན་ངག་ཇི་བཞིན་ཐུན་སྦྱངས་ཏེ། །རྒྱུད་ལུང་མན་ངག་ཐུན་མིན་གྱི། །ཟབ་དོན་ཐུས་ཀ་མཁྱེན་པར་མཛོད། །བུ་ཁྱད་པར་ཀུན་གཟིགས་ཀློང་ཆེན་པའི། །མན་ངག་མུན་སེལ་སྐོར་གསུམ་འདི། །རྒྱུད་དོན་གསལ་བའི་སྒྲོན་མེ་དང་། །ཟབ་དོན་སྒོ་འབྱེད་ལྡེ་མིག་ཡིན། །བུ་དེ་ཕྱིར་ཡོ་གའི་ཏནྟྲ་ཆེ། །རྒྱུད་དོན་སྙིང་ཕྱུང་ལག་མཐིལ་དུ། །གསལ་སྟོན་འདི་འདྲའི་ལེགས་བཤད་ནི། །འཕགས་བོད་གཉིས་ན་དཀོན་པ་ལགས། །བུ་བརྒྱུད་པའི་བྱིན་རླབས་མ་ཉམས་ཤིང་། །ཌཱཀྐིའི་ཞལ་ལུང་མ་ཡལ་བའི། །ཆོས་ཀྱི་ཉིང་ཁུ་འདི་འདྲ་ལ། །བསླབ་པས་དོན་བརྒྱུད་མངོན་སུམ་འཐོབ། །བུ་བསྟན་པ་ཡོངས་རྫོགས་ཆོས་ཀྱི་ཚུལ། །མ་ནོར་ཉམས་སུ་ལེན་པའི་ཐབས། །རྣམ་གསུམ་ཤིང་རྟ་དགོངས་འགྲེལ་བཅས། །མེད་ཐབས་མེད་པའི་གདམས་པ་སྟེ། །བུ་དེ་ཕྱིར་ཆོས་དང་སེམས་འདྲེས་པའི། །ཉམས་ལེན་སྙིང་པོར་བྱེད་པ་ལ། །ཚང་ལ་མ་ནོར་འདི་འདྲའི་གཞུང་། །རྒྱ་བོད་གཉིས་ན་ཡོད་རེ་སྐན། །བུ་ཚེ་རབས་མང་པོའི་སྔོན་རོལ་ནས། །ཆོས་ལ་སྦྱངས་པའི་འབྲས་བུ་ནི། །གདམས་ཟབ་འདི་དང་འཕྲད་པ་སྟེ། །གཞན་དུ་ཐོས་པ་ཤིན་ཏུ་དཀའ། །བུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འདི། །གདོད་མའི་མགོན་པོ་གསང་ཆེན་གྱི། །བསྟན་པའི་བདག་པོར་ལུང་བསྟན་པས། །བརྒྱུད་པའི་བཀའ་བབས་ཡོངས་སུ་རྫོགས། །བུ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་དང་། །ལྔ་བརྒྱའི་གཙུག་རྒྱན་བཱི་མ་ལ། །ཌཱཀྐི་ལས་ཀྱི་དབང་མོ་སོགས། །ཞལ་མཐོང་ལུང་བསྟན་གཏད་རྒྱ་རྫོགས། །བུ་དེ་ཕྱིར་གསང་ཆེན་བླ་མེད་ཀྱི། །བསྟན་པའི་མངའ་བདག་ཀུན་བཟང་གི ། རྒྱལ་ཚབ་འགྲན་ཟླ་ཀུན་བྲལ་བ། །ཀུན་མཁྱེན་ཆོས་རྗེ་མཁྱེན་པར་མཛོད། །བུ་ཐུན་མིན་གསང་ཆེན་ཐེག་རྩེ་ཡི། །མན་ངག་གསེར་གྱི་ཡང་ཞུན་ནི། །ཡང་ཏིག་ཡིད་བཞིན་ནོར་བུ་སྟེ། །ཟབ་པ་སྟོང་གི་ཉིང་ཁུ་ལགས། །བུ་དེ་ཕྱིར་སྒྲུབ་པའི་དམ་བཅའ་ཡི། །སྔོན་དུ་བླ་མ་མཉེས་བྱས་ཏེ། །སྙན་བརྒྱུད་གསང་བའི་མན་ངག་འདི། །གསན་བསམ་ཞུན་ཐར་ཆོད་པར་མཛོད། །བུ་བློ་བྲལ་གཉུག་མའི་ཡེ་ཤེས་འདི། །ཟང་ཐལ་ནམ་མཁའ་དག་པ་འདྲ། །ཆེད་འཛིན་ཞེན་པས་མ་འཆིང་བར། །ཟང་ཐལ་རང་གི་གཤིས་སུ་ཞོག །བུ་འཛིན་ཞེན་ཀུན་རྟོག་ཅི་སྐྱེས་ཀྱང་། །བར་སྣང་དག་པའི་སེར་བུ་འདྲ། །འགྱུ་བ་དངོས་མེད་གཏད་ཡལ་ལ། །རྗེས་གཅོད་མ་བྱེད་རང་སར་ཞོག །བུ་བདེ་གསལ་ཉམས་ཀྱི་སྣང་བ་འདི། །སོ་ཀའི་མཁའ་ཡི་ན་བུན་འདྲ། །བྱུང་ཞིང་ཞེན་ན་འཆིང་བའི་རྒྱུ། །ཡིད་གཏོད་མེད་པར་མཁྱེན་པར་མཛོད། །བུ་ཉམས་ལ་མ་ཞེན་རྩད་བདར་ཆོད། །ཉམས་སྣང་གཏད་མེད་ལམ་ཁྱེར་ན། །གང་བྱུང་རྟོགས་པའི་སྣ་འདྲེན་ཡིན། །སྤང་བླང་མེད་པར་མཁྱེན་པར་མཛོད། །བུ་མོས་གུས་ལམ་གྱི་སྲོག་ཡིན་པས། །སངས་རྒྱས་ཀུན་དང་དབྱེར་མེད་པའི། །དྲིན་ཅན་བཀའ་དྲིན་གསུམ་ལྡན་ལ། །ཡིད་ཆེས་མོས་གུས་བསྐྱེད་ཅིག་ཨང་། །བུ་ཞེན་ལོག་ལམ་གྱི་སྔོན་འགྲོ་ཡིན། །གང་ཡང་སྒྱུ་མར་ཤེས་པ་ཡི། །ཞེན་མེད་ལམ་དུ་ཁྱེར་ནས་ཀྱང་། །རྐྱེན་སྣང་གྲོགས་སུ་མཁྱེན་པར་མཛོད། །བུ་གཏད་མེད་ལམ་གྱི་དངོས་གཞི་ཡིན། །འཛིན་ཞེན་བྲལ་བའི་ལུང་པ་རུ། །རྟོག་བྲལ་རིག་པ་གཅེར་ཡན་ཐོང་། །རྩིས་གདབ་ཞེན་པ་ཁྲོལ་ཅིག་ཨང་། །བུ་གང་བྱུང་རིག་པའི་གྲོགས་སུ་ཤར། །ཅིར་སྣང་རང་གི་རྒྱན་དུ་ཆེ། །བར་ཆད་རྟོགས་པའི་ཕ་ཕོགས་ཏུ། །ཤེས་ནས་ལམ་དུ་ཁྱེར་བར་མཛོད། །བུ་གློ་བུར་འཆི་བའི་དུས་བྱུང་ན། །རིག་པ་བླ་མའི་ཐུགས་ཀར་གཏོད། །རིག་རྩལ་གང་ཤར་གཅེར་ཡན་ཐོང་། །འཆི་སྲིད་ཆོས་སྐུར་མངོན་འཚང་རྒྱ། །བུ་དེ་ཙམ་གདེང་དུ་མ་གྱུར་ན། །འོད་གསལ་རང་སྣང་ངོ་ཤེས་ནས། །གཏད་མེད་རིག་པའི་རང་ངོ་སྐྱོངས། །བར་དོར་འོད་གསལ་ལོངས་སྐུར་གྲོལ། །བུ་དེ་རུ་བཙན་ས་མ་ཟིན་ན། །ཆོས་ཉིད་བདེན་པའི་བྱིན་རླབས་དང་། །ལྷ་དང་བླ་མའི་ཐུགས་རྗེ་ཡིས། །ལྔ་ལྡན་པདྨོ་བཀོད་པ་རུ། །ཕ་བུ་འཕྲད་པའི་དགའ་སྟོན་སྐྱོངས། །བུ་འཕྲད་པས་ཆོག་པའི་མན་ངག་དང་། །འཕྲད་པ་སྐལ་བ་ཡང་རབ་ཡིན། །གདམས་ངག་ཟགས་སུ་མ་འཇུག་པར། །བརྩོན་འགྲུས་སྲོག་དང་བསྡོས་ཤིག་ཨང་། །བུ་སྙིང་གཏམ་དྲང་པོར་འཆད་པ་འདི། །ཕ་གཅིག་བླ་མའི་ཞལ་ལུང་ཡིན། །བུ་གཅིག་སེམས་ཀྱི་གཏད་སོ་ཡི། །སྙིང་འདྲ་ཁྱོད་རང་མ་གཏོགས་པ། །གཞན་ལ་ཟུར་ཙམ་བཤད་མ་མྱོང་། །སྙིང་གི་དང་མར་བཟུང་ནས་ཀྱང་། །སྙིང་གཏམ་ཡལ་བར་མ་དོར་ཞིག །ཟབ་གནད་ཡས་སུ་མ་བོར་མཛོད། །དེ་སྐད་དྲང་པོར་གདམས་པ་འདི། །བུ་གཅིག་ཚེ་རིང་ཆོས་འབྱོར་ལ། །རྒན་པོ་ནཱ་ཐའི་མིང་ཅན་གྱིས། །གྲོས་འདེབས་གདམ་པར་སྤེལ་བ་ལགས། །འདི་ལས་ཐོབ་པའི་དགེ་ཚོགས་ཀྱིས། །བདག་དང་འབྲེལ་བཅས་ཡིད་ཅན་ཀུན། །སྐྱེ་ཀུན་བླ་མས་རྗེས་བཟུང་སྟེ། ནམ་ཞིག་ཐུགས་ཀློང་རོ་གཅིག་ཤོག །

གནས་ལུགས་དོན་གྱི་ངོ་སྤྲོད་ཟུང་འཇུག་ལམ་གྱི་གཞུང་ཤིང་།

སྐྱབས་རྒྱལ་བ་ཀུན་དངོས་ཨོ་རྒྱན་རྗེ། །བདག་ཐ་མལ་སྣང་ངོར་མི་ཡི་གཟུགས། །མཚན་བརྗོད་པར་དཀའ་བའི་གཞན་ཕན་པ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་གྱིས། །ཐུགས་ཟག་མེད་ཀློང་ནས་བུ་ལ་གཟིགས། །འབྲེལ་ཚད་དོན་ལྡན་གྱི་བྱིན་བརྒྱུད་སྩོལ། །རྟོགས་གྲོལ་དུས་མཉམ་དུ་བྱིན་གྱིས་རློབས། །སྔོན་ཚེ་རབས་མང་པོའི་དུས་ཉིད་ནས། །བརྩེ་གདུང་གིས་འབྲེལ་བའི་དད་དམ་ཅན། །ཆོས་མཐུན་གྱི་ལྷ་གྲོགས་གཞོན་ནུ་ལགས། །ངེད་རྒན་པོས་བསླབ་བྱ་ཚིག་གསུམ་ཞུ། །བུ་དང་པོ་ཆོས་སྒོར་ཞུགས་པའི་ཚེ། །འུར་སྒྲོག་དང་ཆོས་བརྒྱད་མ་ཡིན་པའི། །ངེས་འབྱུང་གི་བློ་སྣ་ཤུགས་དྲག་དང་། །གཞན་ཕན་གྱི་སེམས་བསྐྱེད་ཟུང་འབྲེལ་དགོས། །བུ་ཡོན་ཏན་ཀུན་གྱི་གཞི་རྟེན་ནི། །སོ་ཐར་གྱི་འདུལ་ཁྲིམས་གཙང་མ་ལ། །རང་འདོད་དང་བྲལ་བའི་སེམས་བསྐྱེད་དང་། །ཚོགས་གཉིས་ཟུང་འབྲེལ་དུ་སློབ་པར་མཛོད། །བུ་ཐོས་པ་རིན་ཆེན་སྒྲོན་མེ་འདི། །ཐར་ལམ་བལྟ་བའི་མིག་དང་ནི། །གནས་ལུགས་རྟོགས་པའི་སྔོན་འགྲོ་ཡིན། །ཅིས་ཀྱང་མེད་ཐབས་མེད་དོ་ཨང་། །བུ་སྡེ་དགོན་དང་འདུ་འཛིའི་གྲོང་ཡུལ་ན། །ཆགས་སྡང་དང་ཡུལ་རྐྱེན་གྲངས་མང་བས། །ལྟ་སྒོམ་ལ་བརྟན་པ་མ་ཐོབ་བར། །གཅིག་པུ་རུ་དབེན་པར་སྡོད་ཅིག་ཨང་། །བུ་ཆོས་ལ་ཕྱོགས་རིས་མེད་མོད་ཀྱང་། །གཏན་གྱི་བློ་གཏད་ཚད་མ་དགོས། །འཕགས་ཡུལ་མཁས་པའི་ལེགས་བཤད་ནི། །ཡིད་ཆེས་གནས་སུ་ཟུང་ཞིག་ཨང་། །བུ་ཁྱད་པར་དབུ་མའི་བསྟན་བཅོས་རྣམས། །དངོས་ཞེན་འཇིག་པར་མཐུ་ཆེ་བས། །དཔལ་ལྡན་ཟླ་བའི་བཞེད་པ་ལྟར། །ཐོས་བསམ་ངེས་ཤེས་བསྐྱེད་ཅིག་ཨང་། །བུ་གསང་བ་སྒྱུ་འཕྲུལ་དྲྭ་བའི་རྒྱུད། །རྡོ་རྗེ་འཆང་གི་ཞལ་ལུང་སྟེ། །སྡེ་སྣོད་རྒྱུད་སྡེའི་སྤྱི་འགྲེལ་དང་། །ཁྱད་པར་སྡེ་གསུམ་སྤྱི་དོན་ཡིན། །བུ་ཐེག་ཆེན་གསང་སྔགས་ལམ་ཀུན་དང་། །ཁྱད་པར་ནང་རྒྱུད་སྡེ་གསུམ་གྱི། །ལྟ་གྲུབ་གོ་དོན་སློང་བ་ལ། །མེད་ཐབས་མེད་དོ་སྙིང་ལ་ཆོངས། །བུ་ཟབ་དོན་གསལ་བར་སྟོན་པ་ལ། །དགོངས་འགྲེལ་རྣམ་བཤད་མང་མོད་ཀྱང་། །རྒྱུད་དོན་མན་ངག་བཅུད་དྲིལ་ལ། །མུན་སེལ་སྐོར་གསུམ་ཁྱད་པར་འཕགས། །བུ་རིམ་གཉིས་ལམ་གྱི་མན་ངག་ལ། །བཀའ་གཏེར་ཆོས་སྒོ་གྲངས་མང་ཡང་། །ཀུན་གྱི་ཡང་སྙིང་ཟབ་པའི་བཅུད། །ཀློང་ཆེན་སྙིང་གི་ཐིག་ལེ་ཡིན། །བུ་རྟེན་འབྲེལ་སྣང་བ་མ་ལོག་པའི། །ཉེ་བརྒྱུད་དབང་བཞིའི་ཆུ་བོ་རྫོགས། །དམ་སེལ་གཡའ་དྲིས་མ་གོས་པའི། །བྱིན་རླབས་ཚན་ཁ་གཞན་ལས་འཕགས། །བུ་དེ་ཕྱིར་གཏན་གྱི་བློ་གཏད་ལ། །དགོངས་གཏེར་སྙིང་ཐིག་ལས་འོངས་པའི། །ཐུན་མོང་ཐུན་མིན་ཁྲིད་རིམ་བཞིན། །ཉམས་ལེན་སྲོག་དང་སྡོས་ཤིག་ཨང་། །བུ་བློ་འདས་རིག་པའི་ཐིག་ལེ་ལ། །དངོས་མཚན་གྲུབ་པ་རྡུལ་ཙམ་མེད། །དེ་ཕྱིར་འདི་ཡིན་ངོས་བཟུང་གི ། གཏད་སོའི་ཞེན་ཡུལ་མ་འཚོལ་ཨང་། །བུ་ཐ་མལ་ཤེས་པ་ཟང་ཐལ་ལ། །རྟག་ཏུ་འཕོ་འགྱུར་མི་མངའ་ཡང་། །དང་པོའི་ལས་ཅན་འདུ་བྱེད་ཀྱི། །དྲན་པ་རྒྱུན་ཆགས་བརྟེན་ཞིག་ཨང་། །བུ་དྲན་སྣང་ཆོས་སྐུར་ཤར་བའི་ཚེ། །ཆེད་དུ་བསྒོམ་བྱ་རྡུལ་ཙམ་མེད། །དྲན་འཛིན་གཉེན་པོའི་རྩི་དང་ཕྲོལ། །རྒྱ་ཡན་ཕྱལ་བར་སྐྱོངས་ཤིག་ཨང་། །བུ་ཆེད་དུ་བཅས་བཅོས་མ་བྱེད་པར། །གཤིས་ཀྱི་གནས་ལུགས་ཐད་ཀར་སྐྱོངས། །འདི་ཞེས་ཐད་འཛིན་ཟད་པ་འདི། །རིག་པ་རང་གི་བཞུགས་ཚུལ་ཡིན། །བུ་འགྱུ་འཕྲོའི་ཀུན་རྟོག་ཅི་སྐྱེས་ཀྱང་། །རང་ངོ་ཡེ་སྟོང་ཟང་ཐལ་ལ། །སེམས་ལས་འདས་པའི་ཡེ་ཤེས་ཀྱི། །རང་ངོ་རྗེན་པར་འཆར་བ་ཡིན། །བུ་གནས་འགྱུ་རེ་དོགས་མ་མང་བར། །ཤར་གནས་གང་དང་གང་ལ་ཡང་། །ཡིན་ལུགས་ཤེས་པའི་གདེང་ལྡན་པས། །རྩིས་མེད་གང་དགར་སྐྱོངས་ཤིག་ཨང་། །བུ་ཞེན་པ་ཟད་ན་རྟོགས་པ་ཡིན། །ཆེད་འཛིན་ཟད་ན་གནས་ལུགས་ཡིན། །ཐམས་ཅད་ཆོས་ཉིད་ཆེན་པོ་རུ། །དབྱེ་བསལ་མེད་ན་དེ་གས་ཆོག །བུ་མོས་གུས་བླ་མའི་རྣལ་འབྱོར་འདི། །བྱིན་རླབས་ཀུན་གྱི་འབྱུང་གནས་ཏེ། །ཟབ་མོའི་ལམ་གྱི་སྙིང་པོ་ཡིན། །དུས་རྣམས་ཀུན་ཏུ་མེད་ཐབས་མེད། །བུ་བླ་མར་མོས་གུས་བཅོས་མིན་དང་། །མི་རྟག་སྙིང་རྗེར་བློ་སྦྱོང་དང་། །བྱང་ཆུབ་སེམས་གཉིས་སྒོམ་པ་འདི། །ལམ་གྱི་གྲོགས་སུ་ངེས་པར་དགོས། །བུ་དེང་སང་སྙིགས་མ་ལྔ་བདོ་བས། །ཆོས་མཐུན་གྲོགས་བཟང་ཤིན་ཏུ་དཀོན། །སུ་དང་འབྲེལ་འདྲིས་ཀུན་སྤངས་ཏེ། །རང་མགོ་ཆོས་ཀྱིས་འདོན་པར་མཛོད། །བུ་རྙེད་བཀུར་མཛའ་བཤེས་ཆོས་བརྒྱད་སོགས། །གང་ཡང་བདུད་ཀྱི་བསླུ་བྲིད་ཡིན། །ཀུན་ལ་ཞེན་པ་གཏན་སྤངས་ཏེ། །གཏད་པ་བཞི་ལ་ཐུགས་གཏོད་འཚལ། །བུ་ཚེ་འདི་བློ་ཡིས་ཐོང་བ་གཅེས། །བྱ་སྤྱོད་ཆོས་དང་མཐུན་པ་གཅེས། །ཡེངས་མེད་གནས་ལུགས་སྒོམ་པ་གཅེས། །ཚེ་གང་དབེན་པར་གནས་པར་མཛོད། །བུ་ཐ་མལ་རིག་པ་རྗེན་པ་ལ། །ཆིག་ཆོད་ལམ་དུ་ཁྱེར་ཤེས་ན། །ལྟ་བསྒོམ་སྤྱོད་དང་དམ་ཚིག་སོགས། །ཐམས་ཅད་དུ་མ་རོ་གཅིག་ཡིན། །བུ་འོན་ཀྱང་དང་པོའི་ལས་ཅན་ལ། །རང་གི་ཉམས་ལ་གང་ཕན་གྱིས། །བསགས་སྦྱང་ཐུན་མོང་ལུང་བཞིན་འབད། །ལས་འབྲས་ཁྱད་དུ་མ་གསོད་ཨང་། །བུ་བྱང་ཆུབ་སེམས་དཔའི་བློ་སྦྱོང་དང་། །ཐུན་མོང་སྔགས་ཀྱི་རྣལ་འབྱོར་སོགས། །ལམ་གྱི་ཆ་ལག་གང་ལ་ཡང་། །ཉམས་ལེན་རྩི་དང་མ་བྲལ་མཛོད། །བུ་སྣང་སྟོང་རིས་སུ་མ་ཆད་པའི། །ཟུང་འཇུག་ལམ་དུ་བྱེད་པ་འདི། །གནད་ཀྱི་སྙིང་པོར་བཟུང་བྱས་ན། །གང་ཡང་གྲོགས་སུ་འཆར་བར་ངེས། །བུ་བདག་བློ་ཤིན་ཏུ་རྨོངས་ཆེས་པས། །ཆོས་མཐུན་སྨྲ་བ་བཟང་པོ་ཞིག །ཁྱོད་ལ་གསོལ་བར་མ་ནུས་ཀྱང་། །ཁྱོད་གསུང་བཟློག་པར་དཀའ་དེས་ན། །བླ་མ་ལས་ཐོས་ཆོས་ཀྱི་དོན། །ཅུང་ཟད་ཡིད་ལ་གང་ངེས་རྣམས། །གཡོ་ཟོལ་མེད་པའི་ལྷག་བསམ་གྱིས། །ཁྱོད་ལ་དྲང་པོར་གསོལ་བ་ལགས། །དེ་སྐད་ཆོས་དང་མཐུན་པའི་གཏམ། །ཆོས་མཐུན་མཆེད་ཀྱི་བཀས་བསྐུལ་ནས། །ཆོས་ལྟར་བཅོས་པའི་བྷུ་སུ་ཀུ། །ཡོན་ཏན་མགོན་པོས་ལེགས་པར་སྦྱར། །དགེ་བས་བདག་དང་འགྲོ་བ་ཀུན། །སྲིད་དང་ཞི་ལ་མི་གནས་པའི། །ཡེ་ཤེས་ཕ་རོལ་ཕྱིན་བརྙེས་ཏེ། །དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །

སེམས་རིག་ཤན་འབྱེད་ནོར་བུ་ཆུ་དྭངས།

གཉུག་མ་སེམས་ཀྱི་རྡོ་རྗེ་དང་། །འདུ་འབྲལ་མེད་པའི་བླ་མ་ལ། །གུས་པས་བཏུད་དེ་འདི་སྐད་དུ། །ཟབ་མོའི་དོན་འདི་རྣམ་པར་བཤད། །ཀྱེ་ལགས་སེམས་དང་ཡེ་ཤེས་ཞེས། །ཐ་དད་གཉིས་སུ་མ་གྲུབ་པས། །སེམས་ཀྱི་ཆོས་ཉིད་ཡེ་ཤེས་ཏེ། །དེ་ཡི་རྩལ་ལས་སེམས་སུ་ཤར། །ཤར་དུས་ཉིད་ནས་རང་ངོའི་དབྱིངས། །ཟང་ཐལ་མཚོན་བརྗོད་འདས་པ་ནི། །ཐུགས་རྗེའི་རང་རྩལ་ཟང་མ་སྟེ། །གནད་འདི་ཤེས་པའི་རྣལ་འབྱོར་ལ། །འཁྲུལ་རྟོག་ཅེས་བྱའི་མིང་ཡང་མེད། །ཐམས་ཅད་ཡེ་ཤེས་ཆེན་པོར་གྲོལ། །གསེར་གླིང་ཕྱིན་པའི་ས་རྡོ་བཞིན། །འོན་ཀྱང་དང་པོའི་ལས་ཅན་གྱིས། །ཟབ་དོན་རྗེན་པར་མི་རྟོགས་པས། །འཛིན་ཞེན་ཕྲ་རགས་དམིགས་གཏད་ཅན། །འཕྲོ་གནས་གང་ཡང་སེམས་ཡིན་ཏེ། །ཟང་ཐལ་ངོས་བཟུང་བྲལ་བ་འདི། །སེམས་ལས་འདས་པའི་རིག་པའོ། །འདི་ཞེས་ངོས་བཟུང་རིས་ཅན་གྱི། །གཏད་སའི་ཡུལ་ཞིག་ཡོད་ཕྱིན་ཆད། །བློས་བྱས་སེམས་ཀྱི་བསྒོམ་པ་སྟེ། །ཞེན་ན་འཁོར་བའི་གཏིང་རྡོ་བྱེད། །ངོས་བཟུང་བྲལ་བའི་ཟང་ཐལ་ལ། །གཏད་སོའི་ཡུལ་དང་ངེས་ཤེས་ཀྱི། །སྙེམས་བྲལ་རང་ངོ་ཤེས་པ་ནི། །བློ་བྲལ་ཆོས་སྐུའི་ཡེ་ཤེས་ཡིན། །འོན་ཀྱང་དང་པོའི་ལས་ཅན་གྱིས། །གོ་བ་ཙམ་ལས་མྱོང་བ་དང་། །རྟོགས་པ་ཤིན་ཏུ་དཀའ་བས་ན། །མོས་གུས་སྙིང་རུས་གནད་དུ་ཟབ། །ལར་ནི་སེམས་རིག་ཤན་འབྱེད་ལ། །གནས་དང་འཆར་བྱེད་སྒོ་སོགས་ཀྱི། །ཁྱད་པར་མང་དུ་གསུང་མོད་ཀྱང་། །འཛིན་ཞེན་དམིགས་གཏད་ཡོད་མེད་ཀྱིས། །འབྱེད་པ་ཉམས་མྱོང་རྒན་པོའི་གཏམ། །གོ་བདེའི་ཚུལ་དུ་ཕུལ་བ་དགེ །ཞེས་པ་རྣམ་སྲས་ཚེ་རིང་ལ་གསུངས་པ་དགེའོ། བཀྲ་ཤིས། །

བློ་གསལ་ཀུན་ཏུ་དགའ་བའི་གཏམ་སྨྲ་བའི་བཅུད་ལེན།

དཔལ་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། ཟླ་ཟེར་བདུད་རྩིས་བརླན་པའི་ཀུནྡའི་ཚལ། །དགོད་པའི་ཆུ་བསིལ་ལ་འགྲན་འཛུམ་ལྡན་ཞལ། །ལེགས་གསུང་འོད་ཟེར་འབུམ་གྱི་དྲ་བ་ཅན། །ངག་དབང་དབྱངས་ཅན་ལྷ་མོས་ཤིས་པ་སྩོལ། །ལང་ཚོའི་འཁྲི་ཤིང་གསར་བའི་འདབ་ཁྲོད་ནས། །སེམས་ཀྱི་བྱེའུ་ཆུང་གཡོ་བའི་ཟློས་གར་ཅན། །བློ་གསལ་ཀུན་དགའི་མཆིད་ལན་ཀོ་ཧུའི་དབྱངས། །རབ་དཀར་གངས་ཀྱི་རི་ལ་ཟླ་བའི་ཟེར། །འབབ་པ་ཇི་བཞིན་བདག་བློའི་དགའ་བའི་ཚལ། །མཚུངས་མེད་བླ་མའི་ཐུགས་རྗེའི་ཟླ་ཟེར་གྱིས། །མཆོག་ཏུ་མཛེས་བྱས་ལེགས་པར་སྨྲ་ལ་དབང་། །སེམས་ཀྱི་གྲངས་མཚུངས་ཡུལ་གྱི་དགའ་ཚལ་དུ། །རྣམ་པར་འཕྱན་པའི་འདོད་ལྔའི་བསླུ་བྲིད་ཀྱིས། །རྟག་པར་བསླུས་པའི་མི་རྟག་ཅོལ་ཆུང་འགྲོ། །ཡེངས་མ་ལམ་ལ་འཆི་བདག་སེར་བས་བཅོམ། །སྔོན་ཆད་ཐོག་མ་མེད་ནས་ད་བར་དུ། །སྲེད་དང་བདག་ལྟའི་འཆིང་བ་དམ་པོ་ཡིས། །མི་བཟད་སྲིད་པའི་བཙོན་ར་འདིར་བཅིངས་པ། །སུ་ཞིག་འདི་ལ་སྐྱོ་བའི་སེམས་མི་སྐྱེ། །དུག་སྦྲུལ་ཚང་དང་མེ་ཡི་འོབས་ལྟ་བུ། །སྐྱོན་མང་སྡུག་བསྔལ་སྣ་ཚོགས་རབ་འཁྲུགས་པའི། །སྲིད་པའི་ཀློང་འདི་སྙིང་པོ་མེད་མཐོང་ནས། །ཞི་བདེ་ཐར་པའི་ལམ་བཟང་སྟོན་པར་མཛད། །ཐོག་མེད་སྲིད་ལས་ངེས་པར་འབྱུང་བའི་སླད། །ཉེས་ཅན་བཙོན་ར་རི་དྭགས་རྒྱར་ཚུད་ལྟར། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བཅོས་མིན་རྒྱུད་ལ་སྐྱེ་ངེས་ནན་ཏན་མཛོད། །ངེས་པར་འབྱུང་བློ་གྱད་ཀྱི་མདའ་ལྟ་བུ། །ཕྱིར་མི་ལྡོག་པར་ཐར་པ་དམ་པའི་བར། །མྱུར་དུ་བགྲོད་ལ་རྐྱེན་གྱིས་མི་སྡོད་པ། །སྐལ་བཟང་དེ་འདྲ་སྲིད་པའི་གྲོང་ལས་བརྒལ། །ཆོས་དཀར་དད་པ་ཞིང་ས་བཟང་པོ་འདྲ། །དགེ་འདི་མི་ཟད་ཡོན་ཏན་གོང་དུ་འཕེལ། །གནས་སྐབས་མཐར་ཐུག་ཕན་བདེའི་འབྲས་མང་འཐོབ། །ཐར་འདོད་རྣམས་ཀྱི་འཇུག་སྒོར་མེད་ཐབས་མེད། །བྱང་ཆུབ་སེམས་བསྐྱེད་ཡིད་བཞིན་ནོར་བུ་འདྲ། །རང་གཞན་དོན་ཐོབ་སྲིད་ཞིའི་རྒུད་པ་སེལ། །རྣམ་པར་མི་རྟོག་ཚོགས་གཉིས་འབྱོར་བས་ཕྱུག །ཐེག་ཆེན་ལམ་གྱི་སྲོག་ཏུ་མཁྱེན་པར་མཛོད། །ཚུལ་ཁྲིམས་དྲི་མེད་པདྨ་དཀར་པོ་འདྲ། །ཀུན་གྱིས་རབ་བསྔགས་སྐྱོན་བྲལ་ཡོན་ཏན་རྫོགས། །ལྷར་བཅས་ཀུན་དགའི་ལེགས་ལམ་ཚོགས་མང་ལྡན། །ཡོན་ཏན་ཀུན་གྱི་གཞི་རྟེན་གཅིག་པུ་ལགས། །སྦྱིན་པ་མི་ཟད་རིན་ཆེན་གཏེར་ཆེན་འདྲ། །ཕོངས་པ་ཀུན་སེལ་བསོད་ནམས་འབྱོར་བས་ཕྱུག །འཕགས་པས་རྗེས་བཟུང་འབྲེལ་ཚད་དོན་དང་ལྡན། །མཐའ་ཡས་ཡོན་ཏན་ཚོགས་མང་ཉེ་བར་འཐོབ། །བཟོད་པ་མི་འཁྲུག་རྒྱ་མཚོ་ཆེན་པོ་འདྲ། །གནོད་པས་མི་བསྐྱོད་རི་བཞིན་མཆོག་ཏུ་དགེ །རྒྱ་ཆེ་རབ་ཟབ་སྐྱེ་བོ་སྡུད་བྱེད་ཅིང་། །སྐྱོ་ངལ་ཀུན་བཟོད་རང་བཞིན་བརྟན་པ་ལགས། །བརྩོན་འགྲུས་ཤུགས་དྲག་ཆུ་བོའི་རྒྱུན་ཆེན་འདྲ། །ཉིན་མཚན་མི་དལ་དགེ་བའི་རླབས་ཀྱང་འཕེལ། །མྱུར་དུ་རྣམ་མཁྱེན་རྒྱ་མཚོར་འཇུག་བྱེད་པས། །ཐར་འདོད་རྣམས་ཀྱིས་ངེས་པར་བསྟེན་པར་རིགས། །བསམ་གཏན་མི་གཡོ་རི་རྒྱལ་ལྷུན་པོ་འདྲ། །སྤྱན་དང་མངོན་ཤེས་ལྷ་གནས་འབྱོར་བས་ཕྱུག །གཟུངས་དང་ཏིང་འཛིན་ཉི་ཟླའི་སྣང་བས་མཛེས། །རྟོག་པའི་རླུང་གིས་མི་གཡོ་མཆོག་ཏུ་བརླིང་། །རྨད་བྱུང་ཤེས་རབ་ཉི་ཟླའི་དཀྱིལ་འཁོར་འདྲ། །རྨོངས་པའི་མུན་སེལ་ཐར་ལམ་སྣང་བ་སྟོན། །ཤེས་བྱའི་ཡུལ་ཁྱབ་ཆོས་དབྱིངས་དགོངས་པ་གསལ། །ཇི་ལྟ་ཇི་སྙེད་ཡེ་ཤེས་མཆོག་ལ་སྦྱོར། །ཐབས་མཁས་རང་བཞིན་སྨན་གྱི་རྒྱལ་པོ་འདྲ། །ཉོན་མོངས་ནད་སེལ་སྲིད་ཞིའི་འཇིགས་ལས་སྐྱོབ། །གདུལ་དཀའི་དོན་བྱེད་འབྲེལ་ཚད་ཕན་བདེར་འགོད། །རྒྱལ་སྲས་རྣམས་ཀྱི་ལམ་བཟང་ཁྱད་པར་འཕགས། །སྟོབས་ཆེན་ཕ་རོལ་ཟིལ་གནོན་རྒྱལ་པོ་འདྲ། །བདུད་ཀྱིས་མི་འཕྲོག་ཉོན་མོངས་ཚོགས་ཀུན་འཇོམས། །དཀའ་བས་མི་སྐྱོ་ལོག་སྒྲུབ་ཉོན་མོངས་བཟོད། །བློ་མཆོག་ཡོན་ཏན་གནས་ཀུན་འཐོབ་པའི་རྒྱུ། །ཡེ་ཤེས་རྒྱ་ཆེ་ལྷ་ཡི་ལམ་ཡངས་འདྲ། །གཟུངས་དང་ཏིང་འཛིན་ཡོན་ཏན་སྤྲིན་ཚོགས་སྡུད། །ཟབ་དང་རྒྱ་ཆེ་ཆོས་ཀྱི་ཆར་ཆེན་འབེབས། །མཐའ་ཡས་འགྲོ་སྒྲོལ་བྱང་ཆུབ་སྙིང་པོར་འགྲོ། །གཞན་ཡང་བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །འཕགས་པའི་སྐྱེ་བོ་ཀུན་གྱི་བགྲོད་གཅིག་ལམ། །ཐོག་མཐའ་བར་དུ་སྐྱོན་མེད་རྣམ་པར་དག །འདི་གཅིག་རྒྱལ་བ་དགྱེས་པའི་ལམ་བཟང་ཡིན། །དྲན་པ་ཉེར་བཞག་སྨན་པ་མཁས་པ་འདྲ། །སྲིད་པའི་སྐྱོན་མཐོང་དེ་ཡི་རྒྱུ་འབྲས་ཤེས། །ཞི་བའི་ལམ་ལྡན་གཉེན་པོ་བསྐྱེད་ལ་མཁས། །བླང་དོར་ཡོན་ཏན་མ་ནོར་གོང་འཕེལ་མཛོད། །ཡང་དག་སྤོང་བ་ཞིང་ས་བཟང་པོ་འདྲ། །མི་མཐུན་ཕྱོགས་སྤང་དགེ་ཆོས་རྣམ་པར་འཕེལ། །སྐྱོན་གྱིས་མི་འཕྲོག་ཡོན་ཏན་འབྲས་མང་འཐོབ། །མངོན་མཐོ་ངེས་ལེགས་ཀུན་གྱི་གྲོགས་སུ་སློབ། །རྫུ་འཕྲུལ་རྐང་པ་སྟོབས་ཆེན་རྒྱལ་པོ་འདྲ། །སྤྱན་དང་མངོན་ཤེས་ཡོན་ཏན་རང་དབང་འབྱོར། །རང་གཞན་དོན་འགྲུབ་གཞན་གྱི་དྲིང་མི་འཇོག །རྒྱལ་སྲས་ལམ་མཆོག་མཐར་ཕྱིན་སླད་དུ་འབད། །དད་སོགས་ཡོན་ཏན་ཡར་ངོའི་ཟླ་བ་འདྲ། །ལེགས་པའི་ཚོགས་འཕེལ་ཐར་ལམ་སྣང་བ་སྟོན། །ས་དང་ལམ་གྱི་དགེ་ཆོས་རང་རྒྱུད་སྡུད། །རྣམ་དཀར་ཀུན་གྱི་འབྱུང་གནས་གུས་པའི་བློ། །མི་མཐུན་ཕྱོགས་འཇོམས་སྟོབས་ཆེན་ཉི་མ་འདྲ། །རྨོངས་སོགས་མུན་སེལ་རྣམ་བྱང་ཡོན་ཏན་གནས། །ཚད་མེད་འཕགས་པའི་ལམ་བཟང་འཐོབ་བྱེད་པ། །གོང་ནས་གོང་འཕེལ་མཐར་ཕྱིན་སླད་དུ་འབད། །བྱང་ཆུབ་ཡན་ལག་པདྨའི་རྫིང་བུ་འདྲ། །ཉེས་པའི་སྐྱོན་བྲལ་ཡོན་ཏན་གེ་སར་མང་། །མཁྱེན་གཉིས་བུང་བ་ཟབ་ཡངས་བློ་གྲོས་འདབ། །བསྐྱོད་པའི་གར་ལྡན་འགྲོ་ཀུན་དགའ་བའི་གཞི། །འཕགས་ལམ་ཡན་ལག་རིན་ཆེན་རྒྱ་མཚོ་འདྲ། །བསྒོམ་ལམ་ཡོན་ཏན་མཐའ་ཡས་ཚོགས་མང་ལྡན། །སྤྱན་དང་མངོན་ཤེས་ཡོན་ཏན་རླབས་ཕྲེང་གཡོ། །མཐའ་ཡས་འགྲོ་སྒྲོལ་ཕན་བདེ་ཀུན་གྱི་གཏེར། །དེ་ལྟར་རང་བཞིན་ཆེས་དཀར་དགེ་བའི་ལམ། །རྒྱལ་དང་རྒྱལ་སྲས་ཀུན་གྱིས་རབ་བསྔགས་ཤིང་། །རྣམ་གྲོལ་ཞི་བའི་གྲོང་བགྲོད་གཏན་བདེའི་རྒྱུ། །ཐེག་ཆེན་ཁྱད་པར་ལམ་མཆོག་འདི་འབད་མཛོད། །གཞི་ཡི་རང་བཞིན་མཁའ་དང་རྒྱ་མཚོ་འདྲ། །ངང་གིས་མི་གཡོ་རབ་ཟབ་ཀུན་འབྱུང་དབྱིངས། །རྐྱེན་གྱིས་སྣ་ཚོགས་ཅིར་ཡང་སྣང་བའི་མཛོད། །ཡེ་ཤེས་གསུམ་ལྡན་སྤྲོས་ཀུན་བྲལ་བ་ལགས། །ལམ་གྱི་རང་བཞིན་ཆོས་ཀྱི་ཟླ་བ་འདྲ། །འོད་གསལ་གོང་འཕེལ་རང་བཞིན་སྐྱེ་འགྲིབ་བྲལ། །ཡོན་ཏན་མཐའ་ཡས་རྒྱུ་སྐར་ཚོགས་མང་ལྡན། །སྣང་སྟོང་ཐབས་ཤེས་ཟུང་དུ་འཇུག་པ་ལགས། །འབྲས་བུ་མཐར་ཕྱིན་སྤྲིན་བྲལ་ཉི་མ་འདྲ། །རང་བཞིན་ཉི་གསལ་རྟག་ཏུ་འཕོ་འགྱུར་མེད། །སྐུ་དང་ཡེ་ཤེས་ལྷུན་གྲུབ་ཡོན་ཏན་རྫོགས། །ཡེ་ནས་རང་ལ་འདུ་འབྲལ་མེད་པ་ལགས། །ལྟ་བའི་རང་བཞིན་བར་སྣང་དག་པ་འདྲ། །ངེས་བཟུང་ཀུན་བྲལ་རང་བཞིན་སྤྲོས་དང་བྲལ། །རྟག་ཏུ་འོད་གསལ་བར་མེད་བློ་ལས་འདས། །རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ་བ་ལགས། །སྒོམ་པའི་རང་བཞིན་མི་གཡོ་རྒྱ་མཚོ་འདྲ། །རྟོག་པས་མི་རྟོགས་རང་བཞིན་གསལ་དྭངས་ཕྱེད། །སྤྱན་དང་མངོན་ཤེས་མཐའ་ཡས་མ་འདྲེས་བཀྲ། །རྟག་ཏུ་བར་མེད་རེས་འཇོག་བྲལ་བ་ལགས། །སྤྱོད་པའི་རང་བཞིན་ཀུན་ཤེས་སྐྱེས་བུ་འདྲ། །བཟང་ངན་བླང་དོར་གུས་སྒབ་རྐྱེན་དང་འཚམས། །འབྲེལ་ཚད་དོན་ལྡན་འདི་ཕྱིའི་བདེ་བས་ཕྱུག །རྒྱལ་དང་རྒྱལ་སྲས་ཀུན་གྱིས་བསྔགས་པ་ལགས། །དེ་ལྟར་གཅིག་ཏུ་དགེ་བའི་ལམ་བཟང་པོ། །ཇི་བཞིན་བསྒྲུབ་པས་རང་གཞན་དོན་ཀུན་ཀྱང་། །འབད་པ་མེད་པར་ངང་གིས་འགྲུབ་འགྱུར་བས། །སྐལ་བཟང་རྣམས་ཀྱིས་འབད་པས་བསྟེན་པར་མཛོད། །དེང་སང་སྐྱེ་བོ་ཕལ་ཆེར་སྡིག་ལ་དགའ། །ལེགས་ལམ་དམ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས། །ཆོས་དང་ཆོས་མིན་བླང་དོར་དྲང་པོའི་ལམ། །བསྟན་ཡང་ཉན་མཁན་ཉིན་མོའི་སྐར་མ་འདྲ། །དེ་ཕྱིར་གཅིག་པུར་ཞི་བའི་ནགས་ཁྲོད་དུ། །འདོད་ཆུང་ཆོག་ཤེས་བརྩོན་པའི་གོ་བགོས་ནས། །ཚེ་གང་དོན་ཡོད་ཆོས་ཀྱིས་འདའ་བྱས་ཏེ། །འགྲོ་ཕན་སྨོན་ལམ་བཟང་པོར་ནན་ཏན་མཛོད། །དང་པོར་དགེ་བ་ཚེ་འདི་བློ་ཡིས་ཐོང་། །བར་དུ་དགེ་བ་ཕྱོགས་མེད་ཐོས་བསམ་བསྟེན། །ཐ་མར་དགེ་བ་ཡེངས་མེད་ཏིང་འཛིན་བསྒོམ། །དེ་ལྟར་མཛད་ན་རང་གཞན་དོན་གཉིས་འགྲུབ། །མདོར་ན་མང་དུ་གསལ་གདབ་མི་འཚལ་ཏེ། །རང་བློ་ཡང་དག་ཆོས་ཀྱིས་བཏུལ་ནས་སླར། །གཞན་ཕན་བསམ་པ་བཟང་པོའི་དབང་བྱས་ནས། །རྒྱལ་སྲས་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་མཛོད། །དེ་སྐད་ཆོས་དང་མཐུན་པའི་ལེགས་བཤད་གཏམ། །སྨྲ་བའི་སྤོབས་པ་བདག་ལ་ཡོད་མིན་ཡང་། །རིགས་དང་ཆོས་ཀྱིས་འབྲེལ་བའི་བློ་གསལ་དེས། །ནན་གྱིས་བསྐུལ་བའི་འདུན་པ་མི་བཟློག་ཙམ། །བཤེས་གཉེན་དམ་པའི་གསུང་གི་སྒྲོན་མེ་ལ། །བརྟེན་ནས་བླང་དོར་ཕྱོགས་ཙམ་མཐོང་བའི་དོན། །བསླབ་བྱའི་ཚུལ་དུ་ཡི་གེའི་རིས་སུ་བཀོད། །ཚུལ་འདིར་བདག་བློ་ཉེས་ན་བཟོད་པར་མཛོད། །འདིར་འབད་དགེ་བ་རབ་དཀར་ཀུནྡའི་གཉེན། །ཆོས་དབྱིངས་ནམ་མཁའི་རྒྱན་དུ་ཡོངས་གྲུབ་པས། །ཕན་བདེའི་འོད་དཀར་སྲིད་གསུམ་ཁོངས་ཁྱབ་སྟེ། །འགྲོ་ཀུན་ཀུན་མཁྱེན་ཡེ་ཤེས་རྒྱུར་གྱུར་ཅིག །སརྦ་དཱ་ཀཱ་ལྱ་ཎཾ་བྷ་ཝནྟུ། །

རྫོགས་ཆེན་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་བསྟན་པ་མཁའ་དབྱིངས་ཟང་ཐལ།

སངས་རྒྱས་ཀུན་དངོས་ཆོས་ཀྱི་རྗེ། །དྲིན་ཅན་གཞན་ཕན་སྣང་བར་འདུད། །གསོན་དང་སྐལ་ལྡན་ལས་འཕྲོ་ཅན། །ལྷ་ཆོས་ཚུལ་བཞིན་བསྒྲུབ་པ་ལ། །ཐོག་མར་ཞེན་ལོག་ངེས་འབྱུང་དགོས། །འཁོར་བ་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱི་རང་བཞིན་ཕྱིར། །མེ་ཡི་འོབས་ལྟར་ཤེས་ནས་སུ། །ཐར་པ་དོན་གཉེར་ངེས་འབྱུང་བློ། །བཅོས་མིན་རྒྱུད་ལ་སྐྱེས་སྐྱེས་སུ། །འཁོར་བའི་ཉེས་དམིགས་ཡང་ཡང་བསྒོམ། །དེ་རྗེས་ཐེག་ཆེན་ལམ་གྱི་གཞི། །འགྲོ་ཀུན་ཕ་མར་ཤེས་པའི་བློས། །བླ་མེད་བྱང་ཆུབ་གོ་འཕང་ལ། །བདག་གིས་དགོད་ཅེས་སེམས་བསྐྱེད་དེ། །སྨོན་དང་འཇུག་པའི་བྱང་ཆུབ་སེམས། །ཐེག་ཆེན་ལམ་གྱི་སྲོག་ཡིན་པས། །ཚུལ་འདི་འབད་པས་སྦྱངས་ནས་ཀྱང་། །བཅོས་མིན་རྒྱུད་ལ་སྐྱེ་ངེས་དགོས། །དེ་རྗེས་རྒྱལ་སྲས་སྤྱོད་པའི་ཚུལ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་བསྡུ་དངོས་བཞི། །ཐེག་ཆེན་གཞུང་བཞིན་ངེས་པར་སློབ། །རྒྱལ་བས་གསུང་པའི་དམ་ཆོས་ཀུན། །སེམས་ཀྱི་འདུལ་ཐབས་ཁོ་ནའི་ཕྱིར། །ཐོག་མར་སེམས་ཀྱི་གཞི་རྩ་བཅད། །བྱུང་གནས་འགྲོ་གསུམ་གཏན་ལ་ཕོབ། །སྐྱེ་འགགས་བྲལ་བའི་རང་བབས་གཤིས། །བརྗོད་པ་ངག་གིས་མི་མཚོན་ཞིང་། །དམིགས་གཏད་སེམས་ཀྱི་ཡུལ་མིན་པས། །ཟང་ཐལ་ནམ་མཁའ་དག་པ་བཞིན། །ཧད་དེ་ཕྱམ་མེ་སེང་ངེ་བའི། །རང་བཞིན་རྗེན་པར་གློད་ལ་ཞོག །ཐ་མལ་ཤེས་པ་རྗེན་པ་འདི། །རང་བབས་ཐད་ཀར་སྐྱོང་བའི་ཚེ། །ངོས་གཟུང་རྡུལ་ཙམ་མེད་མོད་ཀྱང་། །རྟོག་བྲལ་གསལ་ལ་མི་རྟོག་པའི། །རང་བཞིན་བར་སྣང་དག་པ་བཞིན། །སྟོང་སང་འཛིན་པ་བྲལ་བ་འདི། །བློ་ལས་འདས་པའི་ཡེ་ཤེས་ཡིན། །རྟོག་དང་མི་རྟོག་གང་ཡིན་ཡང་། །གསལ་རིག་བརྗོད་དུ་མི་ནུས་པའི། །རང་ངོ་འདི་ལས་གཡོ་མ་མྱོང་། །དེ་ག་རང་ངོ་ཤེས་ཙམ་ལས། །ཉམས་ལེན་གཞན་ཞིག་འཚོལ་དུ་མེད། །བསྐྱང་བྱ་སྐྱོང་བྱེད་གཉིས་མེད་པའི། །རང་ངོ་བརྗེད་འབྱམས་མ་སོང་དུས། །དེ་ལས་གཞན་པའི་སྐྱོང་རྒྱུ་ཞིག །མ་ཚོལ་དེ་གའི་གཤིས་སུ་ལྷོད། །གོམས་པ་ཀློང་དུ་གྱུར་ཙ་ན། །ཐམས་ཅད་རིག་སྟོང་རྗེན་པ་ལས། །ཡེངས་པ་བཙལ་ཀྱང་མི་རྙེད་པས། །ཐམས་ཅད་ཆོས་སྐུའི་ཡོ་ལང་དུ། །རོ་གཅིག་དབྱེ་བསལ་མེད་པར་འགྱུར། །ལར་འཛིན་པ་ཟད་ན་ལྟ་བ་ཡིན། །དམིགས་གཏད་མེད་ན་བསྒོམ་པ་ཡིན། །བླང་དོར་བྲལ་ན་སྤྱོད་པ་ཡིན། །རེ་དོགས་ཟད་ན་འབྲས་བུ་ཡིན། །བུ་བླ་མར་མོས་གུས་ཤུགས་དྲག་དང་། །མི་རྟག་སྙིང་རྗེ་བཅོས་མིན་ཞིག །རྒྱུད་ལ་སྐྱེས་ན་བློ་བྲལ་གྱི། །རྟོགས་པ་འཆར་བར་ཐེ་ཚོམ་མེད། །བུ་བློས་བྱས་བདེ་གསལ་མི་རྟོག་གི། །ཉམས་འདི་སེམས་ཀྱི་ཆོ་འཕྲུལ་ཡིན། །བློ་བྲལ་རྗེན་ལ་བུད་པ་ན། །ནམ་མཁའ་སྤྲིན་ཐག་ཆད་པ་བཞིན། །སྙེམས་དང་ངེས་ཤེས་རང་ཡལ་འགྲོ། །བུ་སྐྱེ་བ་མང་པོའི་སྔོན་རོལ་ནས། །ལས་དང་སྨོན་ལམ་འབྲེལ་བ་ཡིས། །ཆོས་དང་བླ་མར་བརྩེ་གདུང་དང་། །ཡིད་ཆེས་མོས་གུས་སྐྱེས་པའི་ཚེ། །ཚེ་འདི་བློས་བཏང་རྩེ་གཅིག་ཏུ། །དབེན་པར་ཉམས་ལེན་བརྩོན་ནུས་ན། །ཚེ་འདིའི་འདུ་བྱེད་བཏང་བའི་མོད། །ལྔ་ལྡན་པདྨོ་བཀོད་པ་རུ། །ཕ་བུ་ལྷན་གཅིག་ཚོགས་ནས་ཀྱང་། །རྩོལ་མེད་ཐེག་རྩེའི་གསང་ལམ་ནས། །གདོད་མར་གྲོལ་བར་ཐེ་ཚོམ་མེད། །བུ་བླ་མ་རྗེ་དང་པདྨ་འབྱུང་། །དབྱེར་མེད་གཅིག་ཏུ་ངེས་ཤེས་བསྐྱེད། །ཉིན་མཚན་ཀུན་ཏུ་གསོལ་བ་ཐོབ། །སྣང་སེམས་བཟང་ངན་ཡུལ་རྐྱེན་ཀུན། །རྨི་ལམ་དངོས་སུ་བློ་ཐག་ཆོད། །རེ་དོགས་ཨ་འཐས་གང་དགར་ཐོང་། །ཚོགས་གཉིས་བསོད་ནམས་ཁྱད་མ་གསོད། །དུས་བཟང་ཚོགས་དང་མར་མེ་སོགས། །ཅི་འབྱོར་མཆོད་པ་རྒྱུན་མ་གཅོད། །རང་འདོད་མ་ཆེ་གཞན་ཕན་སྤྱོད། །ཀུན་ལ་དག་སྣང་ཕྱོགས་མེད་སྦྱོང་། །གཤིན་གསོན་འབྲེལ་ཐོགས་སུ་ལ་ཡང་། །དགེ་རྩ་འབྲེལ་བའི་སྨོན་ལམ་དང་། །སྙིང་རྗེ་བསྔོ་སྦྱངས་རྒྱུན་མ་གཅོད། །ལྷ་དང་བླ་མའི་ཐུགས་རྗེ་ཡིས། །འབྲེལ་ཚད་དོན་དང་ལྡན་པར་འགྱུར། །དེ་སྐད་ཆོས་དང་མཐུན་པའི་གཏམ། །ཆོས་མཐུན་གྲོགས་ཀྱི་བཞེད་སྐོང་དུ། །ལས་སྨོན་མཐུན་པའི་རྣལ་འབྱོར་པ། །ཡོན་ཏན་མགོན་པོས་བྲིས་ཏེ་ཕུལ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

གནས་ལུགས་འོད་གསལ་སྙིང་པོ།

སངས་རྒྱས་ཀུན་གྱི་སྤྱི་གཟུགས་མཆོག །དྲིན་ཆེན་གཞན་ཕན་སྣང་བ་དེས། །སྐལ་བཟང་ཆོས་ཀྱི་ལས་འཕྲོ་ཅན། །ཁྱོད་ལ་རྟག་ཏུ་བྱིན་གྱིས་རློབས། །གཅིག་པུར་རི་ལ་སྡོད་དུས་སུ། །ངང་ཐུང་བཙན་ཐབས་ཅོལ་ཆུང་བློས། །ལོ་རེ་ཟླ་རེ་ཙམ་ཁོ་ནས། །མཆོག་ཐུན་འགྲུབ་ལ་མ་རེ་བར། །མི་ཚེ་སྒྲུབ་ལ་དྲིལ་བའི་བློ། །འགྱུར་མེད་རྡོ་ལ་རི་མོ་བྲིས། །ཉམས་དང་རྟོགས་པ་ཡོན་ཏན་ལ། །རེ་བ་རྡུལ་ཙམ་མེད་པར་གྱིས། །གང་བྱུང་བྱུང་ལ་གང་སྣང་སྣང་། །ཇི་ལྟར་གྱུར་ཀྱང་དེ་ག་ལ། །དྲན་པས་ཟིན་ཙམ་དེའི་རང་ངོ་། །བརྗོད་མི་ཤེས་པའི་ཟང་ཐལ་དེ། །ཡེ་ཤེས་ཡིན་པར་བློ་ཐག་ཆོད། །གཞན་དུ་ལོ་བརྒྱར་བསྒོམ་ན་ཡང་། །གནས་ལུགས་གཞན་ཞིག་མཐོང་རྒྱུ་མེད། །འགྲོ་འདུག་ཟ་ཉལ་གང་བྱེད་ཀྱང་། །ཟང་ཐལ་འབྲལ་ཐབས་མེད་པ་དེ། །རང་བྱུང་གཤིས་ཀྱི་གནས་ལུགས་ཡིན། །དེ་ལ་བཅོས་བསྒྱུར་བྱ་མི་དགོས། །ཡེ་ཡིན་ངང་དུ་རང་བབས་ཞོག །ཅུང་ཟད་སྐྱོང་དུ་མི་བདེ་བ། །གཏད་སོ་ངོས་འཛིན་ཕྲ་མོ་ཡིས། །བཅིངས་པའི་རང་མཚང་མཐོང་བ་ཡིན། །ངོ་ཤེས་མཐོང་མཁན་རིག་མཁན་གྱི། །རང་ངོ་དེ་ལ་བག་ཡངས་བསྐྱུར། །སྒོམ་མཁན་རང་གི་ཐོག་ཏུ་གློད། །དེ་སྐད་རྒྱ་གྲོལ་རྣལ་འབྱོར་པ། །འཇིགས་མེད་ཡོན་ཏན་མགོན་པོ་ཡིས། །བློ་སྙིང་གཏོད་པའི་གྲོགས་ཁྱེད་ལ། །གསང་གཏམ་དྲང་པོར་གདམས་པ་ལགས། །ཨོ་རྒྱན་རྗེ་དང་དབྱེར་མེད་པའི། །བླ་མ་སྤྱི་བོའི་གཙུག་ཏུ་སྒོམས། །བཟང་ངན་བདེ་སྡུག་ཡུལ་གྱི་རྐྱེན། །ནང་དུ་སྒོམ་གྱི་འཕེལ་འགྲིབ་དང་། །རྟོག་པའི་ཆོ་འཕྲུལ་ཅི་བྱུང་ཡང་། །རྩིས་མེད་དགག་སྒྲུབ་མེད་པར་ཞོག །གསོལ་འདེབས་ཐུགས་ཡིད་བསྲེས་ལ་ཞོག །ཐམས་ཅད་ཆོས་ཉིད་རོལ་པར་འཆར། །དེ་ལས་མང་དུ་བཤད་མི་དགོས། ཧ་ཧ། །རྣམ་ཀུན་བར་ཆད་མི་འབྱུང་ཞིང་། །ཆོས་མཐུན་གེགས་མེད་མཐར་ཕྱིན་པའི། །གསོལ་འདེབས་སྨོན་ལམ་ཁོ་བོས་བྱེད། །འདི་ནས་བྱང་ཆུབ་མ་ཐོབ་བར། །འབྲལ་མེད་ཆོས་ཀྱི་དགའ་སྟོན་ལ། །བདག་ཅག་ལྷན་ཅིག་སྤྱོད་པ་དང་། །ལྷ་དང་བླ་མའི་ཐུགས་རྗེ་ཡིས། །སྐྱེ་ཀུན་རྗེས་སུ་འཛིན་པར་ཤོག །བཞག་སར་བླ་མ་ལའོ། །

སྤྱོད་ཡུལ་ལམ་ཁྱེར་གནད་བརྒྱ་གཅིག་འདུས།

ཀྱེ་ཧོ། གསོན་དང་ལས་ཅན་རྡོ་རྗེའི་མཆེད། །ཁྱོད་དང་པོར་བླ་མའི་བཀའ་དྲིན་གྱིས། །ཟབ་མོའི་ཆོས་དང་འཕྲད་པ་ལེགས། །ད་ལྟ་རང་གི་སྙིང་རུས་ཀྱིས། །སྒྲུབ་ལ་བརྩོན་པ་སྐལ་བ་བཟང་། །འོན་ཀྱང་རྣམ་གཡེངས་འཁྲུལ་རྟོག་ལ། །ལམ་འཁྱེར་གནད་དུ་མ་སོང་ན། །མཚམས་དང་བཟླས་བརྗོད་བྱེད་ལོ་ཙམ། །རྣམ་དག་ཆོས་སུ་འགྲོ་བར་དཀའ། །དེས་ན་བྱང་ཆུབ་སེམས་གཉིས་དང་། །བླ་མར་མོས་གུས་གནད་དུ་བསྣུན། །བར་འགའ་མི་རྟག་འཆི་བར་སོམས། །ལོང་མེད་རྒྱུད་ལ་སྟེན་ཅིག་ཨང་། །སེམས་ཅན་ཀུན་ལ་ཕ་མར་ལྟོས། །སྙིང་རྗེ་བཅོས་མིན་མ་སྐྱེས་བར། །རྒྱུད་ལ་འདྲིས་ཤིང་གོམས་པར་གྱིས། །ཆོས་ཀུན་རྨི་ལམ་སྣང་བ་འདྲ། །བདེན་པར་གྲུབ་པ་གཅིག་མེད་པས། །རྫུན་སྣང་ཞེན་པས་མ་འཆིང་པར། །སྒྱུ་མར་ལམ་དུ་ཁྱེར་ཅིག་ཨང་། །སེམས་རྟོག་སྨིག་རྒྱུའི་རི་མོ་འདྲ། །སྐྱེས་ཙམ་ཉིད་ནས་ཡོད་མ་མྱོང་། །དེ་བཞིན་སྦྲུལ་གྱི་མདུད་པ་ལྟར། །རང་གྲོལ་རང་ངོ་ཤེས་པར་མཛོད། །ཀུན་རྟོག་ནམ་མཁའི་བྱ་རྗེས་ལྟར། །གདོད་ནས་སྐྱེ་འགགས་གཉིས་མེད་པས། །ཆེད་དུ་སྤང་བྱ་རྡུལ་ཙམ་མེད། །ཟང་ཐལ་ངོས་ཟིན་དེ་གར་གློད། །ཀུན་རྫོབ་རྟེན་འབྲེལ་རྒྱུ་འབྲས་འདི། །སྣང་སེམས་རོ་གཅིག་མ་འདྲེས་བར། །བླང་དོར་ཞིབ་ཏུ་མ་བྱས་ན། །སྟོང་ལྟའི་ཆད་མཐར་ལྷུང་བ་འོང་། །འཕགས་པ་སྙིང་རྗེའི་གཏེར་ཆེན་འདི། །གངས་ཅན་བོད་ཀྱི་ལྷ་སྐལ་ཡིན། །ལྷ་དང་བླ་མ་དབྱེར་མེད་པའི། །རིག་སྟོང་འཕགས་པའི་རང་ཞལ་ལ། །མོས་གུས་དྲན་པས་སྐྱོངས་ཤིག་ཨང་། །གྲག་སྟོང་རང་བྱུང་ཡི་གེ་དྲུག །འགྱུར་མེད་གསུང་གི་སྙིང་པོ་སྟེ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡང་། །རྡོ་རྗེའི་འབྲུ་དྲུག་འདི་ལས་འཕྲོས། །བརྗོད་པའི་ངག་གི་འདུ་འཕྲོ་ཀུན། །འདི་ལས་བྱུང་ཞིང་འདི་རུ་གྲོལ། །རྒྱལ་ཀུན་གསུང་གི་གསང་བ་ཡང་། །རྡོ་རྗེའི་འབྲུ་དྲུག་འདི་ལ་རྫོགས། །དེ་ཕྱིར་ཆོས་ཀྱི་སྙིང་པོ་ནི། །གསུང་མཆོག་ཡི་གེ་དྲུག་མ་སྟེ། །འདི་བཟླས་མཆོག་ཐུན་འབད་མེད་འགྲུབ། །དེས་ན་འདི་ལ་ནན་ཏན་མཛོད། །སྣང་བ་རང་གསལ་འཕགས་པའི་སྐུ། །གསལ་སྟོང་ཆུ་ཟླ་ལྟ་བུར་སྒོམས། །གྲག་པ་རང་སྟོང་རྡོ་རྗེའི་སྔགས། །གྲག་སྟོང་བྲག་ཆ་ལྟ་བུར་ཟློས། །དྲན་པ་རང་གྲོལ་འཕགས་པའི་ཐུགས། །རིག་སྟོང་ནམ་མཁའ་ལྟ་བུར་གློད། །རྐྱེན་སྣང་བཟང་ངན་ཅི་བྱུང་ཡང་། །ལྷ་དང་བླ་མའི་བྱིན་རླབས་སུ། །ཤེས་པས་རེ་དོགས་མེད་པར་སྐྱོངས། །གང་ཡང་གྲོགས་སུ་འཁྱེར་ཤེས་མཛོད། །དེ་ལྟར་གང་ཤར་ཐོལ་བྱུང་གླུ། །སྒྲུབ་མཆོག་ལི་ཐར་གྱིས་བསྐུལ་ངོར། །བན་ཧྲུལ་ཡོན་ཏན་མགོན་པོས་བྲིས། །ཐུགས་ལ་འཐད་ན་དེ་བཞིན་མཛོད། །

ལེགས་ཉེས་འབྱེད་པའི་ཨ་དཱར་ཤ

བློ་ལྡན་རང་གིས་རབ་བརྟགས་ཏེ། །རང་རྒྱུད་བཅོས་ལ་ནན་ཏན་བྱེད། །རྟག་ཏུ་གཞན་གྱིས་འཆོས་དགོས་པའི། །སྐྱེ་བོ་དེ་ནི་ཕྱུགས་དང་མཚུངས། །དམ་པ་རྣམས་ནི་གཞོན་གྱུར་ཀྱང་། །ལེགས་པར་སྤྱོད་ཀྱི་ཉེས་པ་མིན། །མེ་ལྕེ་ཤིན་ཏུ་ཆུང་ན་ཡང་། །གྱེན་དུ་འབར་གྱི་ཐུར་དུ་མིན། །ཡོན་ཏན་ལྡན་ལ་མི་བཀུར་ཞིང་། །ཕན་པར་སྨྲ་ལ་མི་གནས་པའི། །སྐྱེས་བུ་དེ་ནི་ནམ་དུ་ཡང་། །ཐ་ཤལ་ཉིད་ལས་འདའ་མི་འགྱུར། །དམ་པ་རྣམས་ནི་ཀུན་ལ་ཡང་། །གུས་ཤིང་ཡོན་ཏན་ལྡན་ལ་བསྟེན། །དམན་རྣམས་ཐམས་ཅད་བརྙས་ཐབས་བྱེད། །ཁྲེལ་མེད་ནགས་མཐའི་མི་རྒོད་འདྲ། །དོན་མེད་རྣམ་གཡེང་ཀུ་རེ་ལ། །འཇུག་ཚེ་སུ་ལས་རྣམ་རིག་གསལ། །དོན་ལྡན་ཆོས་ལ་བློ་མི་འཇུག །རྔ་མ་མེད་པའི་སྤྲེལ་རྒན་ཡིན། །འབའ་ཕུག་སྤྲུལ་སྐུ་ལ་གདམས་པའོ། །

གདམས་པ་རང་གྲོལ་ཟང་ཐལ།

བུ་ཀུན་རྟོག་བརྒྱད་ཁྲིའི་གཡུལ་ངོ་ལ། །རང་གྲོལ་རིག་པའི་མཚོན་ཐབས་ཀྱིས། །སྤང་གཉེན་བྲལ་བའི་གཤིས་ལུགས་སུ། །འཕྲུལ་གྱི་སྲོག་རྩ་དུམ་བུར་ཐོང་། །ཀུན་རྟོག་ཡུལ་རྗེས་འབྲང་བའི་བློ། །བདོ་ཞིང་འཁྲུལ་བའི་རུ་མ་བྱེད། །ཐད་ཀར་རྩད་བདར་ཆོད་ཙ་ན། །རང་གྲོལ་ནམ་མཁའི་མདུད་པ་ཞིག །རྐྱེན་སྣང་རིག་པའི་གསལ་འདེབས་ལ། །ཐོག་འགེལ་སྙེམ་ཐག་ཆོད་པ་དགོས། །ལྷ་དང་བླ་མ་རང་རིག་གསུམ། །དབྱེར་མེད་ཟང་ཐལ་ངང་དུ་ཞོག ཧ་ཧ་ཧ། །ནོར་བཟང་ལ་གདམས་པའོ། །

གདམས་ངག་གནད་ཀྱི་མིག་ཐུར།

གཞོན་ནུ་མཁྱེན་བརྩེའི་ཟློས་གར་གྱི། །ཡེ་ཤེས་སྒྱུ་མའི་རྣམ་རོལ་ཁྱེད། །བསྟན་འགྲོའི་དོན་ཆེན་བསྒྲུབ་པ་ལ། །སྐྱེས་སྦྱངས་མཁྱེན་རབ་ཕུལ་བྱུང་གིས། །རྒྱལ་གསུང་མདོ་སྔགས་ཐེག་པའི་གཞུང་། །གསན་བསམ་ཚུལ་བཞིན་མ་མཛད་ན། །མིང་ཙམ་གྲགས་པས་རང་གཞན་གྱི། །དོན་གཉིས་བསྒྲུབ་པ་ཤེས་སམ་ཅི། །དམ་པའི་ཡོན་ཏན་མི་ལྡན་ན། །མཚན་སྙན་མུ་གེའི་བཏགས་མིང་ལ། །བསོད་ནམས་ལྷུན་གྲུབ་འདོགས་པ་བཞིན། །ཨེ་འགྱུར་ཐུགས་བསམ་ཡང་ཡང་བཞེས། །ཐོག་མར་གཞོན་ནུའི་དུས་འདི་ལ། །གསན་བསམ་ཚུལ་བཞིན་མཛད་བྱས་ན། །སྐུ་ན་ཆེན་པོར་མཛད་ཕྲིན་རྒྱས། །བསྟན་འགྲོར་ཕན་པ་ཤུགས་ལ་འབྱུང་། །མཁྱེན་བརྩེ་སྤྲུལ་སྐུ་ལ་གདམས་པའོ། །

ཞལ་གདམས་ཐོག་མཐའ་བར་དགེ།

ཐོག་མར་དགེ་བ་ཚུལ་ཁྲིམས་མིག་བཞིན་སྲུང་། །བར་དུ་དགེ་བ་མང་ཐོས་བརྩོན་པ་སྐྱེད། །ཐ་མར་དགེ་བ་ཐོས་དོན་ཚུལ་བཞིན་བསྒྲུབ། །དེ་ལྟར་མཛད་ན་རང་གཞན་དོན་གཉིས་འགྲུབ། །དྲན་དང་ཤེས་བཞིན་བག་ཡོད་གནས་ལ་བསླབ། །བྱིས་དང་སྡིག་གྲོགས་འདོད་ཡོན་ཞེན་པ་སྤོང་། །དགེ་བའི་བཤེས་དང་ཆོས་མཐུན་གྲོགས་ལ་བསྟེན། །དེ་ལྟར་མཛད་ན་ཀུན་གྱིས་བཀུར་བ་འབྱུང་། །ཞི་དུལ་ངང་བརྟན་རྣམ་གཡེངས་ལེ་ལོ་མེད། །སྒོ་གསུམ་བསྡམས་པས་ཅི་བྱེད་ཆོས་དང་མཐུན། །འགྲོགས་པར་བདེ་བས་གཞན་སྣང་དང་བ་འདྲེན། །དེ་འདྲ་མཛད་ན་དོན་མཐུན་གྲོགས་བཟང་རྙེད། །བླ་མ་ལྷ་ཡིས་དབྱིངས་ནས་མི་ཁྲེལ་ཞིང་། །རང་སེམས་ཟོལ་མེད་དཔང་དུ་བཙུགས་བྱས་ཏེ། །ཆོས་དང་སེམས་བསྲེས་འབྲེལ་ཚད་དགེ་ལ་སྦྱོར། །དེ་འདྲ་ཡ་རབས་དམ་པའི་ངང་ཚུལ་ལགས། །དེང་སང་སྐྱེ་བོ་ཤིན་ཏུ་མི་བསྲུན་པས། །སུ་དང་འགྲོགས་ཀྱང་ཆོས་མིན་སྤྱོད་པ་སློབ། །ཉ་རུལ་ཁྲོད་ཀྱི་ཀུ་ཤ་ཇི་བཞིན་དུ། །དམ་པ་ཡིན་ཡང་ཚུལ་མིན་གནས་ལ་སྦྱོར། །དེ་ཕྱིར་རང་གི་ཆོས་ཚུལ་རི་རྒྱལ་བཞིན། །གྲོགས་དང་རྐྱེན་གྱི་རྗེས་སུ་མི་འགྲོ་ཞིང་། །ཆོས་མཐར་ཕྱིན་ཅིང་རང་གཞན་བསྟན་འགྲོའི་དོན། །འབད་མེད་འགྲུབ་པ་དེ་འདྲའི་ཚུལ་ལ་སློབས། །འབའ་ཕུག་སྤྲུལ་སྐུས་བསྐུལ་དོན་ལྟར་ནཱ་ཐའི་མིང་གིས་བྲིས་པའོ། །

གདམས་པ་ཉམས་མཚར་གསང་གཏམ།

འཇམ་དབྱངས་ལགས། བླ་མ་ཨོ་རྒྱན་པདྨ་ལ། །ཁ་ཞེ་མེད་པར་གསོལ་བ་ཐོབ། །ཆོས་སྐྱོང་དུར་ཁྲོད་ལྷ་མོ་དང་། །ཙིའུ་དམར་ལྷ་མོ་སྔགས་བདག་ལ། །དུས་རྒྱུན་གསོལ་མཆོད་ཆགས་མེད་མཛོད། །རྨི་ལམ་བཟང་ངན་ཅི་བྱུང་ཡང་། །རེ་དོགས་མ་བྱེད་རྩིས་མེད་ཞོག །ལྷ་དང་བླ་མའི་ཐུགས་རྗེ་ཡིས། །ལས་འཕྲོ་སྨོན་ལམ་དུས་སྨིན་ན། །ཆོས་ལྡན་བསམ་པ་ལམ་དུ་འགྲོ། །གཞན་དུ་སྡིག་གྲོགས་ངན་པ་དང་། །འགྲོགས་ན་ལོག་པའི་ལམ་དུ་འཁྲིད། །མཚམས་དང་བསྙེན་བསྒྲུབ་ཡུན་བསྲིང་ན། །སྔོན་སྦྱངས་དུས་སྨིན་རྟགས་མཚན་འགའ། །བསླུ་མེད་མཐོང་ཚེ་དོན་གཉིས་འགྲུབ། །དེ་སྐད་ཉམས་མཚར་གསང་གཏམ་འདི། །སྙིང་ལ་བསྟིམས་ཤིག་རིགས་ཀྱི་བུ། །ཞེས་མགོན་པོ་ནས་ནང་འཛར་དགེའོ། །

དམ་ཚིག་གི་དཀའ་གནད་ངེས་དོན་འབྲུག་སྒྲ།

སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །ཡེ་ནས་ལྷུན་གྲུབ་འདུས་མ་བྱས། །རང་བཞིན་མཉམ་པའི་དོན་རྟོགས་ན། །མཚན་རྟོག་ཡུལ་མེད་རྣམ་པར་དག །ཇི་སྙེད་སྡོམ་པ་མ་ལུས་པ། །ཀུན་འདུས་དག་པ་རབ་ཏུ་འགྱུར། །དོན་འདི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་སྟེ། །འདའ་ཉམས་མེད་པའི་དམ་ཚིག་ཡིན། །འདི་དོན་གདུལ་བྱའི་བློ་རིམ་བཞིན། །བསྲུང་དུ་མེད་པའི་སྒྲར་སྣང་བ། །སངས་རྒྱས་ཀུན་གྱི་འཕྲིན་ལས་ཏེ། །མི་མཛད་མཛད་པ་ཆེན་པོའོ། །དེ་ཕྱིར་ངེས་དོན་མ་རྟོགས་ན། །མཚན་རྟོག་སྤྲོས་ལ་འཆེལ་བ་རྣམས། །དམ་ཚིག་ཉམས་ཤིང་དམྱལ་བར་ལྟུང་། །འདི་ལ་དགོངས་ནས་གསང་ཆེན་རྒྱུད། །ཟབ་མོ་ཉིད་ལས་འདི་སྐད་དུ། །གལ་ཏེ་གཞུང་འདི་མ་ཤེས་པས། །ཅི་ལྟར་བསྲུངས་ཀྱང་ཉམས་པར་འགྱུར། །དམྱལ་བའི་སྤྱོད་པ་ཡ་རེ་ང་། །འཁོར་བའི་སྡུག་བསྔལ་བཟོད་བླག་མེད། །དེ་ལས་རབ་ཏུ་ཐར་བར་དཀའ། །ཞེས་དང་དེ་ཡི་ལྡོག་ཕྱོགས་སུ། །དངོས་པོའི་ཆོས་རྣམས་ཐམས་ཅད་ཀུན། །སྐྱེ་བ་མེད་པར་ཤར་ཤེས་པ། །འདི་ཡང་དམ་ཚིག་འཕྲིན་ལས་ཡིན། །དེ་སྐད་ཡང་དག་གསུངས་སམ་སྙམ། །

རིག་པ་ངོ་སྤྲོད་གཅེར་མཐོང་ཟང་ཐལ།

ལགས་རིན་པོ་ཆེ། ད་ལྟའི་ཤེས་པ་བཟོ་མེད་ལ། །བཅོས་བསྒྱུར་མ་བྱེད་ཐད་ཀར་གློད། །གསལ་ལ་རྟོག་མེད་ངེས་བཟུང་བྲལ། །འདི་ཀ་རིག་སྟོང་རྗེན་པ་སྟེ། །འདི་ལས་གཞན་དུ་བསྒོམ་བྱ་མེད། ད་ལྟ་འཕྲོ་གནས་གང་གི་ཚེ་ནའང་རང་བབས་ལ་བཅོས་བསྒྱུར་མ་སོང་བའི། རང་ངོ་ངོས་བཟུང་དང་གཏད་སོའི་ཡུལ་ཟད་པའི་ཟང་ཐལ་བར་སྣང་དག་པ་ལྟ་བུ་འདི་ཀ་རིག་པའི་རང་ངོ་ཡིན་པས། དེ་ཀ་མ་བརྗེད་ཙམ་སྐྱོང་བ་ལས་གཞན་མེད་སྙམ་ཞུ། ལྷ་དང་བླ་མའི་ཐུགས་རྗེ་དང་། །སྔོན་སྦྱངས་ལས་འཕྲོ་དུས་སྨིན་པས། །གོ་ཡུལ་ཉམས་ཀྱིས་མ་བསླད་པའི། །རྟོགས་པ་ཐུགས་ལ་འཁྲུངས་པར་ངེས། །དེ་ཕྱིར་རྟག་པར་མོས་གུས་དང་། །སྙིང་རྗེ་སེམས་བསྐྱེད་གྲོགས་སུ་བཟུང་། །དམ་ཚིག་གནས་ལ་འབད་པས་བསྒྲིམ། །དེ་ཡིས་མཆོག་ཐུན་དུས་གཅིག་འགྲུབ། །

ཞལ་གདམས་གནད་ཀྱི་སྒྲོན་མེ་ཐར་པའི་ལམ་སྟོན།

སྙིང་ལ་ཡེ་ཤེས་སྣང་བའི་དཔལ་སྟེར་ཞིང་། །སྒྲིབ་གསུམ་དྲི་མ་མཐའ་དག་དྲུང་འབྱིན་པ། །སྨྲ་བའི་ཉིན་བྱེད་འཇམ་མགོན་བླ་མ་དེས། །ཁྱེད་ལ་རྣམ་ཀུན་ཤིས་པའི་མེ་ཏོག་སྩོལ། །ཀྱེ་ལགས་སྲིད་པ་མེ་ཡི་འོབས་ལྟ་བུར། །མཐོང་ནས་རང་དོན་ཞི་བདེའི་བློ་སྤངས་ཏེ། །རླབས་ཆེན་སྙིང་རྗེས་འགྲོ་སྒྲོལ་དམ་བཅའི་ཁུར། །འཛིན་བཟོད་རྒྱལ་སྲས་སྤྱི་ཡི་རྣམ་ཐར་ཡིན། །རང་གི་དོན་གཉེར་མ་རབས་སྐྱེ་བོའི་ལུགས། །འདོད་པ་ཡང་ཡང་ཇི་བཞིན་འགྲུབ་དུས་མེད། །དེ་བས་གཞན་ཕན་དོན་གཉེར་དམ་པའི་ལམ། །བསྟེན་ན་རང་གཞན་དོན་གཉིས་ཤུགས་ལ་འགྲུབ། །ཐོག་མར་རང་རྒྱུད་ཡོན་ཏན་རྒྱུན་མཆོག་གིས། །ལེགས་པར་གང་བའི་ཐབས་ལ་མ་འབད་ན། །གཞན་གྱི་རེ་བ་སྐོང་བའི་མཐུ་མེད་པས། །ཚུལ་གནས་ཐོས་བསམ་སྒོམ་ལ་ཐུགས་སྦྱངས་མཛོད། །དེ་ཡང་ཉི་ཚེ་ཙམ་གྱིས་ཟབ་རྒྱས་ཀྱི། །ཆོས་ཀྱི་དེ་ཉིད་གསལ་བར་རྟོགས་མིན་པས། །མདོ་སྔགས་རིག་གཞུང་ཀུན་ལ་བརྩོན་པ་བསྐྱེད། །ཐུན་མོང་ཐུན་མིན་ལྟ་གྲུབ་ཀུན་ལ་སློབ། །ཆོས་ཀྱི་སྙིང་པོ་ཐེག་ཆེན་ལམ་གྱི་སྲོག །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་སྟེ། །ལམ་འདི་མ་བསྟེན་སངས་རྒྱས་འཐོབ་མིན་པས། །ཚིག་དོན་སོམས་ལ་འདྲིས་པའི་ཚུལ་ལ་འབད། །ལམ་སྟོན་མ་ནོར་ཡོན་ཏན་ཀུན་ལྷག་པའི། །མཚུངས་མེད་དགེ་བའི་བཤེས་ལ་མ་བསྟེན་པར། །རང་བཟོས་རྒྱལ་བའི་དགོངས་པ་རྙེད་དུས་མེད། །དེ་ཕྱིར་མཚན་ལྡན་བླ་མ་མིག་བཞིན་བསྟེན། །བླ་མ་བསྟེན་ཀྱང་བཀའ་བཞིན་མ་བསྒྲུབ་ན། །བཙན་ཐབས་ཐར་པར་འདྲེན་པའི་ཐབས་མེད་པས། །གཡོ་སྒྱུ་མེད་པའི་སྒོ་གསུམ་དྲང་པོ་ཡིས། །ཅི་གསུང་དང་ལེན་སྲོག་ཀྱང་བཏང་ཕོད་པའི། །སྐལ་བཟང་དེ་འདྲ་བདུད་ཀྱིས་གླགས་མི་རྙེད། །ཆོས་མེད་འཕྲུལ་སྦྱོར་གཡོ་སྒྱུས་མཆོད་འོས་བསླུ། །ལྟར་སྣང་ཟོལ་མས་དམ་པའི་ཐུགས་མི་ཟིན། །དེ་ཕྱིར་མཉེས་པ་གསུམ་གྱིས་ལེགས་བསྙེན་ན། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལོང་པའི། །བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་མོས་གུས་ཀྱི། །མཚམས་སྦྱོར་ཁོ་ནས་རྒྱུད་ལ་ལོན་པར་ངེས། །རང་རྒྱུད་ཡང་དག་ཆོས་ཀྱིས་དུལ་བ་ན། །གཞན་གྱི་དོན་ཡང་མ་འབད་ཤུགས་ལ་འབྱུང་། །ལྷ་དང་བླ་མ་དབྱིངས་ནས་དགྱེས་པ་དང་། །དམ་ཚིག་གཙང་བས་དམ་ཅན་བྲན་བཞིན་འཁོལ། །བསྟན་དང་འགྲོ་བའི་དོན་རྣམས་ལྷུན་གྱིས་འགྲུབ། །མཁས་དང་གྲུབ་པའི་གྲགས་པ་ལྷས་ཀྱང་སྒྲོག །དམ་པའི་སྐྱེ་སྲིད་གྲགས་པ་དོན་དང་ལྡན། །དེ་འདྲའི་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །

བསླབ་བྱ་ནགས་ཀྱི་ན་ཆུང་གི་གླུ་དབྱངས།

ཐུགས་རྗེའི་ཆུ་འཛིན་སྲིད་ཞིའི་ཁོངས་ཁྱབ་ལས། །ཕན་བདེའི་ཆར་ཆེན་རྒྱུན་ཆད་མེད་འཇོ་བས། །འགྲོ་སེམས་ཆོས་དཀར་སྙེ་མ་རྒྱས་བྱེད་པའི། །སྟོན་མཆོག་དོན་ཀུན་གྲུབ་པས་ཤིས་པ་སྩོལ། །ཀྱེ་ལགས་མི་བཟད་སྙིགས་མར་གྱུར་པའི་དུས། །རྒུད་པ་དུ་མས་རབ་ཏུ་མནར་བའི་འགྲོ། །ནམ་གཞུག་དུས་ཀྱི་སྦྲང་བུ་ཇི་བཞིན་དུ། །རྟག་མི་ཐུབ་པའི་ཚུལ་ལ་སྐྱོ་བར་མཛོད། །ཐུབ་པའི་བསྟན་པ་ལྔ་བརྒྱ་ཕྲག་བཅུའི་མཐར། །ཀླ་ཀློའི་བྱ་སྤྱོད་ཤེ་མོང་དཔུང་དྲག་གིས། །ནོན་པའི་གནས་སྐབས་ནུབ་ཁའི་དམར་འོད་ཙམ། །མངོན་སུམ་མཐོང་འདིས་སྐྱོ་ཤས་མགྲོན་དུ་ཁུག །བསྟན་པའི་མངའ་བདག་ཇི་སྙེད་ཕལ་ཆེར་ཞིག །ལས་ཀྱིས་ནོངས་པའི་གདུལ་བྱའི་སྐལ་བ་བཞིན། །ཞི་བའི་དབྱིངས་སུ་དགྱེས་པའི་ཚུལ་མཐོང་ནས། །བདག་བློ་གདུང་བའི་མེ་ཡིས་ཆེས་ཆེར་མནར། །ད་ནི་བསྐལ་ངན་དུས་ཀྱི་གཞན་དབང་གིས། །བསྟན་དང་དེ་འཛིན་མིང་གི་ལྷག་མ་ཙམ། །ངན་སྤྱོད་བདུད་སྡེའི་དཔུང་གིས་ཟད་ཉེ་ན། །སོས་དལ་སྐྱིད་པའི་འདུན་མ་ཇི་ལྟར་རྙེད། །འོན་ཀྱང་ལྔ་ཕྲག་ཐ་མའི་སྐྱོབ་པ་མཆོག །སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་ལ། །ཡིད་ཆེས་གསོལ་འདེབས་གདུང་གླུས་རྒྱུད་བསྐུལ་ན། །ནམ་ཡང་བསླུ་བ་མེད་དོ་སྙིང་གི་གྲོགས། །ཆོས་དཀར་ཡོན་ཏན་ལྡན་པའི་གྲོགས་མཆོག་ནི། །ཉིན་མོའི་སྐར་མ་ལས་ཀྱང་ཆེས་དཀོན་པས། །ཁྲིམས་གཙང་བཟོད་ལྡན་མང་ཐོས་ཆོས་ཀྱི་གྲོགས། །སྲོག་དང་མིག་ལྟར་བསྟེན་དགོས་སྙིང་གི་གྲོགས། །ན་གཞོན་ལང་ཚོས་ཁེངས་པའི་འཕྱོར་འགྲོས་ཀྱིས། །ཤིན་ཏུ་སྨད་པའི་ངན་འགྲོའི་གཡང་ས་ལ། །རང་གཞན་བཀྲི་བའི་བྱེད་སྤྱོད་གཡོ་ཅན་ལ། །དུག་དང་མཚོན་བཞིན་གཟབ་དགོས་སྙིང་གི་གྲོགས། །ཁེ་གྲགས་འདུ་འཛིས་བྲེལ་བའི་སྡེ་དགོན་ན། །ཆགས་སྡང་རྙེད་ཚོལ་འདོད་པས་བསླུ་སྐྱེན་ཕྱིར། །འདོད་ཆུང་ཆོག་ཤེས་གཙང་མའི་ནགས་ཁྲོད་དུ། །མི་ཚེ་སྒྲུབ་ལ་དྲིལ་ཞིག་སྙིང་གི་གྲོགས། །ལྟ་སྒོམ་གོ་ཡུལ་མཐོན་པོའི་སྟོང་སྐད་ཀྱིས། །ཉམས་ལ་མི་ཕན་ཟོབ་ཀྱིས་མི་ཚེ་འཛད། །བློ་བྲལ་གཤིས་ཀྱི་རང་ཞལ་མི་བརྗེད་པར། །ཡེངས་མེད་ཉམས་སུ་ལེན་དགོས་སྙིང་གི་གྲོགས། །རང་གཞན་ཆོས་དང་གྲུབ་མཐའི་ཆགས་སྡང་གིས། །རང་རྒྱུད་ཆུད་ཟ་ཀུན་དང་རྩོད་པ་འཕེལ། །དག་སྣང་ཕྱོགས་མེད་དམ་པའི་རྣམ་ཐར་ལ། །བརྩོན་ན་དུས་ཀུན་དགེའོ་སྙིང་གི་གྲོགས། །ལང་ཚོ་ཐལ་བའི་འབྱུང་ཁམས་ཟས་གོས་སོགས། །མཐུན་རྐྱེན་དམན་པས་འཚོ་བ་དཀའ་མོད་ཀྱང་། །གྱི་ན་ལྷག་སྐྱོབ་མི་ཚེ་ཕྱིན་ཙམ་གྱི། །ཆོག་ཤེས་དམ་བཅའ་མ་ལྷོད་སྙིང་གི་གྲོགས། །ལྷ་དང་བླ་མས་དབྱིངས་ནས་མ་ཁྲེལ་ན། །དུས་ངན་གྲོགས་ཀྱིས་སྣང་བ་སུན་ཡང་བླ། །བློ་སྣ་དུམ་ཆོད་ཆོས་ལ་དྲིལ་ནས་ཀྱང་། །དལ་འབྱོར་དོན་ལྡན་དགོས་སོ་སྙིང་གི་གྲོགས། །རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར་གྱི། །རྟོགས་པའི་འདྲ་འབག་ཡང་ཏིག་རྣམ་པ་གསུམ། །གཏན་གྱི་བློ་གཏད་མི་བསླུ་ཉག་གཅིག་ཡིན། །ཅིས་ཀྱང་ཉམས་སུ་ལོངས་ཤིག་སྙིང་གི་གྲོགས། །འོ་སྐོལ་དཔོན་སློབ་སྨིན་གྲོལ་དམ་ཚིག་གིས། །འབྲེལ་བའི་བརྩེ་གདུང་ནམ་ཡང་མི་ལྷོད་པས། །རིག་འཛིན་རྒྱལ་པོ་པདྨའི་ཞབས་དྲུང་དུ། །འཚོགས་པའི་རྟེན་འབྲེལ་ཟབ་བོ་སྙིང་གི་གྲོགས། །དེ་སྐད་ཤིན་ཏུ་ཉེ་བའི་ཆོས་ཀྱི་གྲོགས། །རིང་མོའི་ལམ་ནས་ཡུལ་གྱིས་བསྐལ་པའི་མཆེད། །ཡིད་ལ་གང་དྲན་ནང་འཕྲིན་བདེན་པའི་གཏམ། །ཤུགས་འབྱུང་བྲིས་ཏེ་སྦ་གསང་མེད་པར་ཕུལ། །རྒན་པོ་ལང་ཚོ་ཡོལ་བའི་འདུ་ཤེས་རྒྱུན། །རིང་པོར་འཚོ་བའི་དལ་ཁོམ་གྱིས་དབེན་ཡང་། །རང་བྱུང་པདྨའི་ཐུགས་རྗེ་མི་བསླུ་བས། །ཕྱི་མའི་དོན་ཀུན་འགྲུབ་བོ་སྙིང་གི་གྲོགས། །ཞེས་རྒན་བུ་ནཱ་ཐའི་མིང་གིས་རང་དང་མཛའ་བའི་མཆེད་དམ་པ་ནོར་བཟང་ལ་ནང་ལུགས་སུ་ཕུལ། །

སྤྲིངས་ཡིག་བླང་དོར་གསལ་བའི་མེ་ལོང་།

རྒྱལ་ཁམས་ཀྱི་བྱ་བྲལ་གུ་ཡངས་པོ། །སྤྲང་པོའི་རྒྱུད་འཛིན་ནོར་བཟང་ཁྱོད། །ཕ་ཡུལ་སྡེ་དགོན་ཆེ་ཐབས་དང་། །མང་པོའི་ཚོགས་དཔོན་རེ་བ་མེད། །ཆོག་ཤེས་ནོར་གྱི་ཡང་རྩེ་ལ། །གཅེས་སྤྲས་བྱས་ཏེ་རི་སྟོང་དུ། །མི་ཚེ་སྒྲུབ་ལ་དྲིལ་ནུས་ན། །ངེད་ཕ་རྒན་བསམ་པ་རྫོགས་པ་ཡིན། །རྒྱལ་དབང་པདྨའི་ཟབ་གཏེར་ལ། །དོན་བརྒྱུད་བྱིན་རླབས་སྤྲིན་ཕུང་འཁྲིགས། །གཏེར་སྟོན་གྲུབ་ཐོབ་རིམ་བྱོན་ཀུན། །པདྨའི་རྣམ་འཕྲུལ་ཚད་མར་གྲུབ། །དགོངས་སྤྱོད་སྣ་ཚོགས་གཏིང་དཔོག་དཀའ། །ཐུགས་ནང་གཤིན་མིན་སྣ་ཚོགས་སྟོན། །འོན་ཀྱང་རྔ་ཡབ་དཔལ་རིའི་ཞིང་། །རིག་འཛིན་འདུས་པའི་ཚོགས་གྲལ་དུ། །ཐམས་ཅད་ཚོམ་བུ་གཅིག་ཏུ་ཚོགས། །དེ་ལ་སྡེ་རིས་བླང་དོར་མེད། །འོ་སྐོལ་པདྨའི་བརྒྱུད་འཛིན་ཀུན། །སྨོན་ལམ་དམ་ཚིག་གཅིག་ཏུ་མཐུན། །ཀུན་ལ་དག་སྣང་ཕྱོགས་མེད་སྐྱོངས། །རང་གི་ཉམས་ལེན་ལས་འཕྲོའི་ཆོས། །ཀློང་ཆེན་སྙིང་ཐིག་སྲོག་ཏུ་ཟུང་། །གཞན་ལ་སྒྲོ་སྐུར་གཡབ་མ་འདོར། །ཆོས་དང་ཆོས་མིན་འཕགས་པའི་བློས། །རྣམ་པར་འབྱེད་ཀྱི་སོ་སྐྱེས་མིན། །ཕ་ཡུལ་ཆགས་སྡང་ཡུལ་རྐྱེན་རྒོད། །གཉེན་བཤེས་བདུད་ཀྱི་འཆིང་ཐག་དམ། །བརྟན་པ་མ་ཐོབ་རྐྱེན་གྱིས་བསླུ། །དེ་ཕྱིར་ཕྱོགས་མེད་རི་སྟོང་འགྲིམ། །ཁོ་བོ་ཡོན་ཏན་མགོན་པོ་བདག །ཆུང་ནས་དམ་པའི་ཞབས་པད་ཟིན། །ཆོས་དང་ཆོས་མིན་ཅུང་ཟད་ཤེས། །འོན་ཀྱང་དེང་སང་དམུ་རྒོད་ལ། །དྲང་པོར་སྨྲས་ན་ཚུར་ལ་གཤེ། །ངན་པ་བསླབ་ཀྱང་ཉན་མཁན་མོད། །དེ་ཕྱིར་ཆོས་དང་འཇིག་རྟེན་གྱི། །སྨྲ་བ་ཉུང་ངུས་སོས་དལ་སྐྱོང་། །ཁྱེད་ཀྱང་དེ་འདྲའི་ངང་ཚུལ་ལ། །ཐུགས་དམ་མཛད་ན་རྗེས་ཡི་རངས། །འོ་སྐོལ་བརྩེ་གདུང་དམ་ཚིག་འབྲེལ། །ནམ་ཞིག་པདྨའི་ཞབས་དྲུང་དུ། །སྨིན་གྲོལ་བདུད་རྩིར་སྤྱོད་པས་ཆོག །དེ་དོན་སོམས་ལ་ཐུགས་བབས་སྐྱོངས། །དེ་སྐད་རྒན་བུ་གུ་ནཱ་ཡིས། །རང་སློབ་ཐག་རིང་གནས་པ་ལ། །གསང་གཏམ་རྩེད་མོའི་ཚུལ་དུ་ཕུལ། །ཆོས་སྨན་ཕྲན་བུ་དང་ཞོ་སྒོར་བཅས་མགོན་པོ་ནས་ཕུལ། །

ཞེན་འཛིན་འཕྲང་སྒྲོལ་གནད་ཀྱི་གདམས་པ།

རྗེ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་། །དྲིན་འཁོར་ཐབས་མེད་པའི་ཆོས་ཀྱི་རྗེ། །སྐྱབས་གཅིག་ཆོག་སངས་རྒྱས་གཞན་ཕན་པ། །མི་ཁོ་བོའི་རིགས་ཀྱི་བདག་པོར་ཐོབ། །སྤྲང་ཆོས་མེད་ཡོན་ཏན་མགོན་པོ་བདག །ཕ་སངས་རྒྱས་དེ་ཡི་ཞལ་མཐོང་བས། །སེམས་བཅོས་མིན་མོས་གུས་གཏིང་ནས་སྐྱེས། །རང་སྒོ་གསུམ་ལྟོས་མེད་ཡང་ཡང་ཕུལ། །གསུང་ཅི་གནང་སྒྲུབ་པའི་དམ་བཅའ་ཞུས། །ཐུགས་མཉེས་ནས་བུ་དང་འདྲའོ་གསུངས། །ཆོས་ཟབ་དགུའི་ཕ་ཕོགས་བདག་ལ་གནང་། །ཡིད་ཆེས་དང་མོས་གུས་ཁོང་ནས་འབར། །ཡུན་རིང་གི་བྱས་ཡུས་ལ་མ་ལྟོས་པར། །ཐག་ཆོད་ཀྱི་ངེས་ཤེས་ནང་ནས་སྐྱེས། །བློ་བྲལ་གྱི་ཡིན་ལུགས་ཕྱོགས་ཙམ་ཤེས། །ཉམས་མྱོང་ལ་ཞུ་གཏུག་ཡང་ཡང་བྱས། །ཕ་སྐུ་དྲིན་ཅན་དེའི་ཐུགས་རྗེ་ཡིས། །སྤྲོས་བྲལ་ལ་ཕོ་ཚོད་མ་དགོས་ཙམ། །ཐ་མལ་གྱི་ཤེས་པ་རྗེན་ལ་བུད། །ངེས་ཤེས་དང་བློ་བཟོའི་ཤུབས་ནས་ཐོན། །གཤིས་ཡིན་ཐོག་ཏུ་སྒྲོ་འདོགས་ནང་ནས་ཆོད། །ཤར་གྲོལ་ལ་རྩིས་གདབ་བྱ་མ་དགོས། །རྟོགས་པ་མངོན་གྱུར་ཞེས་མི་ཟེར་ཏེ། །མ་རྟོགས་ཐེ་ཚོམ་གྱི་རྒྱ་ལས་གྲོལ། །ཡིན་མིན་རྟོག་དཔྱོད་ལ་རག་མ་ལས། །དོན་དེ་ཕྱིར་བློ་བདེ་ཁོང་ནས་འབར། །ཁྱོད་དག་སྣང་ཅན་གྱི་མཆེད་གྲོགས་ཚོ། །གསལ་སྟོང་ཟང་ཐལ་དུ་སྐྱོང་བའི་ཚེ། །ཡིན་མིན་རིས་ཅན་གྱི་ཟུག་གཟེར་ལྡང་། །དེ་ཐ་མལ་གྱི་ཤེས་པ་རྗེན་པ་ཉིད། །རང་བབས་རྒྱ་ཡན་དུ་གློད་པ་ལ། །ད་དུང་བསྒོམ་ཞེན་གྱིས་བཅིངས་པས་ལན། །གང་ལྟར་གྱུར་ཀྱང་ཕན་གནོད་མེད། །ཐ་མལ་རང་ལུགས་སུ་བསྐྱུར་ཞིག་ཨང་། །རྟོག་པ་གང་ཤར་ཀུན་རང་ཡལ་ལ། །ཡལ་ས་དང་ཡལ་མཁན་མེད་པ་ཡི། །བརྗོད་མེད་ཀྱི་སྟོང་སང་ངོས་བཟུང་ལས། །འདས་པ་དེ་གནས་ལུགས་ཡིན་མོད་ཀྱང་། །གང་ཤར་ངོས་བཟུང་དང་ཡིན་ལུགས་ལ། །བརྟགས་དཔྱད་ཀྱི་ངོས་འཛིན་ཕྲ་མོ་ཞིག །ཡུལ་མེད་རྗེས་མེད་དུ་མ་དག་ན། །ངེས་ཤེས་ཀྱིས་གཉུག་མའི་རང་ཞལ་འགེབས། །ཡུལ་སྣང་ལ་དེར་འཛིན་མེད་པ་དེ། །ཡེ་ཤེས་ཀྱི་བཞུགས་ཚུལ་ཡིན་མོད་ཀྱང་། །འཛིན་བྱེད་ལ་རྩད་གཅོད་གཏོང་མཁན་གྱི། །ཀུན་རྟོག་དེ་ཡུལ་མེད་མ་སོང་ན། །བདག་འཛིན་ཞེན་མེད་དོ་སྙམ་པ་ཡི། །ཕོ་ཚོད་དེས་རང་གཞན་བསླུས་པ་མང་། །ལར་འདི་ཡིན་དང་འདི་མིན་རྟོག་དཔྱོད་ཀྱིས། །གནས་ལུགས་ལ་དྲི་མས་མ་གོས་པས། །རྩིས་གདབ་དང་ངོས་བཟུང་མེད་པའི་ངང་། །གང་ཡིན་དང་གར་བབས་དེ་གར་གློད། །སྣང་སེམས་ལ་དེར་འཛིན་ཟད་པ་ན། །ཉམས་ལེན་གྱི་ཕུ་ཐག་ཆོད་པ་ཡིན། །དེ་སྐད་ཀྱི་བན་ཧྲུལ་རྒན་པོ་དེས། །ཆོས་མཐུན་གྱི་ལྷ་གྲོགས་གཞོན་ནུ་ལ། །ཐོལ་སྐྱེས་ཀྱི་དྲིས་ལན་གླུ་རུ་བླངས། །ཁྱེད་ཐུགས་ལ་འཕྲོད་ན་དེ་ལྟར་མཛོད། །རྒྱ་གྲོལ་གྱི་སྙིང་གི་བཅུད་དུ་ཤོག །འཇམ་དབྱངས་རྒྱ་གྲོལ་ལ་གནང་བའོ། །

ཞལ་གདམས་གནད་ཀྱི་མེ་བཙའ།

ཁྱེད་རང་ཡང་། ཟིན་མེད་རྣམ་གཡེང་སྙིང་པོར་རེ་བ་ལས། །འཆི་ཁའི་མ་ཎི་རྟ་རིན་བཟླས་ན་ལེགས། །བླ་དཔོན་ཆེ་དགུའི་ལད་མོ་མ་གྲུབ་ཀྱང་། །འཆི་ཁར་མ་སྨྱོ་ཙམ་ཞིག་གྲུབ་ན་དགའ། །མཁས་དང་གྲུབ་པའི་སྙན་གྲགས་མ་ཐོབ་ཀྱང་། །སེར་མགོ་ཐོན་ཙམ་བྱུང་ན་མི་དགའ་འམ། །དེ་ལས་གཞན་དུ་ཞུ་རྒྱུ་ཅི་ཡང་མེད། །བན་རྒན་མགོན་པོས་དྲང་གཏམ་རྗེན་པར་ཕུལ། །འཇམ་དབྱངས་ལའོ། །

དྲིས་ལན་དྲང་པོར་བརྗོད་པའི་གཏམ་དམ་པའི་ཞལ་ལུང་།

རྒྱལ་བ་ཀུན་དངོས་ཆོས་ཀྱི་རྗེ། །རྫོགས་པའི་སངས་རྒྱས་གཞན་ཕན་པས། །བདག་རྒྱུད་བྱིན་གྱིས་བརླབས་ནས་ཀྱང་། །འབྲེལ་ཚད་དོན་དང་ལྡན་པར་མཛོད། །ཀྱེ་ཧོ་གསོན་དང་ཆོས་ཀྱི་གྲོགས། །རང་བྱུང་སེམས་ཀྱི་གནས་ལུགས་འདི། །ཟང་ཐལ་བློ་ལས་འདས་པ་སྟེ། །གློད་དང་འཇོག་པའི་ཡུལ་མ་མཆིས། །རང་བབས་ནམ་མཁའ་དག་པ་འདྲ། །རྟག་ཏུ་འཕོ་འགྱུར་བྲལ་བ་སྟེ། །གཤིས་དེར་གློད་པའི་འཇོག་སོ་ཙམ། །ཡོད་ཀྱང་དེ་ག་འཛིན་ཞེན་ཡིན། །རང་སྟོང་གཉུག་མའི་རང་ཞལ་ལ། །ངོས་བཟུང་གཏད་སོའི་ཡུལ་སྟོང་བས། །འདི་ཞེས་གུད་དུ་བཅད་པའི་བློ། །དེ་ག་ཞེན་འཛིན་འཆིང་བ་ཡིན། །གཞི་གནས་གཉུག་མའི་ཡེ་ཤེས་དང་། །རང་རྩལ་འགགས་མེད་ཤར་བ་གཉིས། །རྣམ་དབྱེར་མེད་དོ་སྐད་པ་དེ། །གོ་བས་འཇལ་བའི་ཡིད་དཔྱོད་ཙམ། །བདེ་དང་སྟོང་དང་རོ་མཉམ་སོགས། །ཡིན་ཡིན་སྤྲོ་སྤྲོའི་སྣང་ཤེས་དེ། །ཤེས་ཉམས་བློ་ཡི་འགྱུ་བ་སྟེ། །ཞེན་ན་སྲིད་པའི་ས་བོན་ཉིད། །ཐ་མལ་ཤེས་པའི་རང་འགྲོས་ལ། །བཅོས་བསྒྱུར་རྡུལ་ཙམ་མ་བྱས་པའི། །རང་བབས་གསལ་དག་ཐོན་པ་འདི། །རིག་སྟོང་རྗེན་པའི་བཞུགས་ཚུལ་ཏེ། །གཤིས་དེར་བརྟགས་དཔྱད་བྱ་ར་ཡིས། །ངོས་བཟུང་དབྱེ་བསལ་བྱ་མི་དགོས། །གར་བབས་རང་སོར་བསྐྱུར་ལ་ཐོང་། །དྲན་འཛིན་བློ་དང་ཁྲོལ་ལ་ཞོག །དེ་ཉིད་ཡུན་དུ་གོམས་པ་ན། །འཛིན་ཞེན་གཏད་སོའི་རྟོག་ཚོགས་ཀུན། །རིག་པ་རྗེན་པའི་རང་བཞིན་དུ། །མཉམ་ཉིད་དབྱེ་བསལ་མེད་རྟོགས་པས། །འཕྲོ་གནས་རིས་མེད་ཕྱམ་མཉམ་ཚེ། །རྟོགས་པའི་ཐ་སྙད་བརྗོད་པར་ཟད། །གཞན་དུ་རིག་པའི་རང་ངོ་དང་། །འཛིན་ཞེན་ཀུན་རྟོག་སྣ་ཚོགས་གཉིས། །སོ་སོར་སྣང་བ་དེ་སྲིད་དུ། །གང་བྱུང་ཉམས་ཡིན་རྟོགས་པ་མིན། །བདེ་སྡུག་རོ་མཉམ་རྟོགས་པ་དེ། །བདེ་དང་སྡུག་བསྔལ་རང་དུས་ན། །རིག་པ་རྗེན་པའི་རང་མལ་ལས། །གཡོ་མེད་རིག་ངོར་ཕྱམ་མཉམ་པར། །ངེས་ཤེས་སྒྲོག་དང་བྲལ་བ་སྟེ། །སྤང་བླང་བྱ་རྒྱུ་མ་རྙེད་པའི། །རྒྱ་ཡན་རང་ས་ཟིན་པ་ལགས། །ལར་ནི་དང་པོའི་ལས་ཅན་ལ། །ཡུལ་རྐྱེན་གོ་ཡུལ་སྣ་ཚོགས་ཀྱིས། །ཉམས་ཀྱི་འཕེལ་འགྲིབ་ཅིར་ཡང་འབྱུང་། །གང་བྱུང་རྩིས་གདབ་བྲལ་བར་སྐྱོང་། །སྤྲང་བན་ཡོན་ཏན་མགོན་པོ་བདག །རྟོགས་པའི་གདེང་དང་མི་ལྡན་ཡང་། །དམ་པ་སངས་རྒྱས་དངོས་དང་མཇལ། །སྨིན་གྲོལ་གསུང་གི་བདུད་རྩི་ཐོབ། །དེ་ཕྱིར་གོ་མྱོང་རྟོགས་པའི་ཁྱད། །ཕྱོགས་ཙམ་མཐོང་ནས་ཁྱོད་ལ་བསྟན། །གྲོགས་ཁྱེད་སྙིང་ནས་ལྷ་ཆོས་ཤིག །མཛད་རྒྱུའི་བསམ་བློ་མཆིས་སྲིད་ན། །གཅིག་པུར་དབེན་པའི་གནས་སུ་གཤེགས། །ངོས་ལྐོག་མེད་པའི་ཆོས་ཤིག་མཛོད། །ཁྱིམ་དང་འདུ་འཛིའི་སོ་ཚིས་ཀུན། །སྐྱུག་པ་སླར་ཡང་ཟ་བ་བཞིན། །སྙིང་ནས་ཞེན་པ་ལྡོག་བྱས་ཏེ། །བློ་ཐག་རྦད་ཀྱིས་ཆོད་པར་མཛོད། །ལྷ་ཆོས་སྒྲུབ་ཤོམ་གཡེར་ཆེན་དེས། །རང་གཞན་སྣང་བ་སུན་བགྱིད་པའི། །གཉིས་མེད་སེདྒེའི་རྣམ་ཐར་གྱིས། །རྒ་བའི་གྲོང་སྒོར་ཕེབས་ལ་གཟིགས། །ད་ཡང་སྔར་བཞིན་མཛད་བཞེད་ན། །འོ་སྐོལ་བརྩེ་གདུང་འབྲེལ་ཟབ་པས། །འཕྲལ་གྱི་གསུང་གླེང་ཅི་དགྱེས་མཛོད། །ཆོས་གཏམ་འབག་འབུག་དགོས་པ་མེད། །དེ་སྐད་དྲང་པོར་སྨྲ་བའི་གཏམ། །དྲིས་ལན་ཚུལ་དུ་སྨྲས་པ་ལགས། །འཇམ་དབྱངས་ལའོ། །

ལྟ་སྒོམ་སྤྱོད་པའི་ལམ་གནད་ཀུན་བཟང་ཐུགས་ཀྱི་ཏི་ལ་ཀ

ཨེ་མ་ཧོ། ད་ལྟའི་ཤེས་པ་བཟོ་མེད་ཟང་ཁ་མ། །ཅོག་གཞག་རང་བབས་བསམ་ཡུལ་འདས་པ་ནི། །གདོད་མའི་མགོན་པོ་གཞན་ཕན་སྣང་བ་དང་། །འདུ་འབྲལ་མ་དམིགས་དོན་གྱི་བླ་མར་འདུད། ཀྱེ་ཧོ། འཁོར་དང་མྱ་ངན་འདས་པའི་ཆོས་སོ་ཅོག །ཐམས་ཅད་ཡེ་ནས་ཡོད་མ་མྱོང་བ་སྟེ། །གཞི་མེད་རྟེན་བྲལ་ནམ་མཁའ་ལྟ་བུ་ལ། །ང་བདག་གཟུང་འཛིན་ཞེན་པས་འགྲོ་འདི་བསླུས། །སྟོང་གསལ་ཆོས་ཉིད་དག་པའི་ནམ་མཁའ་བཞིན། །རྒྱ་གྲོལ་རིག་པ་བློ་ལས་འདས་པའི་དོན། །འཕོ་དང་འགྱུར་མེད་ཡེ་མཉམ་གདལ་བ་ཆེ། །ཆོས་མེད་བྱ་བྲལ་ལྟ་སྒོམ་ཡུལ་ལས་འདས། །བརྗོད་པས་མི་མཚོན་ཟང་ཐལ་ངོས་བཟུང་མེད། །རང་ཤར་རང་དག་སྤང་གཉེན་ཆོས་ལས་འདས། །ཇི་ལྟར་གནས་པ་ཆོས་ཉིད་རང་གི་འགྲོས། །ཕྱལ་བ་བར་མེད་མཐའ་དབུས་བྲལ་བ་ལགས། །གཤིས་ཀྱི་གནས་ལུགས་བློ་ཡི་ཡུལ་མིན་པས། །ངོས་འཛིན་མ་བྱེད་ཐད་ཀར་བབས་ཀྱིས་ཞོག །གསལ་སྟོང་ཕྱོགས་རེས་གནས་ལུགས་མཚོན་མིན་པས། །ཡེ་ཡིན་རང་བཞག་ངེས་ཤེས་བློ་དང་ཁྲོལ། །འདི་ཞེས་ཞེན་ཡུལ་རྡུལ་ཙམ་མ་མཆིས་ཤིང་། །ཆོས་ཉིད་གཤིས་ལས་ཡེངས་ཡུལ་ཟད་པ་ན། །བློ་འདས་དྲན་པའི་རང་ཞལ་མཇལ་བ་སྟེ། །ཆེད་འཛིན་རྒྱང་སོའི་འཛིན་པ་ཞིག་པ་ལགས། །དེ་ལས་གཞན་དུ་ཡིད་དཔྱོད་བློས་བྱས་ཀྱིས། །གོ་ཡུལ་རྒྱས་འདེབས་ཉམས་ཀྱི་འཆར་སྒོ་ལ། །རྩིས་སུ་འཛིན་པ་དང་པོའི་ལས་ཅན་ཏེ། །བཅོས་མའི་ཉམས་ཀྱིས་གནས་ལུགས་རང་ངོ་སྒྲིབ། །ད་ལྟའི་རིག་པ་བློ་ཡིས་མ་བཅོས་པ། །ཟང་ཐལ་ཉག་གཅིག་གསལ་སྟོང་སོ་མ་འདི། །འདི་བཞིན་བབས་ལ་བསྐྱུར་ན་གནས་ལུགས་ཏེ། །བཅོས་ཤིང་བཅོས་ཤིང་སྙིང་པོ་འདི་ཉིད་སྟོར། །བསྒོམ་པའི་ངོ་བོ་རང་བབས་ཟང་མ་སྟེ། །ཆེད་དུ་བཅོས་མིན་རང་ངོ་རྗེན་པའི་ཆ། །རང་གསལ་གཡོ་མེད་དྭངས་པའི་རྒྱ་མཚོ་བཞིན། །སྣང་གསལ་འཛིན་པ་བྲལ་བའི་ངང་དེར་གློད། །གནས་ཆའི་མི་རྟོག་ཆེད་དུ་སྐྱོང་མིན་པ། །རིག་པའི་རང་ངོ་ཟང་མ་ཐལ་བྱུང་ནི། །གསལ་ལ་མི་རྟོག་མིང་འདོགས་ཀུན་ཟད་པས། །རང་ལུགས་རྗེན་པར་ཕྱམ་གྱིས་བོར་ལ་ཞོག །དེ་ཚེ་རྟོག་པའི་ཆོ་འཕྲུལ་ཅི་བྱུང་ཡང་། །ཤར་ཙམ་ཉིད་ནས་ངང་ལས་མ་གཡོས་པའི། །ཟང་ཐལ་རྩལ་གྱི་མེ་ལོང་དག་པ་འདྲ། །ཤར་དང་མ་ཤར་རིས་མེད་རང་སར་དག །དེ་ལ་རྒྱས་འདེབས་ཞེན་པས་མ་འཆིང་པར། །རང་བབས་ངང་དེར་གང་ཤར་ཤར་དུ་ཆུག །ངོས་འཛིན་མི་དགོས་གར་བབས་ཡས་ལ་བོར། །རང་འགྲོས་ཡེ་ཤེས་ཡིན་གྱི་སོ་མར་ཞོག །དེ་ལྟར་ལྟ་སྒོམ་སྤྱོད་པའི་ཉམས་ལེན་གནད། །རང་གི་ཡིད་ལ་ངེས་པ་གང་སྐྱེས་རྣམས། །བློ་སྙིང་གཏོད་པའི་རྡོ་རྗེའི་མཆེད་ཁྱོད་ལ། །གབ་སྦས་སྤངས་ཏེ་ལྷུག་པར་བརྗོད་པ་ལགས། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་པས། །མི་དགེ་སྤང་ཞིང་དགེ་ཆོས་ཅི་འགྲུབ་བྱ། །ནམ་འཆི་ཆ་མེད་གཤེད་མས་བདས་འདྲ་དང་། །བསླུ་མེད་རྒྱུ་འབྲས་ཕྲ་ལ་ཤིན་ཏུ་གཟབ། །སྙིང་རྗེ་བྱམས་སེམས་བླ་མར་མོས་གུས་ཀྱིས། །ཐུགས་ཡིད་འདྲེས་པའི་ཚུལ་ལ་ནན་ཏན་མཛོད། །ཚེ་འདི་བློས་ཐོང་དབེན་པའི་རི་ལ་བྲོས། །སྙོམ་ལས་མ་བྱེད་བརྩོན་འགྲུས་སྲོག་དང་བསྡོས། །དཔང་པོའི་གཙོ་བོ་རང་སེམས་ཟོལ་མེད་གྱིས། །དེ་ལྟར་མཛད་ན་གོང་མའི་བརྒྱུད་པ་ཟིན། །དམན་པ་བདག་ཀྱང་སྙིང་ནས་ཡི་རང་ངོ་། །དེ་ལྟར་ཆོས་དང་མཐུན་པའི་ནང་གྲོས་འདི། །སྙིང་གི་བུ་ལ་དྲང་པོར་སྨྲས་པ་སྟེ། །འདི་བཞིན་ཐུགས་ལ་རྟག་ཏུ་གསལ་འདེབས་དང་། །དམ་བཅའ་སྲོག་དང་བསྡོས་ཏེ་འབད་འཚལ་ལོ། །ནོར་བཟང་ལ་སྤྲིངས་པ་དགེ །

གདམས་ངག་འཁྲུལ་རྟོག་རང་གྲོལ།

མཁའ་ལྟར་ཁྱབ་ཅིང་སྤྲོས་མེད་པའི། །རིག་སྟོང་ཡེ་ཤེས་ཐིག་ལེ་དང་། །འདུ་འབྲལ་མེད་པའི་བླ་མ་ལ། །རང་ཞལ་མཇལ་བའི་ཕྱག་གིས་འདུད། །དྲན་རིག་སོ་མ་རྒྱ་ཡན་འདི། །ཞེན་བློའི་ར་བར་མ་འཆིང་ཞིག །འཆིང་ན་བློས་བྱས་འཁྲུལ་བ་སྟེ། །ནམ་ཡང་གྲོལ་བའི་དུས་མི་འབྱུང་། །འགྱུ་བ་སེམས་ཀྱི་ཀུན་རྟོག་འདི། །ནན་གྱིས་མཁའ་ལ་མདུད་པ་འདྲ། །སྐྱེས་ཙམ་ཉིད་ནས་མ་གྲུབ་པས། །རྟོག་པས་རྟོགས་པ་མ་འཚོལ་ཞིག །རང་བཞིན་བབས་ཀྱི་བསམ་གཏན་འདི། །རང་གསལ་བར་སྣང་དག་པ་འདྲ། །ཡེངས་དང་སྒོམ་ཞེས་སྤང་བླང་མེད། །རང་བབས་ཕྱམ་ལ་བོར་ཅིག་ཨང་། །ལར་བློས་བྱས་ཐམས་ཅད་འཁྲུལ་བ་སྟེ། །བློ་ལས་འདས་ན་ཆོས་སྐུ་ཡིན། །ངོས་བཟུང་མེད་ན་གནས་ལུགས་ཡིན། །ཞེན་པ་ཟད་ན་རྟོགས་པ་ཡིན། །རྟོགས་ཚད་ནང་ནས་སྐྱེས་པ་ན། །རྐྱེན་དང་ནད་གདོན་ཆོ་འཕྲུལ་སོགས། །གང་ཡང་སྒྱུ་མའི་ལྟད་མོ་ལྟར། །མཐོང་ནས་རེ་དོགས་འཁུ་འཕྲིག་ཟད། ཨ་ལ་ལ་ཧོ། །ཞེས་པའང་ནོར་བཟང་ལ་གདམས་པའོ། །

རྟོགས་བརྗོད་སྤྲིན་གྱི་ཟློས་གར།

སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །དྲན་མཆོག་རྒྱལ་པོ་གཞན་ཕན་པ། །སྤྲང་པོའི་བློ་གཏད་ཁྱེད་ལས་མེད། །འདི་ཕྱི་ཀུན་ཏུ་ཐུགས་རྗེས་ཟུང་། །འདུ་འཛིས་བྲེལ་བའི་རྡུལ་ཁྲོད་ན། །རྣལ་འབྱོར་བྱར་མེད་བློ་བདེ་ང་། །དངུལ་ཆུ་ལྟ་བུའི་ཉམས་ཤིག་ཤར། །ཆོས་བརྒྱད་རྡུལ་གྱིས་གོས་སྙམ་མེད། །ཆོས་ཀུན་ངང་གིས་གྲོལ་བ་འདི། །བར་སྣང་དག་པའི་བྱ་རྗེས་འདྲ། །ཡེ་ནས་ཡོད་མ་མྱོང་བ་ལ། །མིང་ཙམ་འཛིན་པ་རང་ངོར་དག །རིག་པ་རྗེན་ལ་བུད་པ་འདི། །ཡུར་ཆུ་ཆད་པའི་རང་འཐག་དང་། །སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན། །རང་སངས་རང་གསལ་ཕྱམ་ཕྱམ་གཅིག །མ་དག་རྟོག་པའི་ཆོ་འཕྲུལ་འདི། །ནན་གྱིས་མཁའ་ལ་མདུད་པ་འདྲ། །གཞི་མེད་རང་དག་ཆེན་པོ་རུ། །གནད་ཤེས་ཙམ་གྱིས་རང་ངོ་སྟོང་། །སྣ་ཚོགས་གྲུབ་མཐའི་ཞེ་འདོད་འདི། །སྨིག་རྒྱུའི་ཆུ་ཡི་ཁ་དོག་དང་། །རོ་ཡི་ཁྱད་པར་རྩོད་པ་འདྲ། །འབྲས་མེད་ངལ་ཁུར་ཨ་ཐང་ཆད། །ཆགས་སོགས་གཉེན་པོར་འབད་པ་འདི། །མོ་ཤམ་བུ་མོ་གསོད་དོན་དུ། །རི་བོང་རྭ་ལ་རྣོ་བཏོན་འདྲ། །བསམ་ཞིང་ཡ་མཚན་གད་མོ་འཆོར། །ལམ་དང་འབྲས་བུའི་རྣམ་བཞག་འདི། །བར་སྣང་བྱ་རྗེས་མཐོ་དམན་དང་། །སྤྲིན་དང་བྲལ་བའི་ཉི་མ་འདྲ། །སྤང་ཐོབ་བྲལ་བ་ཨ་ལ་ལ། །བདེ་གསལ་ཉམས་ཀྱི་སྣང་བ་འདི། །སྟོན་ཀའི་སྤྲིན་གྱི་འདུ་བ་བཞིན། །བྱུང་ནས་རང་ཡལ་རང་ལ་ཐིམ། །ཆེད་འཛིན་གཏད་སོའི་ཞེན་ཡུལ་སྟོང་། །རྟོགས་བརྗོད་གླུ་དབྱངས་ལེན་པ་འདི། །ནམ་མཁའི་མདོག་དབྱིབས་འཆད་པ་བཞིན། །བརྗོད་པས་མཚོན་དུ་མེད་པའི་ཕྱིར། །གང་ལྟར་སྨྲས་ཀྱང་རྫུན་དུ་ཟད། །རྣལ་འབྱོར་ཡོན་ཏན་མགོན་པོ་བདག །བརྒྱུད་གསུམ་བླ་མའི་གཅེས་ཕྲུག་ཡིན། །ནོར་ལ་རྩིས་མེད་སྤྲང་པོ་ཡིན། །ཆོས་ལ་བྱར་མེད་བློ་བདེ་ཡིན། །ཚིག་ལ་གང་དྲན་ཐོལ་བྱུང་ཡིན། །བདེན་རྫུན་ཅི་འགྱུར་ཆ་མ་འཚལ། ཧ་ཧ། །ཞེས་ཉམས་མཚར་དུ་སྨྲས་སོ། །

ཞལ་གདམས་གནད་ཀྱི་ཐུར་མ།

བུ་རིག་པ་རྗེན་ལ་བུད་དུས་སུ། །གཏད་སོའི་ཞེན་ཡུལ་མ་འཚོལ་ཞིག །དེ་འཚོལ་ན་བློས་བྱས་ཀྱི་གཟེབ་ཏུ་འཆིང་། །ནམ་ཡང་གྲོལ་བའི་དུས་མི་འབྱུང་། །བུ་རྟོག་པ་གང་ཤར་རང་ངོ་རུ། །དབྱེ་བསལ་མེད་པའི་རང་ལུགས་ལ། །རྒྱས་འདེབས་སྒྲིན་པོས་མ་འཆོས་ཤིག །དེ་འཆོས་ན་གོ་ཡུལ་གྱི་ཞེན་རོ་ལྡང་། །ཤར་གྲོལ་གྱི་གཤིས་ལ་རེག་དུས་མེད། །བུ་ཆོས་བརྒྱད་འཇའ་ཚོན་རི་མོ་ལ། །བསྙེག་འདོད་མངོན་ཞེན་མ་ཆེ་ཞིག །དེ་ཆེ་ན་འདུ་འཛིའི་བྲེལ་དོ་འཕེལ། །ཐ་མལ་འཁྲུལ་འབྱམས་སུ་ཤོར་ཉེན་ཆེ། །བུ་གང་ཡང་ལམ་དུ་གྱུར་པ་དེ། །རྟོགས་པའི་རང་རྩལ་རྫོགས་པ་ཡིན། །ཧ་ཅང་རང་རྩིས་ཆེ་དྲགས་ན། །སྙེམས་ཀྱིས་རང་ངོ་སྒྲིབ་ཉེན་ཆེ། །བུ་ཉམས་ཀྱི་གླུ་ཆུང་ལེན་པ་འདི། །རྩལ་སྣང་ཟང་མ་ཡིན་མོད་ཀྱང་། །མང་པོའི་ཚོགས་སུ་འཆེལ་བ་ན། །སྒྲོ་སྐུར་གཡབ་མོ་འབྱུང་ཉེན་ཆེ། །ལྐུགས་པ་ལྟ་བུའི་རྣམ་ཐར་སྐྱོངས། །དབོན་སྤྲུལ་འཕྲིན་ལས་ལའོ། །

འབེལ་གཏམ་བདུད་རྩིའི་ཟེགས་མ།

རྒྱལ་ཀུན་སྤྱི་གཟུགས་དོན་གྱི་རྡོ་རྗེ་འཆང་། །མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས་དེས། །ཆོས་མཐུན་གྲོགས་ཁྱེད་ཚེ་རབས་ཀུན་ཏུ་ཡང་། །འདུ་འབྲལ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཀྱེ་ལགས་སྙིང་པོའི་ལྷ་ཆོས་མཛད་དགོངས་ན། །བློ་སྦྱོང་གཙོ་བོ་མི་རྟག་འཆི་བ་ལ། །སྐད་ཅིག་ཡེངས་མེད་བློ་སྦྱོང་རྒྱུན་བསྲིངས་ཏེ། །སྤྱོད་ལམ་ཀུན་ཏུ་ངེས་པར་འཆི་ཞེས་སོམས། །དེས་ནི་ཚེ་འདིའི་ཞེན་པ་ཇེ་ཆུང་འགྲོ། །དུས་རྣམས་ཀུན་ཏུ་སེམས་ཅན་སུ་མཐོང་ཡང་། །ཕ་མ་དངོས་ཀྱི་འདུ་ཤེས་སྙིང་ནས་བསྐྱེད། །ཕན་འདོད་ལྷག་བསམ་གཏིང་ནས་སྐྱེས་པའི་ཚེ། །ཐམས་ཅད་སངས་རྒྱས་སར་འགོད་དམ་བཅའ་ལོངས། །ཅི་བྱེད་གཞན་དོན་འགྱུར་བའི་ཐབས་མཁས་ཀྱིས། །སྡིག་པ་སྤངས་ཏེ་དགེ་བའི་ཕྱོགས་སུ་འབད། །ཁྱད་པར་དཀོན་མཆོག་མཆོད་དང་དབུལ་ཕོངས་ལ། །སྦྱིན་པ་ཅི་འབྱོར་ལྷག་བསམ་དག་པས་འབད། །དེ་ཡང་མཆོད་པའི་གཙོ་བོ་ཚོགས་འཁོར་གྱིས། །ཚེས་བཅུའི་དུས་མཆོད་གཟུང་བ་གལ་ཆེ་ཞིང་། །མཆོད་སྦྱིན་གང་ཡང་ཆོས་བརྒྱད་དོན་གཉེར་དང་། །རང་གཞན་ཉོན་མོངས་རྒྱུ་རུ་མ་སོང་བྱ། །ཡི་དམ་ཀུན་འདུས་བླ་མ་ཧེ་རུ་ཀ། །རིག་འཛིན་འདུས་པའི་ནང་སྒྲུབ་ལ་བརྟེན་ནས། །བསྐྱེད་རིམ་མོས་སློབ་ཙམ་གྱིས་གསལ་བཏབ་ནས། །ང་རྒྱལ་བརྟན་པའི་ངང་ནས་བཟླས་བརྗོད་འབུངས། །ཁྱད་པར་ལས་དང་པོ་ཡིས་ཕྱག་འཚལ་སོགས། །དམིགས་བཅས་བསགས་སྦྱང་འབུམ་ལྔ་ཅི་འགྲུབ་དང་། །བྱིན་རླབས་རྩ་བ་བླ་མའི་རྣལ་འབྱོར་གྱི། །གསོལ་འདེབས་བསྙེན་པ་དུང་ཕྱུར་འགྲུབ་ངེས་བྱ། །དེ་ཡང་མོས་གུས་ཡིད་ཆེས་རྩེ་གཅིག་པས། །ཁྱེད་ཤེས་བློ་གཏད་ལིང་བསྐྱུར་ཁོ་ན་ཡིས། །སྙིང་ནས་གསོལ་བ་ཐོབ་ལ་དབང་བཞི་ལེན། །དེས་ནི་གནས་ལུགས་དོན་གྱི་འོད་གསལ་མཆོག །བསལ་བཞག་བྲལ་བའི་ཡེ་ཤེས་རྗེན་པ་རུ། །མཐོང་ནས་སྤྲོས་པའི་དྲ་བ་རྒྱུན་ཆད་དེ། །བློ་བྲལ་གཤིས་ལ་བཙན་ས་ཟིན་པར་འགྱུར། །བལྟ་བྱ་ལྟ་བྱེད་གཉིས་བཅས་འགྱུ་དྲན་གྱིས། །རང་ངོ་སྐྱོང་བ་དང་པོའི་ལས་ཅན་ཏེ། །ལྟ་མཁན་ཉིད་ཀྱི་ངང་དེར་གློད་ཤེས་ན། །དྲན་པ་བསྒོམ་ཤར་འགྱུ་དྲན་རང་དག་འགྲོ། །བདེ་སྡུག་ཉམས་ཀྱི་འགྱུར་བ་གང་ལ་ཡང་། །བདེ་བ་འཆར་དང་སྡུག་བསྔལ་ཟུག་རྔུའི་སེམས། །དེ་ཡི་ཐོག་ཏུ་ཧུར་བསྐྱེད་ཐད་ཀར་གློད། །ཟང་ཐལ་གསལ་ངར་ཐོན་པའི་ཉམས་མྱོང་འབྱུང་། །མདོར་ན་བཟང་ངན་སྣང་བ་ཅི་ཤར་ཡང་། །ཤར་རྗེས་མ་འབྲང་ཤར་མཁན་ཐོག་ཏུ་གློད། །ཆེད་དུ་མ་འཛིན་རང་བབས་ཕྱམ་ལ་ཐོང་། །དེས་ནི་རྐྱེན་སྣང་གང་ཡང་ལམ་དུ་སློང་། །དེ་སྐད་ཆོས་མཐུན་འབེལ་གཏམ་ཉུང་ངུ་འདི། །ཚིག་ལ་སྙན་ཆ་སྡེབ་ལེགས་མ་མཆིས་ཀྱང་། །དམ་པའི་ཞལ་རྒྱུན་རང་བློར་གང་ངེས་པའི། །ཆ་ཙམ་སྙིང་གཏམ་ཚུལ་དུ་བྲིས་པ་སྟེ། །ལན་བརྒྱར་བཏུད་ཀྱང་གནད་བསྡུས་འདི་ལས་མེད། །ཤི་ན་ཁ་ཆེམས་གསོན་ན་ཁ་ཏ་ཡིན། །འདི་བཞིན་མཛད་ན་འདི་ཕྱི་ཀུན་ཏུ་ཡང་། །བསླུ་བ་མེད་པ་དམ་པའི་ཞལ་ལུང་ཡིན། །བཀྲ་ཤིས། མདྒ་ལཾ། །

གདམས་ངག་རྐང་བཞི་མ།

དགོས་འདོད་ཀུན་འབྱུང་ཐུགས་རྒྱུད་རྟོགས་པའི་ནོ༷ར། །དད་མོས་དྲག་པོས་གསོལ་བ་མ་བཏབ་ན། །བཟ༷ང་དགུས་བརྒྱན་པའི་ལོངས་སྤྱོད་ཐར་བའི་མཆོག །འཐོབ་པར་མི་འགྱུར་སྔ་མར་ནན་ཏན་གྱིས། །ནོར་བཟང་ལ་རྩེད་མཚར་དུ་སྨྲས། །

སྙིང་གཏམ་སེམས་ཀྱི་སྐྱོ་གྲོགས།

དྲིན་གཞལ་དུ་མེད་པའི་རྡོ་རྗེ་འཆང་། །རྗེ་སྐུ་བཞིའི་དབང་ཕྱུག་གཞན་ཕན་པ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །དུས་རྟག་པར་བདག་རྒྱུད་བྱིན་གྱིས་རློབས། །བློ་ཆོས་མཐུན་གྱི་བསམ་པ་མི་དམན་པས། །བྱང་མཚོ་སྔོན་ཕྱོགས་ནས་ཆོས་ལ་བྲོས། །གནས་དབེན་པར་དགའ་བའི་མཆེད་གྲོགས་ལ། །ངེད་རྒན་པོས་སྙིང་གཏམ་ཚིག་གསུམ་འཆད། །ལར་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །སྐྱོ་ཤས་ངེས་འབྱུང་མ་སྐྱེས་ན། །ཙབ་ཙུབ་ཏུ་ཆོས་དོན་གཉེར་ན་ཡང་། །ཆོས་མཐར་ཕྱིན་པ་ཉུང་ངོ་ཨང་། །ངན་སོང་ལ་འཇིགས་ནས་ཞི་བདེའི་བློས། །རང་གཅིག་པུ་ཐར་བ་དོན་གཉེར་ཡང་། །གཞན་ཕན་གྱི་བསམ་པ་མ་བསྐྱེད་ན། །ཞི་བ་ཕྱོགས་གཅིག་ཏུ་ལྷུང་ངོ་ཨང་། །ཚེ་མི་རྟག་འཆི་བའི་ངང་ཚུལ་ལ། །བློ་གཏིང་ནས་འབྱོང་བར་མ་བྱས་ན། །ཕྱི་ཚིས་དང་རྣམ་གཡེང་གི་མགོ་སྐོར་འདིས། །མི་ཚེ་སྟོང་ཟད་དུ་འགྱུར་རོ་ཨང་། །བློ་སྦྱོང་གི་མན་ངག་ཇི་སྙེད་པ། །རང་རྒྱུད་ལ་ནན་སྦྱོར་མ་བྱས་ན། །བསགས་སྦྱང་གི་ཁ་གྲངས་རྫོགས་རློམ་འདིས། །ཆོས་གཞུག་ལས་ཉམས་པར་འགྱུར་རོ་ཨང་། །བླ་མ་ལ་མི་རུ་མཐོང་ཙ་ན། །བརྩེ་གདུང་གི་འདུན་པ་ཆེ་སྐད་ཀྱང་། །ཅུང་ཟད་རེའི་རྐྱེན་གྱི་གཞན་དབང་ལས། །མོས་གུས་ལ་འདུ་འབྲལ་སྐྱེན་ནོ་ཨང་། །གདམས་ངག་ལ་སྙིང་རུས་མ་བསྐྱེད་ན། །ལོ་ཟླའི་ཁ་གྲངས་འཁྱོལ་འཁྱོལ་ཙམ། །ངས་བྱས་ཀྱི་སྡུག་ཡུས་འདྲེན་པ་ན། །ཉམས་རྟོགས་ཀྱི་ལས་སྐལ་མེད་དོ་ཨང་། །དོན་དེ་ཕྱིར་ཆོས་མཐུན་གྱི་ལྷ་གྲོགས་ཁྱེད། །སྙིང་ནས་ལྷ་ཆོས་ཤིག་མཛད་དགོངས་ན། །ཆོས་བརྒྱད་དང་ཚེ་འདིའི་བདེ་སྐྱིད་ལ། །ཞེན་པ་གཏིང་ནས་ལོག་པ་དགོས། །རྣམ་གཡེང་དང་ལེ་ལོའི་བྲེལ་དོ་ལ། །སྙིང་པོ་མེད་པ་ཐག་ཆོད་དེ། །འཆི་ནད་ཀྱིས་དངོས་སུ་ཐེབས་པ་བཞིན། །ལོང་མེད་དུ་བློ་སྣ་སྟུངས་ཤིག་ཨང་། །རང་ཚོད་ཀྱིས་ཆོག་ཤེས་མི་བྱེད་པར། །གྲུབ་བརྙེས་གོང་མ་ཚོའི་རྣམ་ཐར་ལ། །ཁ་མིག་ཡར་ལྟོས་ཀྱི་དཔེར་བྱས་ནས། །བརྩོན་འགྲུས་སྲོག་དང་བསྡོས་ཤིག་ཨང་། །མི་ཚེ་སྒྲུབ་ལ་མ་དྲིལ་ན། །ལོ་མཚམས་དང་ཟླ་མཚམས་ཀྱི་བྱས་ཡུས་ཙམ། །སྒྲུབ་པ་མཐར་ཕྱིན་མ་ལགས་པས། །ཅུང་ཟད་ལ་རེ་འཁང་མ་ཆེ་ཨང་། །སྣང་སེམས་ལ་ཞེན་པ་མ་སྤང་ན། །ལུང་སྟོང་དུ་གཅིག་པུར་རྒྱུ་བ་ཙམ། །དབེན་པ་མཐར་ཐུག་མ་ལགས་པས། །ཞེན་མེད་ལམ་དུ་སློངས་ཤིག་ཨང་། །ཤར་གྲོལ་གྱི་རང་རྩལ་མ་རྫོགས་པར། །ཀུན་རྟོག་གི་རྩ་བ་ཆོད་དཀའ་ཡང་། །རྗེས་ཤེས་ཀྱི་རྟོག་དཔྱོད་མ་མང་བར། །ངོ་ཤེས་ཀྱི་ངང་ལ་གློད་ཅིག་ཨང་། །ཐ་མལ་གྱི་ཤེས་པ་རྒྱ་ཡན་ལ། །གཏད་འཛིན་གྱི་ཞེན་པས་མ་འཆིང་བར། །རང་བབས་སོ་མའི་གཤིས་ལུགས་ལ། །བཅས་བཅོས་མེད་པར་སྐྱོངས་ཤིག་ཨང་། །ལར་ལྟ་བ་མཐོ་མཐོའི་གོ་ཡུལ་གྱིས། །ཤེས་ཉམས་ལ་རྟོགས་པར་རློམ་པ་དེས། །གནས་ལུགས་ཀྱི་རང་ཞལ་མི་མཐོང་བས། །མངོན་སུམ་གནད་ལ་ཕོབས་ཤིག་ཨང་། ཀྱེ་ཧོ། མཐའ་བརྒྱད་སྤྲོས་བྲལ་གྱི་ཁང་མཛེས་ན། མཉམ་རྫོགས་རིག་སྟོང་གི་རྒྱལ་པོ་བཞུགས། །སྣང་སེམས་ཤར་གྲོལ་གྱི་མངའ་ཐང་ཆེ། །མཐའ་ཕེབས་ཚར་གཅོད་ཀྱི་བཀའ་ཁྲིམས་དམ། །རང་བབས་བདེ་སྟོང་གི་བཙུན་མོ་མཛེས། །ཉམས་རྟོགས་རང་འབར་གྱི་དབུ་འཕང་མཐོ། །དགོངས་པ་ཀློང་རྡོལ་གྱི་སྲས་འཁོར་མང་། །ཤར་གྲོལ་རིས་མེད་ཀྱི་དཔུང་ཚོགས་བཙན། །འཁོར་བ་རུ་ལོག་གི་མཚོན་ཐབས་མཁས། །འཁྲུལ་བ་གཞི་གྲོལ་དུ་བཅོམ་བརླག་པས། །འཁོར་བ་མིང་མེད་དུ་ཨ་ལ་ལ། །སྐུ་གསུམ་ཡེ་རྫོགས་ཀྱི་རྒྱལ་ཐབས་ལ། །རྟོགས་པ་རྩལ་རྫོགས་ཀྱི་དབང་འབྱོར་ནས། །ས་ལམ་ཆིག་ཆོད་དུ་ཡོངས་གྲོལ་བས། །བྱར་མེད་ཀློང་གྲོལ་དུ་ཨ་ལ་ལ། །ལར་ད་ལྟའི་རིག་པ་རྗེན་པ་ལ། །བློས་བྱས་ཀྱི་བསྒྱུར་བཀོད་མ་མང་བར། །བློ་འདས་རང་གི་གཤིས་སུ་ཞོག །རང་བཞག་ལ་ཆོས་སྐུའི་ཡེ་ཤེས་བཞུགས། །གཏད་མེད་ཀྱི་རིག་པ་ཟང་མ་ཐལ། །ཞེན་མེད་རྒྱ་ཡན་དུ་སྐྱོང་ཤེས་པས། །སྣང་སེམས་ལ་ཞེན་པས་མ་བཅིངས་ན། །ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ཙམ། །དེ་ཡིས་སུ་ལ་ཕན་གནོད་དང་། །ཤོར་གོལ་ཕུང་འཚེངས་རྡུལ་ཙམ་མེད། །དེ་ཕྱིར་གང་སྣང་གང་ཤར་ཀུན། །སྤང་བླང་བཅས་བཅོས་འགའ་མེད་པར། །བློ་བྲལ་གཤིས་ཀྱི་ངང་ལ་ཞོག །བཞག་ཅེས་མིང་གི་བླ་དྭགས་ཙམ། །བྱ་རྩོལ་བྲལ་ན་དེ་ཀ་རང་། །སྣང་བའི་ཡུལ་ལ་བློས་མ་དཔྱོད། །འཛིན་པའི་སེམས་ལ་དམིགས་མ་འཚོལ། །གཉིས་མེད་ཟང་ཐལ་རྗེན་པ་ལ། །ངོས་བཟུང་མེད་པར་རང་སར་ཞོག །དེ་སྐད་གང་ཤར་ཐོལ་བྱུང་དུ། །ཡི་གེར་བྲིས་ནས་ཕུལ་བ་ལགས། །ལེགས་བཤད་ལ་གདམས་པའོ། །

ཀ་རྩོམ་ཟླ་བའི་ཞུན་ཐིགས།

མཁྱེན་བརྩེའི་ཉི་ཟླ་མཆོག་ཏུ་གསལ་བ་ལས། །ཟབ་རྒྱས་ཆོས་ཀྱི་འོད་ཟེར་སྟོང་འཕྲོ་པས། །སྲིད་ཁམས་རྨོངས་པའི་མུན་པ་སེལ་མཛད་པའི། །ཆོས་ཀྱི་སྣང་ཆེན་དཔལ་ལྡན་བླ་མར་འདུད། །ཀྭ་ཡེ་གསོན་དང་ཡིད་མཐུན་ཆོས་ཀྱི་མཆེད། །ཁ་ཙམ་མིན་པར་ཆོས་ཤིག་མཛད་དགོངས་ན། །ག་ལེར་སོས་དལ་བསྡད་པས་མི་འོང་གིས། །ང་རྒྱལ་རང་འདོད་སྤང་བའི་ལྷག་བསམ་བསྐྱེད། །ཅ་ཅོ་སྨྲ་བ་མ་མང་བཟླས་བརྗོད་འབུངས། །ཆ་ལུགས་གང་ཡང་ཆོས་དང་མཐུན་པར་བསྟེན། །ཇ་ཆང་ཟས་ལ་མ་ཞེན་ལོག་འཚོ་སྤོངས། །ཉ་རེ་ཉོ་རེའི་ལེ་ལོ་རྩད་ནས་ཕྱུང་། །ཏ་ཐཱའི་བསྟན་པའི་སྙིང་པོ་ལུང་རྟོགས་ཆོས། །ཐ་དད་གྲུབ་མཐའ་རིས་སུ་མ་བཅད་པར། །ད་རེས་བསྟན་པ་ཡོངས་རྫོགས་ཉམས་ལེན་ལ། །ན་མ་རེ་བཞིན་ཅིས་ཀྱང་བརྩོན་པར་མཛོད། །པཱ་ར་མི་ཏའི་རིང་ལུགས་ཕྱིན་དྲུག་ལམ། །ཕ་རོལ་ཕྱིན་པའི་མདོ་དང་བསྟན་བཅོས་བཞིན། །བ་ལྟར་རྨོངས་པའི་འགྲོ་ལ་ལྷག་བསམ་གྱིས། །མ་ལུས་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་མཛོད། །ཙཱ་རི་ཏྲ་སོགས་འཕགས་བོད་གནས་ཆེན་དུ། །ཚ་གྲང་དཀའ་སྤྱད་སྒྲུབ་པར་མ་ནུས་ཀྱང་། །ཛ་ཡ་གོང་མས་བསྔགས་པའི་དབེན་ཁྲོད་དེར། །ཝ་བཞིན་དམན་ས་བཟུང་སྟེ་རང་རྒྱུད་ཐུལ། །ཞྭ་གོས་གཟབ་འཕྱོར་རྒོད་བག་གཡེང་བའི་རྒྱུ། །ཟ་འདོད་རྙེད་འཚོལ་ཐ་མལ་སྐྱེ་བོའི་ལུགས། །འ་འུར་ཆོས་བརྒྱད་ཆ་བཅས་སྤངས་ནས་ཀྱང། །ཡ་རབས་དམ་པའི་རྣམ་ཐར་ཇི་བཞིན་སློབས། །ར་བ་བྲག་རིས་བསྐོར་བའི་དབེན་ཁྲོད་དུ། །ལ་འུར་ཚེ་འདིའི་བྱ་བ་བློས་བཏང་སྟེ། །ཤ་ཚ་སྙིང་ཉེའི་གཞོན་གྲོགས་འཚོལ་མིན་པར། །ས་འཛིན་ལྟར་དུ་བསྒྲུབས་ ཚུགས་ཟིན་པར་མཛོད། །ཧ་ལམ་ཆོས་དང་མཐུན་པའི་བསྒྲུབ་བྱ་འདི། །ཨ་གསར་ངོ་དགའི་གྲོགས་མིན་ཆོས་མཐུན་གྱི། །བགྱི་བ་དོན་ལྡན་མཆེད་དེའི་བཞེད་སྐོང་དུ། །ཆོས་ལྟར་བཅོས་པའི་བན་རྒན་ཧྲལ་པོས་ཕུལ། །ཐོར་ཅོག་ལ་གདམས་པའོ། །

ངོ་མཚར་རྡོ་རྗེའི་དོ་ཧ།

རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་ཕྱིན་ཏེ། །ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན་བརྙེས་པའི། །མཚུངས་མེད་བླ་མ་རྫོགས་པའི་སངས་རྒྱས་དེའི། །ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཀྱེ་ལགས་གསོན་དང་ཐར་འདོད་སྙིང་གི་གྲོགས། །འོ་སྐོལ་ཐོག་མ་མེད་ནས་ད་བར་དུ། །སྲིད་པ་འདིར་འཁྱམས་ལས་ཀྱི་གཞན་དབང་གིས། །མཐོ་དམན་བདེ་སྡུག་སྣ་ཚོགས་ལ་སྤྱོད་དེ། །ད་དུང་མུ་མཐའ་མེད་པའི་སྐབས་བཙལ་ནས། །ནམ་ཡང་ཐར་བའི་དུས་མེད་ཡིད་རེ་སྐྱོ། །འོན་ཀྱང་སྲིད་པའི་འཁྲུལ་སྣང་རྨི་ལམ་བཞིན། །སྣང་དུས་ཉིད་ནས་རྡུལ་ཙམ་མ་གྲུབ་པས། །སྒྱུ་ལ་མཁས་པའི་སྒྱུ་མའི་ལྟད་མོ་བཞིན། །བརྟགས་ཤིང་ངོ་མཚར་ཡ་མཚན་གད་མོ་སྤྲོ། །ད་ནི་སྲིད་པར་གནས་ཀྱང་ཉམ་ང་མེད། །ཞི་བའི་གོ་འཕང་ཐོབ་ཀྱང་དགའ་བ་མེད། །ཅི་བྱུང་གང་བྱུང་བླང་དང་དོར་མེད་ཅིང་། །ཆོས་དང་ཆོས་མིན་གང་ཡིན་ཡིན་དུ་ཆུག །འདོད་དང་མི་འདོད་ཆགས་སྡང་ཅི་སྐྱེས་ཀྱང་། །དེ་ག་ལྟར་སྤྱོད་སྤྱོད་རྒྱུའི་ཆོས་འདུག་གམ། །ཆོས་སུ་མེད་ན་གཉེན་པོས་ཅི་ཞིག་འཆོས། །རང་བཞིན་མེད་ལ་རྟོགས་བྱ་གང་ནས་འཚོལ། །བློ་སྟོང་ཉིད་ན་བློ་ཡིས་ཅི་ཞིག་བསྒོམ། །སྟེང་དང་འོག་དང་བར་དག་རྣམ་པར་སྟོང་། །སྣང་ཞིང་སྲིད་པ་མིང་ཙམ་བླ་དྭགས་ཙམ། །འཁོར་དང་འཁོར་མཁན་འཁོར་བའི་བྱེད་པོ་སུ། །ཡེ་སྟོང་ཡོངས་སྟོང་གཞི་བྲལ་གཉུག་མའི་ངང་། །ད་ནི་གང་ལྟར་བྱས་ཀྱང་ཆོས་སུ་མེད། །རྒྱ་ཆད་ཕྱོགས་བྲལ་ཆོས་ཉིད་ལུང་སྟོང་དུ། །གཏད་མེད་རིག་པ་གཅེར་ཡན་རང་གར་ཐོང་། །གཟའ་གཏད་བློ་ཡིས་བཅོས་ཤིང་བསྒྱུར་མི་དགོས། །སྒོ་གསུམ་རང་བབས་གནམ་ཡན་ཆེན་པོར་བསྒྱུར། །ལང་དང་འགྲོ་དང་ཟའམ་ཉལ་བ་སོགས། །གང་ལྟར་གྱུར་པ་དེ་ལྟར་རང་གར་ཞོག །ལྟ་སྒོམ་སྤྱོད་དང་འབྲས་བུའི་ཞེན་པ་སྤོང་། །སྨྱོན་པ་བུ་ཆུང་ལས་ཟིན་ལྟ་བུར་སྐྱོངས། །མདོར་ན་ལུས་ངག་ཡིད་ཀྱི་བྱ་བ་ཀུན། །མ་སྤང་མ་བསྒྱུར་རང་གི་གཤིས་སུ་ཞོག །བྱར་མེད་རྒན་པོའི་བསླབ་བྱ་དེ་རུ་ཟད། །ཅེས་པའང་ཐོར་ཅོག་ལ་གདམས་པའོ། །

དམ་པ་མཆོག་ལ་གཏམ་དུ་གསོལ་བ་གཞན་ཕན་སྤྲིན་གྱི་རྔ་སྒྲ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། རླབས་ཆེན་ཐུགས་བསྐྱེད་སྨོན་པའི་དམ་བཅའ་ལ། །ཕྱོགས་བཅུའི་རྒྱལ་རྣམས་ལན་བརྒྱར་བསྔགས་པའི་གནས། །གདུལ་དཀའི་འགྲོ་སྒྲོལ་ཤཱཀྱ་སེདྒེ་དང་། །རྒྱལ་སྲས་ཐུ་བོ་རིགས་གསུམ་སེམས་དཔར་འདུད། །ཀྱེ་ལགས་དམན་དང་མཆོག་གི་ཁྱད་པར་ནི། །སྙིང་སྟོབས་ཐེག་པ་ཆེ་ཆུང་དེ་ཁོ་ནས། །འབྱེད་པ་ཆོས་དང་འཇིག་རྟེན་ལུགས་ཀུན་ལ། །ཡོངས་སུ་གྲགས་ཕྱིར་སྙིང་སྟོབས་བསྟེན་པར་མཛོད། །དམན་པའི་སེམས་ཅན་ཉི་ཚེའི་བདེ་བ་ཙམ། །དོན་དུ་གཉེར་ནས་རང་དོན་ཁོ་ན་ལ། །རྩིས་སུ་འཛིན་པ་མ་རབས་སྐྱེ་བོའི་ལུགས། །དམ་པ་རྣམས་ཀྱིས་སྨད་པའི་གནས་སུ་གསུངས། །ཐོག་མ་མེད་ནས་རང་དོན་ཡིད་བྱེད་ཀྱིས། །འཁོར་བའི་མཚམས་སྦྱར་སྣ་ཚོགས་སྡུག་བསྔལ་ཁུར། །ཡང་དང་ཡང་དུ་ཐོབ་པ་དེས་ཆོག་གི། །ད་ནི་ངེས་པར་གཞན་ཕན་ལྷུར་ལེན་འཚལ། །དེ་ཡང་དང་པོའི་ལམ་གྱི་དུས་འདི་རུ། །སྙིང་སྟོབས་མཆོག་ལ་ཤིན་ཏུ་མ་སྦྱང་ན། །ཕྱིས་ནས་གཞན་ཕན་ཕྲིན་ལས་བསྒྲུབ་དུས་སུ། །ཁྱད་འཕགས་ཡོན་ཏན་མཚུངས་མེད་འབྱུང་མི་འགྱུར། །དེའི་ཕྱིར་དང་པོའི་ལས་ཅན་གང་ཞིག་གིས། །སྙིང་སྟོབས་ཚད་མེད་མཁའ་ལྟར་རྒྱ་ཆེ་བས། །རླབས་ཆེན་གཞན་དོན་དམ་བཅའ་འཛིན་བཟོད་པ། །དེ་འདྲ་རྒྱལ་སྲས་ཀུན་གྱི་ཐུ་བོར་འགྱུར། །རིགས་གསུམ་སེམས་དཔའ་ལ་སོགས་འཕགས་ཆེན་གྱི། །སྐྱེས་རབས་རྟོགས་བརྗོད་མང་པོར་ཐུགས་སྦྱངས་ཏེ། །དེ་དག་ལས་ཀྱང་ཕུལ་དུ་བྱུང་བ་ཡི། །གཞན་ཕན་སྤྱོད་པ་བདག་གིས་བསྒྲུབ་བྱ་ཞེས། །ཤིན་ཏུ་སྙིང་སྟོབས་ཆེན་པོའི་མཐར་འཛེག་པ། །དེ་འདྲའི་བློ་མཆོག་བདུད་ཀྱིས་གླགས་མི་རྙེད། །མྱུར་དུ་སྤྱོད་པ་རྒྱ་མཚོའི་མཐར་ཕྱིན་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར། །རྒྱལ་དང་རྒྱལ་སྲས་མ་ལུས་ཐམས་ཅད་ཀྱི། །ཐུགས་བསྐྱེད་དམ་བཅའ་མཐའ་དག་ཕྱོགས་གཅིག་ཏུ། །བསྡོམ་པ་དེ་འདྲའི་སེམས་བསྐྱེད་སྨོན་པའི་ཚུལ། །བདག་གིས་དང་དུ་ལེན་ཞེས་སྙིང་སྟོབས་བསྐྱེད། །རྒྱལ་སྲས་གཞན་གྱིས་འདུལ་བར་མ་ནུས་པའི། །གཞན་ཕན་ཤིན་ཏུ་བྱ་དཀའ་སྤྱད་སྙམ་དང་། །ངན་སོང་གསུམ་གྱི་སྡུག་བསྔལ་མ་ལུས་པ། །བདག་གཅིག་ཁོ་ནས་ཞི་བར་བྱ་སྙམ་དང་། །སེམས་ཅན་རེ་རེའི་ཕྱིར་ཡང་གྲངས་མེད་པའི། །བསྐལ་པར་དམྱལ་བར་གནས་པར་བྱ་སྙམ་དང་། །སེམས་ཅན་གཅིག་གི་ཡིད་ལ་དགེ་བའི་སེམས། །བསྐྱེད་ཕྱིར་གྲངས་མེད་བསྐལ་པའི་བར་དུ་ཡང་། །བདག་གིས་འབད་པར་ནུས་ཤེས་བསམ་པར་བྱ། །བདག་ཉིད་ངན་འགྲོར་ལན་བརྒྱར་སྐྱེས་ཀྱང་རུང་། །འགྲོ་གཞན་ཐ་ན་རྨི་ལམ་ཙམ་དུ་ཡང་། །སྡུག་བསྔལ་དེ་འདྲ་མྱོང་བར་མི་འགྱུར་བ། །བདག་གིས་བྱ་ཞེས་སྙིང་ནས་བསམ་པར་བྱ། །སྐྱེ་བོ་གང་དག་དད་དང་ཤེས་རབ་དམན། །སྡིག་ལ་མོས་ཤིང་ཉོན་མོངས་ཤུགས་དྲག་ལྡན། །རྒྱལ་སྲས་གཞན་གྱིས་གདུལ་བར་མ་ནུས་པ། །དེ་ཀུན་བདག་གིས་གདུལ་ཞེས་བསམ་པར་མཛོད། །སྡིག་སྤྱོད་ཀླ་ཀློའི་དཔུང་གིས་ཕྱོགས་ཀུན་ཁེབས། །སྐྱེ་བོ་ཆོས་ལ་སྡང་ཞིང་སྡིག་ལ་དགའ། །དེ་འདྲའི་དུས་འདིར་བདག་གིས་ཐབས་མཁས་མཐུས། །འགྲོ་མང་སྒྲོལ་བར་བྱ་ཞེས་དམ་བཅའ་མཛོད། །ལུང་རྟོགས་རྒྱལ་བསྟན་ནུབ་ལ་ཉེ་བའི་དུས། །བདག་གིས་ལུས་དང་སྲོག་ལ་མི་ལྟོས་པར། །རྒྱལ་བའི་ཆོས་མདོ་མ་ལུས་ཡོངས་བཟུང་སྟེ། །ཕྱི་མཐའི་བར་དུ་དར་རྒྱས་བྱ་སྙམ་དང་། །གཞན་ལ་ཕན་པ་སྒྲུབ་དང་རྒྱལ་བའི་བསྟན། །ཡུན་དུ་གནས་ཕྱིར་བདག་གི་ལུས་དང་སྲོག །གྲངས་མེད་བཏང་བར་བཟོད་པའི་སྙིང་སྟོབས་དང་། །དམ་བཅའི་ཁུར་ཆེན་འདེགས་ལ་སྤྲོ་བར་མཛོད། །ཉེས་བརྒྱའི་འབྱུང་གནས་ནོར་དང་གྲགས་པའི་ཕྱིར། །སྲོག་དང་ལོངས་སྤྱོད་རྩྭ་བཞིན་གཏོང་བྱེད་ན། །ཕན་བདེའི་འབྱུང་གནས་ལུང་རྟོགས་ཆོས་ཀྱི་མཛོད། །སྲུང་ཕྱིར་ལུས་སྲོག་ཅིའི་ཕྱིར་གཏོང་མི་སྤྲོ། །དེའི་ཕྱིར་ཡ་རབས་དམ་པ་ཇི་སྙེད་པའི། །རྗེས་སུ་བསྙེགས་ནས་དམ་པའི་ཚུལ་ལ་སློབས། །མ་རབས་བློ་ཆུང་རང་དོན་ཚེ་འདིར་འབད། །དེ་འདྲའི་གྲོགས་ངན་མཛེ་ཅན་བཞིན་དུ་སྤོངས། །ཐོག་མར་ཐུགས་བསྐྱེད་མཁའ་ལྟར་རྒྱ་ཆེ་དང་། །བར་དུ་དམ་བཅའ་རྡོ་རྗེ་བཞིན་དུ་བརྟན། །ཐ་མར་གཞན་ཕན་རྒྱལ་བ་ཀུན་དང་མཉམ། །དེ་འདྲའི་རྣམ་ཐར་ཚུལ་ལ་སློབ་མཛོད་ཀྱེ། །དེང་སངས་དུས་ངན་སྐྱེ་བོ་སུ་དང་གང་། །བློ་ཆུང་སེམས་སྟོབས་ཤིན་ཏུ་དམན་ཆེས་པས། །བསམ་སྤྱོད་ཐམས་ཅད་ཅོལ་ཆུང་ལས་ཐབས་དམན། །དེ་འདྲའི་ལད་མོ་མ་མཛད་སྙིང་སྟོབས་བསྐྱེད། །རང་དོན་དབེན་པར་སྒྲུབ་པ་གལ་ཆེ་མོད། །དེ་བས་གཞན་ཕན་ཆོས་ཀྱི་འབྲེལ་ཟབ་ཀྱིས། །མཆོག་དམན་བར་མའི་འགྲོ་ལ་ཕན་པའི་མཆོག །དངོས་སུ་སྒྲུབ་པ་རྒྱལ་སྲས་སྤྱོད་པའི་ཕུལ། །ངེས་པར་རང་དོན་བློས་གཏོང་གཞན་ཕན་གྱིས། །བགྲང་བྱ་ལྔ་བཅུའི་བར་དུ་འཆད་ཉན་ལ། །གཅིག་ཏུ་བརྩོན་པ་བརྒྱུད་པའི་ཕྱག་བཞེས་ཏེ། །དམ་པ་ཁྱེད་ཀྱང་དེ་བཞིན་ཅིས་ཀྱང་མཛོད། །དེ་སྐད་ཆོས་དང་མཐུན་པའི་མཆིད་འདི་ཡང་། །དམ་པའི་ཞལ་ལུང་ཚད་མ་ཇི་བཞིན་དུ། །རང་བཟོའི་སྐྱོན་དང་ཅུང་ཟད་མ་འདྲེས་པར། །དམ་པ་ཁྱེད་ལ་གཏམ་དུ་གསོལ་བ་ལགས། །ཞེས་པའང་མཚུངས་མེད་བླ་མ་དམ་པའི་ཐུགས་ཀྱི་འོད་ཟེར་ཀུན་ནས་ཕོག་པས་བྱིན་གྱིས་རླབས་པའི་ཡང་སྲིད་རིན་པོ་ཆེ་ཐེག་མཆོག་ཀུན་ཏུ་དགའ་བའི་གོ་ཆ་མཆོག་གི་བཞེད་པ་བཞིན་གུས་པས་གཏམ་དུ་གསོལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

དབུ་མའི་གཞུང་ལ་བསླབ་པར་གདམས་པ་ལྟ་གྲུབ་ངེས་འབྱེད།

གང་གིས་བགྲང་ཡས་བསྐལ་པ་རྒྱ་མཚོའི་དུས། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་མཛོད་བསགས་ཏེ། །བདེན་གཉིས་ཟུང་འཇུག་ཐེག་ཆེན་དབུ་མའི་ལམ། །ཇི་བཞིན་རབ་སྟོན་ཤཱཀྱ་སེདྒེར་འདུད། །རྒྱལ་བ་དེ་སྲས་སྨྲ་བ་ཡོངས་ཀྱི་ལྷ། །ཇི་ལྟ་ཇི་སྙེད་མཁྱེན་རབ་མཐའ་ཡས་ཤིང་། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་མཚུངས་མེད་པ། །རྒྱལ་སྲས་ཐུ་བོ་འཇམ་དཔལ་གཞོན་ནུ་རྒྱལ། །མི་གནས་ཡེ་ཤེས་ཟབ་མོས་མངོན་གཟིགས་དོན། །ཀུན་གྱིས་རྟོགས་དཀའ་མཐའ་བྲལ་དབུ་མའི་ལམ། །མ་ནོར་ལེགས་འདོམས་འཛམ་གླིང་མཛེས་པའི་རྒྱན། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་གཙུག་ཏུ་བཀུར། །ཆོས་རྣམས་ཀུན་གྱི་གནས་ལུགས་མཐའ་བྲལ་དབྱིངས། །སོ་སོར་རིག་བཞིའི་མཁྱེན་རབ་འོད་སྟོང་གིས། །རབ་གསལ་ཐུབ་བསྟན་པད་ཚལ་རྒྱས་པའི་གཉེན། །སྨྲ་བའི་ཉི་མ་ཟླ་གྲགས་ཞབས་ལ་འདུད། །ཆོས་དང་ཆོས་མིན་གཟིགས་པའི་མཁྱེན་རབ་སྤྱན། །རབ་གསལ་བསྟན་པ་རྒྱ་མཚོའི་མགོན་གཅིག་པུ། །སྙིགས་མའི་དུས་ན་རྒྱལ་བ་གཉིས་པ་ཞེས། །གྲགས་པ་དོན་ལྡན་གཞན་ཕན་སྣང་བ་ཡིན། །ཀྱེ་ལགས་བྱང་ཕྱོགས་གངས་རིའི་ལྗོངས་འདི་རུ། །མཁས་དང་མི་མཁས་སྐྱེ་བོ་དུ་མ་ཡིས། །རང་བློས་སྦྱར་བའི་ལྟ་གྲུབ་མང་བྱས་ཀྱང་། །ཚད་མར་ངེས་པ་རྒྱ་གར་མཁས་པའི་ལུགས། །གཞུང་ཆེན་བཅུ་གསུམ་ཆ་ལག་བཅས་པ་སྟེ། །གཞན་དུ་རྟོག་གེའི་གཞུང་མང་ཤོག་བུའི་གྲོན། །ཕལ་ཆེར་རྩིས་མཁན་རྫུན་མའི་ལུང་བསྟན་བཞིན། །ཐར་འདོད་བསླུ་བའི་བདུད་ཀྱི་མགོ་སྐོར་ལགས། །ལྟ་བ་བདེན་གཉིས་ཟུང་འཇུག་མཐའ་བྲལ་དོན། །སྒོམ་པ་རྣམ་པར་མི་རྟོག་དབུ་མའི་ལམ། །སྤྱོད་པ་ཆགས་འདུན་སྤོང་པའི་ཕྱིན་དྲུག་སྟེ། །རྒྱལ་བ་དགྱེས་པའི་ལམ་ཞེས་ཡོངས་སུ་གྲགས། །དེ་ཕྱིར་དབུ་མ་ཆེན་པོའི་གྲུབ་པའི་མཐའ། །ཚང་ལ་མ་ནོར་རིགས་པའི་ཚོགས་ལྔ་དང་། །འགྲེལ་ཆེན་གསུམ་དང་འཇུག་པ་རྩ་འགྲེལ་དང་། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་བཅས་པ་འདི། །ཐར་བར་འདོད་པའི་ལམ་རིམ་སྙིང་པོ་སྟེ། །གཞུང་བཟང་འདི་དག་ཐོས་བསམ་བསྒོམ་པ་ཡིས། །ཉམས་སུ་ལེན་པའི་སྐལ་བཟང་དེ་འདྲ་ལ། །ཐར་ལམ་ཡོན་ཏན་ངམ་ངམ་ཤུགས་ལ་འབྱུང་། །ཐོག་མེད་གོམས་པའི་བདེན་ཞེན་ཨ་འཐས་བློ། །དྲུང་ནས་འབྱིན་ལ་མུན་པར་ཉི་མ་བཞིན། །གཉེན་པོར་ཆེ་བའི་དབུ་མའི་གཞུང་བཟང་རྣམས། །སྤངས་ནས་ཐར་ལམ་འཚོལ་རྣམས་ཨེ་མ་འཁྲུལ། །ཡོད་དང་མེད་པའི་མཐར་ཞེན་བློའི་འཛིན་སོ། །མཐའ་དག་ཟད་ན་གཤིས་ཀྱི་བཞུགས་ཚུལ་མངོན། །འཛིན་བློའི་དམིགས་གཏད་རྡུལ་ཙམ་མི་གནས་པ། །གནས་ལུགས་དོན་ཏེ་གཞན་ཞིག་མཚོན་དུ་མེད། །གསལ་རིག་ཉིད་ཅེས་གུད་དུ་གཅོད་པའི་བློ། །རྟོག་པའི་ཡིད་བྱེད་སྙེམས་དང་མ་བྲལ་ན། །དེ་ཉིད་འཆིང་བའི་སྒྲོག་སྟེ་རྣལ་མའི་དོན། །རྨོངས་པ་དེ་འདྲས་ཕྱོགས་ཙམ་མཐོང་རེ་སྐན། །སྟོང་པ་ཕྱང་ཆད་གོ་ཡུལ་བློས་བྱས་ལ། །དབུ་མ་ཉིད་ཅེས་སྨྲ་བའི་མགྲིན་བཟང་རྣམས། །ད་དུང་ཐོས་བསམ་བརྩོན་འགྲུས་རྒྱ་བསྐྱེད་དེ། །འབད་ན་འཕགས་པའི་དགོངས་པ་རྙེད་པ་སྲིད། །མདོ་སྔགས་གབ་སྦས་མ་འདྲེས་ཤན་ཕྱེ་ནས། །ལམ་ཀུན་སྐྱེལ་སོ་གཅིག་ཏུ་འབབ་པའི་ཚུལ། །མཚུངས་མེད་བླ་མའི་ཞལ་ལུང་མ་ལགས་པ། །ཕྱོགས་རེར་ཞེན་ཀུན་མུན་པའི་སྨག་ཏུ་འཁྱམས། །དེ་ཕྱིར་བསྟན་པ་ཡོངས་རྫོགས་ཉེ་ལམ་ལ། །གསན་བསམ་བསྒོམ་པའི་ཡོན་ཏན་མཐར་ཕྱིན་པ། །འཕགས་བོད་མཁས་པ་སྟོང་གི་གཤེགས་ཤུལ་ཏེ། །ཐར་པའི་ལམ་ལ་འཆུག་པ་ཡོད་རེ་སྐན། །འཕགས་ཡུལ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། །ཞི་ལྷ་ཟླ་གྲགས་ཐོགས་མེད་དབྱིག་གཉེན་ཞབས། །སངས་རྒྱས་དངོས་དང་འདྲ་བའི་མཁས་གྲུབ་སྟེ། །གཏན་གྱི་བློ་གཏད་མི་བསླུ་ཉག་གཅིག་ཡིན། །འཕགས་པའི་དགོངས་པ་མ་ནོར་ཇི་བཞིན་དུ། །གཟུ་བོར་སྨྲ་བའི་ཁྱུ་མཆོག་ཟླ་བ་གྲགས། །ཐམས་ཅད་མཁྱེན་པ་གཞན་ཕན་སྣང་བ་སྟེ། །ལྔ་བདོའི་སྒྲོན་མེ་གཅིག་པུར་གྱུར་པ་ལགས། །དེ་ཕྱིར་དེ་ཡི་མཁྱེན་བརྩེའི་འོད་ཟེར་སྟོང་། །ཐུགས་ཀྱི་ཐིག་ལེར་འདུ་འབྲལ་མེད་གྱུར་པའི། །སྤྲུལ་པའི་སྐྱེས་མཆོག་དམ་པ་ཁྱེད་ཉིད་ཀྱང་། །བསྔགས་འོས་རྣམ་ཐར་དེ་རྗེས་སློབ་འཚལ་ལོ། །

བློ་སྦྱོང་ཡིད་ཀྱི་མུན་སེལ།

བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཉོན་དང་ཇོ་སྲས་རིགས་ཀྱི་བུ། །དང་པོ་ཆོས་ལམ་གཉེར་པའི་དུས། །ཉེས་ཅན་གཤེད་མས་བདས་པ་བཞིན། །འཁོར་བའི་འཇིགས་པ་ཆེར་སྐྲག་པས། །བློ་ཐག་བཅད་དེ་ཆོས་ལ་བྲོས། །བར་དུ་ཆོས་བཞིན་སྤྱོད་པའི་དུས། །ལྟོགས་པ་ཟས་དང་འཕྲད་པ་བཞིན། །ངོམས་པ་མེད་པའི་དོན་གཉེར་གྱིས། །ཆོས་ལ་ཧབ་ཐོབ་གྱིས་ཤིག་ཨང་། །སྙིང་ནས་ཆོས་ཤིག་མཛད་དགོངས་ན། །ཤོམ་ར་མ་མང་བློ་ཐག་ཆོད། །བློ་རྩེ་མ་མང་གཅིག་ཏུ་དྲིལ། །ཕྱི་བཤོལ་མ་བྱེད་དུམ་ཆོད་གྱིས། །སུ་དང་མ་བསྟུན་རང་ཐག་ཆོད། །ཞེ་བཅད་མེད་པའི་བློ་མང་དེ། །རང་གཞན་སུས་ཀྱང་ཁྲེལ་བའི་རྒྱུ། །དེ་ཕྱིར་བླ་མ་དམ་པའི་བཀའ། །སྙིང་ལ་རི་མོ་བྲིས་ཤིག་ཨང་། །མི་ལུས་ཐོབ་པ་ད་རེས་ཙམ། །རྙེད་དཀའ་འཇིག་སླའི་རང་བཞིན་ཕྱིར། །འཆི་ནད་ཐེབས་འདྲའི་འདུ་ཤེས་ཀྱིས། །ལོང་མེད་རྒྱུད་ལ་བསྟེན་ཅིག་ཨང་། །དགེ་དང་མི་དགེའི་ལས་འབྲས་འདི། །ནམ་ཡང་བསླུ་བ་མེད་པའི་ཚུལ། །བསམ་ནས་བླང་དོར་ཕྲ་མོ་ཡང་། །མ་ནོར་ཞིབ་ཏིག་མཛོད་ཅིག་ཨང་། །འཁོར་བ་སྡུག་བསྔལ་རྒྱ་མཚོ་སྟེ། །དེ་ལས་ཐར་པ་མྱང་འདས་ཀྱི། །གོ་འཕང་མཆོག་རབ་བླ་མེད་ཀྱི། །ཡོན་ཏན་དུ་མའི་གཏེར་གྱུར་པ། །ཤེས་ནས་ཐར་པ་དོན་གཉེར་བློ། །བཀྲེས་པ་ཟས་ལ་འདུན་པ་ལྟར། །ཉིན་མཚན་རྒྱུན་དུ་བསྐྱེད་པ་ནི། །ངེས་འབྱུང་ཡིན་ནོ་མེད་ཐབས་མེད། །ཐར་པའི་ལམ་གྱི་དེད་དཔོན་ནི། །མཚན་ལྡན་བླ་མ་ཁོ་ན་སྟེ། །གཞན་དུ་རང་བཟོ་ཕོ་ཚོད་ཀྱིས། །ལྷ་ཆོས་འགྲུབ་པ་གཅིག་ཀྱང་མེད། །དེ་ཕྱིར་ཐུན་མོང་ཐུན་མིན་གྱི། །ཉམས་ལེན་ཚང་བར་འདོམས་མཛད་པའི། །བཀའ་དྲིན་ཅན་གྱི་བླ་མ་དེས། །ཅི་གསུང་སྲོག་དང་བསྡོས་ཏེ་སྒྲུབས། །ཐ་མལ་མི་ཡི་འདུ་ཤེས་སྤོང་། །སངས་རྒྱས་དངོས་སུ་ངེས་ཤེས་བསྐྱེད། །ཉིན་མཚན་རྒྱུན་དུ་གསོལ་བ་ཐོབ། །མོས་གུས་ལྟེམ་རྐྱང་མེད་པར་མཛོད། །ཐོག་མེད་སྡིག་ལྟུང་བག་ཆགས་ཀྱི། །གཉེན་པོར་ཆེ་བ་སྟོབས་བཞིའི་གནད། །ལེགས་པར་ཚང་བའི་སྒྲིབ་སྦྱོང་ཐབས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་འབུངས། །ཚོགས་བསགས་ཐབས་ཀྱི་རྒྱལ་པོ་ནི། །རང་ལུས་མཆོད་སྦྱིན་བྱ་བ་དང་། །སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་སྤྲིན། །མཎྜལ་ཕུལ་ལ་ནན་ཏན་མཛོད། །ཁྱད་པར་བྱིན་རླབས་དངོས་གྲུབ་ཀྱི། །འབྱུང་གནས་དཔལ་ལྡན་བླ་མ་སྟེ། །བླ་མའི་རྣལ་འབྱོར་དང་འབྲེལ་བའི། །གསོལ་འདེབས་དབང་བཞི་ལེན་པ་དང་། །ཐུགས་ཡིད་བསྲེས་ཏེ་མཉམ་པར་འཇོག །འདི་ནི་ཟབ་མོའི་ལམ་མཆོག་སྟེ། །སྲོག་དང་འདྲ་སྟེ་མེད་ཐབས་མེད། །དེ་དག་ཐུན་མོང་སྔོན་འགྲོ་ཡིན། །

རིག་སྟོང་རྗེན་པའི་རང་གནད་སྟོན་པ་དྲི་མེད་ཤེལ་དཀར་མེ་ལོང་།

མཐའ་ཀླས་ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང་། །ཚད་མེད་ཐུགས་རྗེས་འགྲོ་བ་ཀུན་སྒྲོལ་བའི། །རྫོགས་པའི་སངས་རྒྱས་གཞན་ཕན་སྣང་བ་དེས། །ཁྱེད་དང་བདག་བཅས་བྱང་ཆུབ་བར་དུ་སྐྱོངས། །ཀྱེ་ལགས་འདིར་སྣང་སྤྲིན་གྱི་ཟློས་གར་ལ། །ཡིད་རྟོན་ཁེལ་བ་གཅིག་ཀྱང་མ་མཆིས་ན། །བསླུ་བྲིད་སྙིང་པོ་མེད་པའི་ངང་ཚུལ་འདི། །སེམས་ཤིག་ཡོད་ན་ད་ནི་སུན་པར་རིགས། །དགྲ་གཉེན་བར་མ་སུ་དང་གང་ཡིན་ཡང་། །རང་བཞིན་འགྲོག་དཀའ་ཆགས་སྡང་རྩོད་པའི་གཞི། །ཕན་པར་སྨྲས་ཀྱང་སླར་ལ་གཤེ་ཞིང་སྨོད། །དེ་འདྲའི་ཚུལ་ལ་བསམ་ཚེ་སྐྱོ་ཤས་འཕེལ། །གྲོགས་ཁྱེད་མི་མེད་དབེན་པའི་བྲག་སྐྱིབས་སུ། །འདུ་འཛིའི་བྲེལ་སྤོང་དམ་པའི་རྣམ་ཐར་སློབ། །ཆོས་བཞིན་སྤྱོད་པས་དམ་པའི་རྗེས་ཟིན་པ། །སྐྱིད་པ་སྟོང་གི་ཡང་རྩེ་མ་ལགས་སམ། །འོ་སྐོལ་ཀུན་གྱི་འདྲེན་པ་ཆོས་ཀྱི་རྗེ། །དབེན་པའི་གནས་སུ་ཞི་བར་གཟིམས་པའི་ཚེ། །སྣ་ཚོགས་ཟང་ཟིང་འབྱོར་བས་རབ་དབེན་ཡང་། །རྣམ་གྲོལ་ཡོན་ཏན་མཆོག་གི་རྒྱལ་སྲིད་ལ། །མངའ་དབང་འབྱོར་བའི་རྟགས་མཚན་མངོན་སུམ་པས། །མཐོང་ཐོས་དྲན་རེག་དོན་དང་ལྡན་མཛད་པའི། །རྣམ་ཐར་སྲིད་པ་གསུམ་ན་རབ་གྲགས་པ། །འདི་གཅིག་དམ་པའི་རྣམ་ཐར་མ་ལགས་སམ། །དེ་སླད་སྐལ་བཟང་ཆོས་མཐུན་གྲོགས་ཁྱོད་ཀྱང་། །དེ་རྗེས་སློབ་ལ་དེ་ཡི་མཛད་སྤྱོད་ལྟོས། །དེ་ལས་གཞན་དུ་ཆོས་བརྒྱད་སྒྲུབ་པའི་ཟོལ། །ཆོས་ལྟར་བཅོས་ཀྱང་སྙིང་པོས་དབེན་པ་ལགས། །དགོས་དོན་སྙིང་པོར་དྲིལ་ན་ཚེ་གཅིག་ཡིན། །ཚེ་འདི་བློས་ཐོང་བླ་མར་སངས་རྒྱས་མཐོང་། །འགྲོ་ཀུན་མར་ཤེས་ཡེངས་མེད་གནས་ལུགས་སྐྱོངས། །བརྩོན་པ་རྒྱུན་བསྲིང་མཐར་ཕྱིན་བར་དུ་སློབས། །ཀྱེ་ལགས་མང་དུ་བཤད་ཀྱང་དགོས་འབྲས་དབེན། །ལོང་མེད་འཆི་བསམ་བློ་སྣ་འུབ་ཀྱིས་སྟུངས། །བཅོས་མིན་མོས་གུས་མཆི་མ་འཁྲུགས་པ་བསྐྱེད། །ཚད་ཡོད་མ་བྱེད་བརྩོན་པ་སྲོག་ཏུ་བསྡོས། །ཉམས་ལེན་ངོ་བོ་རིག་སྟོང་རྗེན་པའི་ཞལ། །གནད་ཤེས་ཙམ་ལས་ཆེད་དུ་འཛིན་པ་ཐོང་། །བལྟ་བྱ་མ་འཚོལ་ལྟ་མཁན་ཟང་ཐལ་སྐྱོང་། །ད་ལྟའི་རིག་པ་བློ་འདས་ཟང་ཀ་མ། །སྟོང་ཕྱང་མ་ཡིན་རང་གསལ་ལྷག་གེ་བ། །རང་བབས་ཟང་ཐལ་འཛིན་པས་མ་བཅིངས་པ། །ཐད་ཀར་སྐྱོང་ལ་བསྒོམ་གྱི་ཐ་སྙད་འདོགས། །གཞན་དུ་བློས་བྱས་བསྒོམས་ཀྱང་གྲོལ་མི་སྲིད། །ཟང་ཐལ་རིག་སྟོང་བརྗོད་པས་མི་མཚོན་ཡང་། །བླ་མའི་དྲིན་གྱིས་རྟོགས་པའི་དོན་མཐོང་ཚེ། །བཅོས་མའི་ལྟ་སྒོམ་ཐམས་ཅད་ཐད་ཀར་ཞིག །རང་བབས་རྗེན་པར་རང་གནས་ཤུགས་ལ་འཆར། །ཇི་སྲིད་ངོས་བཟུང་ཞེན་པའི་བློ་ཡོད་པ། །དེ་སྲིད་རྟོགས་པའི་གཟེབ་ཡིན་འཆིང་བྱེད་ཉིད། །ནམ་ཞིག་བློ་ཟད་རིག་པར་ཕྱམ་གཅིག་པ། །དེ་ཚེ་ཆོས་ཀུན་དེ་ཡིན་སྤང་བླང་མེད། །སྣང་སེམས་རོ་གཅིག་ཆུ་དང་རྦ་རླབས་འདྲ། །རང་གྲོལ་རྒྱ་ཡན་འཛིན་པའི་ཡུལ་ལས་འདས། །ཐོག་བབས་རང་ཤར་བསྒོམ་དང་མི་བསྒོམ་མེད། །དེ་ཚེ་རྟོགས་པའི་དེ་ཉིད་མཐོང་བ་ལགས། །དྲིན་ཆེན་བླ་མ་རྫོགས་པའི་སངས་རྒྱས་དེའི། །བཀའ་བཞིན་བསྒྲུབས་ནས་དབེན་པའི་གངས་ཁྲོད་དུ། །སྒྲུབ་པ་ལྷུར་ལེན་དམ་པའི་རྗེས་སྐྱེས་ཁྱོད། །སྐྱིད་པ་སྟོང་གི་ཡང་རྩེ་མ་ལགས་སམ། །དཔལ་ལྡན་བླ་མ་ཡེ་ཤེས་རྡོ་རྗེའི་སྐུ། །འགྱུར་མེད་རིག་སྟོང་གཤིས་སུ་རོ་གཅིག་པའི། །རང་ཞལ་དེ་མཐོང་སྐལ་བཟང་གྲོགས་ཁྱེད་ལ། །བླ་མ་མཆོག་དང་འདུ་འབྲལ་ཇི་ལྟར་སྲིད། །ཟོལ་མེད་གུས་པས་བླ་མ་མཆོག་བསྟེན་ནས། །བཀའ་བཞིན་བསྒྲུབ་ཅིང་སྲི་ཞུས་མཉེས་པར་མཛོད། །དགོངས་པ་གཏད་པས་དོན་བརྒྱུད་བྱིན་རླབས་འཐོབ། །དལ་འབྱོར་དོན་དང་ལྡན་ནོ་ཆོས་ཀྱི་གྲོགས། །ཟ་ཟིའི་ཉམས་དང་འདྲེས་པའི་འོད་གསལ་ཙམ། །མ་ཡིན་དོན་གྱི་གནས་ལུགས་རྗེན་པའི་ཞལ། །མངོན་སུམ་རྟོགས་ལ་རིངས་པའི་སྐལ་བཟང་ཁྱོད། །དམ་པའི་ཐུགས་སྲས་ལགས་སྙམ་སྙིང་ནས་སྤྲོ། །མོས་གུས་ཁོ་ནས་ཐོག་མཐའ་བར་ཀུན་ཏུ། །ཟབ་མོའི་ལམ་བཟང་གེགས་མེད་མཐར་ཕྱིན་ཏེ། །བླ་མ་མཆོག་དང་དགོངས་པ་དབྱེར་མེད་དུ། །འདྲེས་པའི་སྐལ་བཟང་ཁྱོད་མིན་སུ་ཡིས་རྙེད། །གངས་རིའི་ཉེ་འདབས་གྲུབ་པའི་བསྟི་གནས་དེར། །བརྩོན་པས་ཉམས་ལེན་སྒྲུབ་པ་མཐར་ཕྱིན་ཏེ། །གྲུབ་འབྲས་མངོན་གྱུར་རང་གཞན་དོན་གཉིས་འགྲུབ། །དེ་འདྲའི་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་ཡ་མཚར་གང་དྲན་ནང་ལུགས་སུ་ཕུལ་བ་དགེ། འགྱུར་མེད་ཚེ་རིང་ལའོ། །

མཆིད་ལན་ཐེ་ཚོམ་སྒྲོག་འགྲོལ།

སྐུ་གསུམ་སྤྱི་གཟུགས་རྡོ་རྗེ་འཆང་། །སངས་རྒྱས་གཞན་ཕན་སྣང་བ་དེས། །ཁྱེད་དང་བདག་བཅས་བྱང་ཆུབ་བར། །འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཀྱེ་ལགས་གསོན་དང་རྣལ་འབྱོར་པ། །བདག་འདྲ་རྣམ་གཡེང་ཁོལ་པོ་རུ། །རྟག་པར་འཕྱན་པས་ཟབ་མོའི་དོན། །ཇི་བཞིན་སྨྲ་བ་ཁྲེལ་བའི་རྒྱུ། །འོན་ཀྱང་སངས་རྒྱས་གཞན་ཕན་པ། །རིགས་ཀྱི་བདག་པོར་ཐོབ་ཙམ་ནས། །སོ་སོའི་སྐལ་བའི་རྗེས་འགྲོ་བའི། །གོ་མྱོང་རྟོགས་པ་གང་རུང་རེ། །མི་ཐོབ་ཤེས་བྱར་སྲིད་མིན་པ། །འདི་འདྲ་འབྲེལ་ཚད་དོན་ལྡན་གྱི། །འཕགས་པ་ཆེན་པོའི་ཁྱད་ཆོས་སུ། །ཤེས་པའི་ཡིད་ཆེས་སྙིང་ནས་ཐོབ། །བདག་ཀྱང་དྲིན་ཆེན་ཆོས་རྗེ་དེའི། །གསུང་གི་བདུད་རྩིས་སྐྱོང་ནས་སླར། །ཡིད་ཆེས་བློ་གཏད་གཅིག་ཆོག་ཏུ། །མོས་གུས་གསོལ་བ་བཏབ་བཏབ་ནས། །དེང་སང་ཆོས་དང་བླ་མ་གཞན། །སུ་ལའང་འགྲམ་ཆུ་མི་ལྡང་ཙམ། །བློ་ཐག་ཆོད་པའི་ཉམས་མྱོང་གདེང། །མ་རྫུན་ཙམ་ཞིག་ངེས་པར་ཐོབ། །དེ་ཕྱིར་ཆོས་མཐུན་སྙིང་གི་གྲོགས། །ཁྱེད་ལ་མཆིད་ལན་ཅུང་ཟད་ཞིག །གསང་གཏམ་ནང་མར་ཕུལ་ལ་གསོན། །གཞན་གྱིས་ཐོས་ན་ཁྲེལ་བའི་རྒྱུ། །ཁྱེད་ཀྱི་གསུང་བྲིས་འབྱོར་བའི་དོན། །རང་གནས་རང་བབས་ཤུགས་འབྱུང་གཤིས། །རང་གསལ་ཟང་ཐལ་བརྗོད་མེད་ཀྱི། །ཉམས་མྱོང་རྒྱུད་ལ་འབྱོར་བ་དེ། །གཤིས་ཀྱི་བཞུགས་ཚུལ་ཡིན་མོད་ཀྱང་། །ངེས་ཤེས་དགའ་སྤྲོའི་ཉམས་དང་བཅས། །སྙེམས་ཀྱི་དྲོད་ཁ་རྟོལ་བའི་ཉམས། །ཡིད་ཆེས་དང་པོའི་ལས་ཅན་གྱི། །ཉམས་དང་འདྲེས་པའི་འོད་གསལ་ཡིན། །དེ་དུས་གསལ་གསལ་སྟོང་སྟོང་སོགས། །གདེང་ཁེལ་ཡིད་ཆེས་ཡུལ་དེ་ཀ། །གཏད་མེད་ཁུངས་མེད་དུ་སོང་བས། །ཁེངས་རློམ་སྒོམ་བློའི་འཆིང་བ་གྲོལ། །ཐ་མལ་ཤེས་པ་རང་བབས་གཤིས། །མྱོང་བྱ་བྲལ་བའི་ངང་ཉིད་དུ། །ངེས་བཟུང་རྡུལ་ཙམ་མེད་པར་བསྐྱུར། །གཞན་དུ་འཕྲོ་གནས་གང་ལ་ཡང་། །ཤེས་རིག་ཡིན་ཕྱིར་ཟང་ཐལ་གྱི། །ཡེ་ཤེས་འབྲལ་མ་མྱོང་བ་ཡི། །རང་ངོ་རྗེན་པར་མཐོང་ནས་སླར། །བསྒོམ་པ་ཆེད་དུ་མི་འཚོལ་ཞིང་། །མགྲོན་པོ་རང་ཡུལ་སླེབས་པ་བཞིན། །ཁོང་ཡངས་བློ་བདེ་ལྷོད་ཆགས་པས། །སྙེམས་ཐག་ནང་ནས་ཆོད་པ་ཞིག །འདུག་ན་བླ་མའི་བཀའ་དྲིན་གྱིས། །རྟོགས་པའི་སྣེ་ཟིན་ཨ་ཐོ་བ། །བདག་ཅག་སྐལ་བ་མི་དམན་པས། །བླ་མ་སངས་རྒྱས་དངོས་དང་མཇལ། །དེ་ཕྱིར་ཡིད་ཆེས་མོས་གུས་ཀྱིས། །གསོལ་བ་ཐོབ་དང་དོན་བརྒྱུད་ཀྱི། །འཕོ་བ་དངོས་སུ་ཐོབ་ནས་སླར། །བློས་བྱས་ཉམས་ཀྱི་ཞེན་པ་ཟད། །བློ་བྲལ་རིག་པ་རྗེན་ལ་བུད། །འདི་དང་བར་དོ་གང་རུང་དུ། །ནམ་ཡང་བསླུ་བ་ཡོད་རེ་སྐན། །ལགས། སྤྱིར་བླ་མ་ཐམས་ཅད་སངས་རྒྱས་ཏེ། །སངས་རྒྱས་ཐམས་ཅད་བླ་མར་སྣང་། ཞེས་པ་ལྟར་བླ་མ་ལ་ཁྱད་པར་ཅི་ཡོད་དེ། རང་རང་སོ་སོའི་སྤྱོད་ཡུལ་དུ་དངོས་སུ་ཕེབས་པའི་རང་ཅག་གི་བླ་མ་རྣམ་གཉིས་ལྟ་བུ་ལ་མཚོན་ན། ངེས་པར་གཤེགས་བཞུགས་གཉིས་ཀའི་དུས་སུ་འོད་གསལ་སྙིང་པོའི་ལམ་མཐར་ཕྱིན་པའི་རྟགས་ཚད་མཐོང་ཆོས་སུ་མཇལ་དུ་ཡོད་པ་ལ་སུས་ཀྱང་ཡིད་ཆེས་པའི་གནས་དེ་ཀ་ལགས་ཕྱིར། རྟག་པར་གསོལ་བ་ཐོབ་དང་དེ་ལས་ལྷག་པའི་གེགས་སེལ་དང་བོགས་འབྱིན་ཅི་ཡང་མེད་ངེས་པ་ཡིན། ག་ལེར་ལྟོས་དང་ཨེ་བདེན་ཤེས་ཡོང་། སེམས་ངོ་མ་གཡེང་ཙམ་གྱི་ངང་ནས་གདངས་མོས་གུས་དང་སྙིང་རྗེར་ཤར་ཐུབ་པ་བྱུང་ན་དེ་ལས་ལྷག་པ་ཅི་ཡོད། ལར་རྟོག་པ་ཞིག་ཡིན་ཕན་ཆད་དེ་དག་གི་རང་ངོ་ཟང་ཐལ་ངོས་བཟུང་ལས་འདས་པ་ཞིག་ཏུ་ཡེ་ནས་ཡོད་པ་ངོས་ཟིན་ཕན་ཆད། རྟོག་མི་རྟོག་ལ་ཁྱད་པར་མེད་པས། རྒྱལ་བ་ཀློང་ཆེན་པས་ཀྱང་། རྒྱ་ཡན་ཡུལ་ལ་འཇུག་ཀྱང་གང་བདེར་ཐོང་། གསུངས་པ་སོགས་ཀྱང་འདི་དང་འདྲ། གཞན་འདིར་བསྡོང་ཅི་ཞུ་མ་དྲན་པས་ཉིད་ནས་ཐུགས་ལ་གང་དྲན་གསུང་ཤོག་དང་ག་ལེར་རང་གིས་གང་ཤེས་རིམ་པར་ཞུ་ཆོག །འགྱུར་མེད་ཚེ་རིང་ལ་མགོན་པོ་ནས། །

འཕྲང་སྒྲོལ་ཟླ་བའི་སྒྲོན་མེ།

རྗེ་མཐོང་ཐོས་དྲན་རེག་དོན་ལྡན་པ། །བཀའ་དྲིན་འཁོར་མེད་ཆོས་ཀྱི་རྗེ། །སངས་རྒྱས་གཞན་ཕན་སྣང་བ་དེས། །ཁྱེད་ལ་རྟག་ཏུ་ཐུགས་རྗེས་སྐྱོངས། །གསོན་དང་སྐལ་ལྡན་རྡོ་རྗེའི་མཆེད། །འོ་སྐོལ་དལ་འབྱོར་མི་ལུས་ཐོབ། །རང་དབང་རང་ལ་ཡོད་དུས་འདིར། །གཏན་འདུན་སྒྲུབ་པའི་དུས་ཡིན་པས། །ཐོག་མར་བླ་མ་བསྟེན་དུས་སུ། །སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད། །ཅི་གསུང་བཀའ་ལ་ཚད་མར་འཛིན། །མཉེས་པ་གསུམ་གྱིས་ཞབས་ཏོག་སྒྲུབ། །ཐེག་པ་སྣ་ཚོགས་ཆོས་ཀྱི་ཚུལ། །མདོ་དང་བསྟན་བཅོས་ཇི་སྙེད་ཀྱིས། །གཏན་ལ་ཕབས་པའི་རྣམ་གྲངས་ཀུན། །མཐའ་དག་བསླབ་ཀྱིས་མི་ལང་ཡང་། །ཐུན་མོང་ཐེག་པའི་ལྟ་གྲུབ་གཞུང་། །གྲུབ་མཐའ་བཞི་རུ་བསྡུས་པའི་དོན། །འཕགས་ཡུལ་མཁས་པའི་གསུང་ཚད་མ། །གཞུང་ཆེན་བཅུ་གསུམ་ཉིད་ལ་བསླབ། །དེ་རྗེས་གསང་བ་བླ་མེད་ཀྱི། །སྨིན་བྱེད་དབང་བཞིས་རྒྱུད་སྦྱངས་ནས། །གསང་བ་བླ་མེད་སྤྱིའི་ཏནྟྲ། །སྒྱུ་འཕྲུལ་དྲྭ་བ་ཆེན་པོར་འཇུག །དེ་ནས་ཟབ་པ་མན་ངག་གཞུང་། །བསྟན་པ་ཡོངས་རྫོགས་ཉམས་ལེན་གནད། །ཚང་ལ་མ་ནོར་ངལ་གསོ་གསུམ། །དོན་ཁྲིད་བཅས་ལ་ཅིས་ཀྱང་སློབས། །ཐུན་མོང་སྔོན་འགྲོའི་རྒྱུད་སྦྱངས་ནས། །ཐུན་མིན་གསང་ཆེན་ངེས་པའི་གནད། །སྙིང་ཐིག་གསང་བའི་མན་ངག་ནི། །ཀུན་མཁྱེན་ཆོས་རྗེའི་གསུང་རབ་བཞིན། །ངེས་ཤེས་སྒྲོ་འདོགས་ཆོད་ངེས་ཤིག །བླ་མའི་ཞལ་ལ་དྲིས་ཏེ་སློབ། །དེ་ཡང་གོ་ཡུལ་ཙམ་མིན་པའི། །མངོན་སུམ་རང་ཐོག་གནད་ལ་དབབ། །ཐོས་བྲལ་བླུན་པོའི་ཚིག་ཚོགས་དང་། །ཐོས་མང་འཇུར་བུའི་རྟོག་དཔྱོད་གཉིས། །ལམ་གྱི་གེགས་སུ་ཆེ་བས་ན། །ཁོངས་ཁྲོལ་ལྷོད་ཆགས་གུ་ཡངས་དགོས། །རང་ངོ་ཟང་ཐལ་རྗེན་པ་ལ། །ངོས་བཟུང་རྡུལ་ཙམ་མེད་མོད་ཀྱང་། །ཕྱོགས་མ་མཐོང་བའི་སད་སུད་ཀྱིས། །ཧོལ་རྒྱུག་མི་བྱེད་གནད་ལ་བོར། །ཆེད་དུ་ཞེན་པའི་གཏད་སོ་ཡིས། །གནས་ལུགས་རང་ཞལ་སྒྲིབ་མོད་ཀྱང་། །ཧ་ཅང་གཏད་མེད་དགོས་སྙམ་འདི། །ཀུན་རྟོག་རང་ངོར་དག་པ་དགོས། །དུག་ལྔ་ལ་སོགས་ཅི་སྐྱེས་ཀྱང་། །ཤར་མཁན་རང་གི་གཤིས་ལུགས་སུ། །ཟང་ཐལ་རང་ངོ་སྐྱོང་ཤེས་ན། །གནས་འགྱུ་དུ་མ་རོ་གཅིག་འགྲོ། །

འདི་ཕྱི་བར་དོའི་ལམ་ཁྱེར་དམ་པའི་ཞལ་ལུང་།

སྲས་བཅས་རྒྱལ་བའི་མཁྱེན་བརྩེ་དང་། །ཐབས་མཁས་ནུས་མཐུ་གཅིག་བསྡུས་པ། །མཚུངས་མེད་དཔལ་ལྡན་བླ་མ་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ཏེ། །ཆོས་དང་མཐུན་པའི་བསླབ་བྱ་འདི། །ལེགས་པར་བཤད་ཀྱིས་ཡིད་ལ་ཟུང་། །ཀྱེ་ལགས་ཁམས་གསུམ་འཁོར་བ་འདི། །འདུས་བྱས་ཉིད་དང་ཟག་བཅས་ཕྱིར། །ཐམས་ཅད་སྡུག་བསྔལ་རང་བཞིན་ཏེ། །མི་རྟག་སྙིང་པོ་མེད་པ་ལགས། །ཁྱབ་དང་འགྱུར་དང་སྡུག་བསྔལ་གྱི། །སྡུག་བསྔལ་ཉིད་ཕྱིར་སྲིད་འདི་ལ། །མེ་དང་མཚོན་དང་གཡང་ས་དང་། །དུག་དང་རྒྱལ་པོའི་ཁྲི་མུན་ལྟར། །འཇིགས་ཤིང་སྐྱོ་བ་བསྐྱེད་པར་མཛོད། །ཕྱི་སྣོད་ནང་བཅུད་གནས་དང་དུས། །མཛའ་གྲོགས་ལོངས་སྤྱོད་སྙན་གྲགས་སོགས། །གང་ཡང་གློག་དང་ཆུ་བུར་བཞིན། །འགྱུར་བཅས་སྙིང་པོ་མེད་པའི་ཕྱིར། །གང་ལའང་བློ་གཏད་མི་ཐུབ་ཅིང་། །ངེས་པར་བསླུ་བའི་ཚུལ་བསམ་སྟེ། །ཆོས་བརྒྱད་ཚེ་འདིའི་སྣང་བ་ལ། །ཞེན་པ་གཏིང་ནས་ལྡོག་པར་མཛོད། །སྲིད་ན་ལས་ཀྱི་གཞན་དབང་ཅན། །སྡུག་བསྔལ་ཞགས་པས་བཅིངས་པ་ཡི། །སེམས་ཅན་ཕུང་པོ་འདི་ཀུན་ཀྱང་། །ངེས་པར་ཕ་མར་མ་གྱུར་མེད། །དེས་ན་བྱམས་དང་སྙིང་རྗེ་ཡིས། །ཀུན་ལ་བུ་བཞིན་རབ་དམིགས་ཏེ། །སྲིད་པའི་སྡུག་བསྔལ་རྒྱུ་འབྲས་ལས། །སྒྲོལ་བར་འདོད་པའི་སྙིང་སྟོབས་བསྐྱེད། །འགྱུར་མེད་གཏན་གྱི་བདེ་བ་ནི། །བླ་ན་མེད་པའི་སངས་རྒྱས་ཏེ། །འཐོབ་བྱ་ཀུན་གྱི་མཆོག་ཡིན་པས། །དོན་གཉེར་དམ་བཅའ་སྲོག་བཞིན་བསྲུང་། །སངས་རྒྱས་གོ་འཕང་མ་ཐོབ་ན། །རྣམ་པར་གྲོལ་ཡང་ཞི་བའི་མཐའ། །ཐེག་ཆེན་ལམ་གྱི་གེགས་སུ་ཆེ། །དེ་ཕྱིར་འགྲོ་ཀུན་མར་ཤེས་པའི། །སྙིང་རྗེ་དྲག་པོའི་དམིགས་ཡུལ་དུ། །བཟུང་ནས་སངས་རྒྱས་གོ་འཕང་ལ། །བདག་གིས་འགོད་ཅེས་དམ་བཅའ་ཟུང་། །དུས་དང་རྣམ་པ་ཐམས་ཅད་དུ། །ཚུལ་དེ་མི་བརྗེད་གོམས་པར་བྱ། །དེ་ཡི་བསླབ་བྱ་ཕར་ཕྱིན་དྲུག །སྤྱོད་འཇུག་གཞུང་ལྟར་འབད་པས་སྒྲུབ། །དེ་ལྟར་ཐེག་ཆེན་སྤྱིའི་ལམ་གྱི། །ཁོག་ཕུབ་མ་ནོར་གཞིར་བཞག་ནས། །བྱེ་བྲག་ཐུན་མིན་གསང་ཆེན་གྱི། །ལམ་དང་འབྲེལ་བའི་སྔོན་འགྲོ་དང་། །དངོས་གཞིའི་མན་ངག་ཁྲིད་གཞུང་ལས། །ཇི་ལྟར་བསྟན་བཞིན་ནན་ཏན་མཛོད། །མདོར་ན་ཐེག་ཆེན་ལམ་ཀུན་གྱི། །རྩ་བ་སྙིང་རྗེ་ཕྱོགས་མེད་དང་། །ཕྱི་བཤོལ་རྣམ་གཡེང་ལེ་ལོ་ཡི། །གཉེན་པོར་མི་རྟག་འཆི་བ་སྒོམ། །གནས་ལུགས་རྟོགས་པའི་ཉེ་རྒྱུ་ནི། །བླ་མར་སངས་རྒྱས་དངོས་མཐོང་བའི། །མོས་གུས་ཡིན་ཏེ་མེད་ཐབས་མེད། །དེ་ཕྱིར་འདི་ལ་ནན་ཏན་མཛོད། །ཉམས་ལེན་དངོས་གཞིའི་གནད་ལ་ནི། །ད་ལྟའི་ཤེས་པ་སོ་མའི་གཤིས། །རང་སར་ལྷོད་དེ་བཞག་པའི་ཚེ། །ཚིག་དང་བརྗོད་པས་མི་མཚོན་པའི། །རང་གསལ་རྗེན་པ་ལྷག་གེར་འཆར། །དེ་ལ་བཅས་བཅོས་སྤང་བླང་སོགས། །བློས་བྱས་ཞེན་པས་མ་སླད་པར། །བར་སྣང་རྒྱ་མཚོ་མེ་ལོང་ལྟར། །རང་དྭངས་སྤྲོ་བསྡུ་བྲལ་བར་སྐྱོང་། །རྩལ་གྱི་རྣམ་རྟོག་ཅི་ཤར་ཡང་། །དགག་སྒྲུབ་རེ་དོགས་མ་བྱེད་པ། །འཆར་གཞི་ཟང་ཐལ་ངོ་ཤེས་པའི། །རང་དྭངས་རང་གསལ་སྐྱོང་བ་གནད། །ཕྱི་རོལ་ཡུལ་རྐྱེན་བཟང་ངན་དང་། །བདེ་སྡུག་ཆགས་སྡང་དྲག་པོ་ཡི། །བློ་རྒོད་སྐྱེས་ཚེ་ངོས་བཟུང་སྟེ། །རང་དྭངས་ཟང་ཐལ་དེ་གར་གློད། །གང་ཡང་ལམ་གྱི་གྲོགས་སུ་འཆར། །མདོར་ན་རང་བབས་སེང་ངེ་བའི། །རང་ངོ་བརྗོད་པས་མི་མཚོན་པའི། །ཟང་ཐལ་རྒྱུན་ཆད་མེད་པ་འདི། །འཕྲོ་གནས་གང་གི་དུས་ན་ཡང་། །ངོས་ཟིན་ངང་ལ་རང་བབས་སྐྱོང་། །ཉམས་དང་རྨི་ལམ་མངོན་ཤེས་དང་། །མཐོང་སྣང་སྣ་ཚོགས་ཅི་ཤར་ཡང་། །བདེན་མེད་རྨི་ལམ་དངོས་ཉིད་དུ། །ཐག་བཅད་རྩིས་གདབ་མེད་པའི་ངང་། །བླ་མར་གསོལ་བཏབ་རང་བབས་གཤིས། །ཤུགས་འབྱུང་དེ་གའི་ངོ་བོར་གློད། །དེས་ནི་གེགས་དང་གོལ་ས་ཆོད། །མ་ནོར་རྟོགས་པའི་ཕ་ཕོགས་འཐོབ། །འཆི་བ་ཐོག་བབས་བྱུང་ན་ཡང་། །སྤྱི་བོར་བླ་མའི་རྣལ་འབྱོར་བསྒོམ། །མོས་གུས་དྲག་པོས་གསོལ་བ་ཐོབ། །རང་ཉིད་འོད་དམར་གོང་བུ་ནི། །མེ་སྟག་ཡལ་བ་ཇི་བཞིན་དུ། །བླ་མའི་ཐུགས་ཀར་ཐིམ་པར་དམིགས། །རྗེས་ཤེས་ཟང་ཐལ་ངང་ལ་བཞག །མ་ཡེངས་དྲན་པ་གཞུང་ལ་སྲོང་། །བར་དོའི་སྣང་བ་འཆར་བའི་ཚེ། །རང་སྣང་ཡིན་པར་ཐག་བཅད་དེ། །མ་བཅོས་གཉུག་མའི་ངང་ལ་བཞག །བློ་ཡི་སྤྲོས་པ་མ་ཆོད་ན། །བདེ་བ་ཅན་དང་པདྨ་འོད། །གང་འདོད་ཞིང་དེར་མངོན་སུམ་དུ། །འགྲོ་བའི་འདུན་པ་དྲག་ཏུ་གཏད། །རང་བབས་སོ་མའི་ངང་ལ་བཞག །དེ་ཡིས་འདི་ཕྱི་བར་དོ་གསུམ། །ལམ་འཁྱེར་མན་ངག་གནད་ཀུན་ཚང་། །འདི་བཞིན་ཉམས་སུ་ལེན་ནུས་ན། །དལ་འབྱོར་དོན་དང་ལྡན་པར་འགྱུར། །དེ་སྐད་ཆོས་དང་མཐུན་པའི་གཏམ། །དམ་པའི་ཞལ་ལུང་མ་ནོར་བ། །རང་བློར་ངེས་པ་གང་སྐྱེས་རྣམས། །ཕུལ་འདི་སྙིང་གི་དཀྱིལ་དུ་ཟུང་། །དད་ལྡན་སློབ་མས་བསྐུལ་བའི་ངོར། །ཡོངས་འཛིན་ཡོན་ཏན་མགོན་པོས་བྲིས། །

རྩོལ་མེད་ཡེ་རྫོགས་ཀྱི་གདམས་ཕྲན་ཡིད་དཔྱོད་འཕྲང་སྒྲོལ།

ཧོ་ཧོ། བློ་བྲལ་ཆོས་ཟད་ཀྱི་རང་ངོ་། །ཞེན་མེད་རྒྱ་ཡན་དུ་སྐྱོང་བས། །བློས་བྱས་ལྟ་སྒོམ་གྱི་འཇོག་སོ། །བྱ་ལམ་རྗེས་མེད་དུ་ཡལ་སོང་། །དམིགས་གཏད་སེམས་འཛིན་གྱི་རེ་དོགས། །བཙལ་ཀྱང་རྙེད་ཚོད་ནི་མི་གདའ། །རང་བབས་ཆོས་ཉིད་དུ་འདུག་པ། །ཨ་འཐས་འཕྲང་གཅུར་དེས་ཅི་བྱ། །རྩོལ་བཅས་ས་ལམ་གྱི་སྦྱང་བགྲོད། །རྩོལ་མེད་ཡེ་རྫོགས་སུ་འདུག་པས། །རེ་འདོད་ཡིད་སྨོན་གྱི་ཞེན་པ། །སྨིག་རྒྱུའི་རི་མོ་བཞིན་ཡལ་སོང་། །ཞེས་ཀྱང་ཉམས་མཚར་དུ་འཇིགས་མེད་ཡོན་ཏན་མགོན་པོས་སྨྲས་སོ། །

བློ་གསལ་གཞོན་ནུ་ལ་སྤྲིངས་པའི་གཏམ་དཔྱིད་ཀྱི་ཀོ་ཧུའི་དབྱངས་སྙན།

གཞོན་ནུ་དོན་ཐམས་ཅད་གྲུབ་པ་ལ་ཕྱག་འཚལ་ལོ། མཐོ་རིས་དཔལ་ཀུན་རྫོགས་པའི་རྒྱལ་པོའི་རྒྱལ་སྲིད། །མི་གཙང་རུལ་བ་བཞིན་དུ་སྤངས་ནས་སླར། །དཀའ་ཐུབ་ཞི་བའི་ཚུལ་གྱིས་ཆོས་མཆོག་གི། །བདུད་རྩི་མཆོག་རབ་བརྙེས་པ་དེར་ཕྱག་འཚལ། །ཀྱེ་ལགས་ལེགས་བྱས་འབུམ་གྱི་ཚོང་ཟོང་གིས། །རྙེད་དཀའི་མཐོ་རིས་རྟེན་མཆོག་ཐོབ་ནས་སླར། །ངན་འགྲོའི་གཅོང་རོང་བཟོད་དཀའ་བསམ་བཞིན་དུ། །འཇུག་པའི་སྐྱེ་བོ་གདོན་གྱིས་གཙེས་པར་ཟད། །ཡོན་ཏན་ཀུན་གྱི་འབྱུང་གནས་ཕན་བདེའི་གཞི། །རྒྱལ་བསྟན་ལུང་དང་རྟོགས་པའི་བདག་ཉིད་ཅན། །གང་ལ་དད་པས་འཇུག་པའི་སྐལ་བཟང་དེ། །ལྷ་དབང་ལྷ་ཡི་དཔལ་གྱིས་མཚོན་ནུས་མིན། །ལང་ཚོ་དང་པོའི་དུས་འདིར་བག་ཡོད་ཀྱིས། །ཞི་དུལ་དམ་པའི་སྤྱོད་ལ་མ་བསླབ་ན། །ཕྱིས་ནས་ན་ཚོད་ཐལ་བའི་གནས་ཐོབ་ཚེ། །མི་བཟོད་འགྱོད་པའི་མེ་ཡིས་གདུང་བར་འགྱུར། །ཐུབ་པ་ཆོས་ཀྱི་རྒྱལ་པོའི་གསུང་གི་མཛོད། །ཀུན་གྱི་གཞི་དང་སྙིང་པོར་གྱུར་པ་ནི། །ཆོས་འདུལ་བདུད་རྩིའི་གཏེར་ལས་གཞན་མེད་པས། །ཐར་འདོད་རྣམས་ཀྱི་འཇུག་སྒོ་འདི་ཁོ་ན། །སྒོ་གསུམ་ཞི་བའི་སྤྱོད་ལམ་དྲང་སྲོང་བཞིན། །ལྷ་དང་བཅས་པའི་ཡིད་རབ་དྭངས་བྱེད་ཅིང་། །ཕྱོགས་བཅུའི་ཞིང་མང་དག་ན་རབ་གྲགས་པའི། །ཚུལ་ལྡན་སྐྱེས་བུ་ས་སྟེང་མཛེས་པའི་རྒྱན། །ཡོན་ཏན་ཚོགས་མང་དབྱར་གྱི་ཆུ་གཏེར་བཞིན། །གོང་ནས་གོང་འཕེལ་ཚུལ་ལྡན་སྐྱེས་བུ་དེ། །ལྷར་བཅས་ཞིང་ན་མཆོད་པའི་གནས་ཡིན་ཏེ། །ཚངས་སོགས་ཆེ་དགུའི་ཕྱག་གི་འོས་སུ་འགྱུར། །ཕྱོགས་བཅུའི་རྒྱལ་དང་དེ་སྲས་མཆོག་རྣམས་ཀྱང་། །ཚུལ་ལྡན་སྐྱེས་བུ་སྲས་ཀྱི་ཐུ་བོར་དགོངས། །སྨོན་པའི་དོན་འགྲུབ་འབྲེལ་ཚད་དོན་དང་ལྡན། །བདེ་བར་ཚེ་ཡི་དུས་བྱེད་དག་ཞིང་འགྲོ། །དེ་སླད་ཡོན་ཏན་བྱེ་བའི་གཞིར་གྱུར་པ། །སངས་རྒྱས་དགྱེས་པའི་ལམ་བཟང་ཚུལ་ཁྲིམས་མཆོག །མིག་གི་འབྲས་བཞིན་རྟག་ཏུ་བསྲུང་བགྱིད་པའི། །སྐྱེས་མཆོག་དེ་ལ་ཐུབ་པའི་སྲས་ཞེས་བརྗོད། །ཁྲིམས་འཆལ་ཉེས་པའི་དུག་གིས་ཁོང་སླད་པའི། །ཚུལ་འཆོས་གཟབ་འཕྱོར་ངན་སྐྱུག་བུམ་པ་བཞིན། །ཀུན་གྱིས་སྨད་ཅིང་ཐར་པའི་སྲོག་སྟོར་ནས། །ཤི་བའི་རོ་བཞིན་ངན་འགྲོའི་གཡང་ལ་ལྟུང་། །དང་པོའི་ལས་ཅན་གྲོགས་ཀྱི་གཞན་དབང་གིས། །བཟང་ངན་སྤྱོད་ལམ་དེ་ཡི་རྗེས་འགྲོ་ཕྱིར། །ཚུལ་ལྡན་མང་ཐོས་དམ་པའི་ངང་ཚུལ་ཅན། །དགེ་བའི་བཤེས་གྲོགས་སྲོག་དང་མིག་བཞིན་བསྟེན། །ཐོག་མ་མེད་ནས་རྨོངས་པའི་གཞན་དབང་གིས། །སྲིད་པའི་འཁོར་ལོ་གཅིག་ནས་གཅིག་བརྒྱུད་དེ། །མི་བཟད་སྲིད་པའི་སྡུག་བསྔལ་མཚོར་བྱིངས་ནས། །ཐར་བའི་དུས་མེད་བསམ་བཞིན་སྐྱོ་བ་འཕེལ། །རྨོངས་པའི་གཉེན་པོ་ཤེས་རབ་སྒྲོན་མེ་སྟེ། །དེ་ཡང་ཐོག་མར་ཐོས་པའི་རྒྱུ་མཐུན་ལས། །སྐྱེ་བ་ངེས་ཕྱིར་ཐོས་པ་དམ་པའི་ལམ། །ཐར་འདོད་རྣམས་ཀྱི་ཐོག་མའི་འཇུག་སྒོ་ཡིན། །ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་བློ། །གང་ལས་འབྱུང་བའི་དགེ་ལེགས་ཀུན་གྱི་གཞི། །ཐོས་པ་རིན་ཆེན་སྒྲོན་མེ་སྐྱེ་དགུའི་མིག །འདི་བྲལ་སྐྱེས་བུ་དམུས་ལོང་ཐང་འཁྱམས་འདྲ། །ཚིག་གཅིག་ཤེས་ཀྱང་ཕྱོགས་རེའི་རྨོངས་པ་སེལ། །མང་ཐོས་མཐར་ཕྱིན་ཀུན་མཁྱེན་ཡེ་ཤེས་འཐོབ། །ལམ་དང་འབྲས་བུའི་ཡོན་ཏན་ཇི་སྙེད་ཀྱང་། །ཐོས་པ་དམ་པའི་འབྲས་བུར་སུ་ཡིས་བསྙོན། །འདི་ན་ཐོས་བྲལ་སྐྱེས་བུ་ཁྱི་ཕག་བཞིན། །བཟའ་བཏུང་རྙེད་འཚོལ་ཁོ་ནས་ཚེ་མཐར་གཏུགས། །འཆི་ཚེ་སྡིག་པའི་ཁུར་གྱིས་རབ་ནོན་ཏེ། །འགྱོད་པའི་མེས་གདུང་འོག་ནས་འོག་ཏུ་འགྲོ། །ཐོས་ལྡན་སྐྱེས་བུ་ལྷ་ཡི་རྒྱལ་པོ་བཞིན། །ཀུན་གྱིས་བཀུར་ཞིང་ཡོན་ཏན་འབྱོར་བས་ཕྱུག །ས་སྟེང་མཛེས་པའི་རྒྱན་གྱུར་ནམ་ཞིག་ན། །ལྷར་བཅས་འདྲེན་པ་མཆོག་གི་གོ་འཕང་ཐོབ། །དེ་ཕྱིར་ད་རེས་དལ་བའི་རྟེན་བཟང་འདི། །དོན་ལྡན་ཆོས་ཀྱི་སྙིང་པོར་བགྱིད་སླད་དུ། །ཉིན་མཚན་མི་དལ་བརྩོན་པ་ལྷུར་ལེན་པས། །ཚུལ་གནས་ཐོས་བསམ་ཁོ་ནར་ནན་ཏན་མཛོད། །མ་བསླབ་བཞིན་དུ་ཆོས་ཀུན་མཁྱེན་པ་ནི། །འགའ་ཡང་མི་སྲིད་བསླབ་ན་མི་ཤེས་པའི། །རྨོངས་པ་རྟག་པ་སྲིད་ན་ཡོད་མིན་པས། །ཇི་ཙམ་བསླབ་པ་དེ་ཙམ་ཤེས་རབ་འཕེལ། །ཐོག་མར་བསླབ་པའི་དུས་ན་སྙིང་སྟོབས་ཀྱིས། །བརྩོན་པ་རྒྱུན་བསྲིངས་ངང་རིང་བློ་བརྟན་པས། །འདྲིས་ཤིང་གོམས་ལས་བློ་གྲོས་མཐུ་ཐོབ་ཚེ། །སྤྲོ་བ་གོང་འཕེལ་ཚོང་པས་ཁེ་ཐོབ་བཞིན། །བདག་བློ་གཉེན་ལ་ཞེན་པའི་བརྩེ་གདུང་གིས། །ལེགས་ལམ་ལྷག་བསམ་ཟླ་ལྟར་དཀར་བའི་གཏམ། །རིགས་རུས་ཆོ་འབྲང་འདྲེས་པའི་གྲོགས་ཁྱེད་ལ། །ཕུལ་འདི་སྙིང་གི་དྭངས་མར་ཟུང་ཞིག་གུ། །བཀྲ་ཤིས་མཆོག་གསུམ་རིན་ཆེན་བླ་བྲེ་ལས། །བཀྲ་ཤིས་ཆོས་དཀར་མུ་ཏིག་ཕྲེང་སྤྲོ་བས། །བཀྲ་ཤིས་ཐོག་མཐའ་བར་གྱི་ལམ་བཟང་གི། །བཀྲ་ཤིས་དཔལ་དེས་ཁྱོད་ལ་སྲུང་གྱུར་ཅིག །ཅེས་པའང་སྙིང་ལྟར་གཅེས་པའི་གཞོན་ནུ་ཤྲཱི་ནཱ་ཐ་ལ་མཁན་མིང་རྒན་བུ་ཡོན་ཏན་མགོན་པོ་ནས་བསླབ་བྱ་དྲང་པོར་ཕུལ་བ་དགེ །

བྱིན་རླབས་ལམ་ཁྱེར་སྙིང་པོའི་ཡང་བཅུད།

སླབཝཀྱེ་ལགས་དལ་རྟེན་རིན་ཆེན་རྙེད་དུས་འདིར། །སྙིང་ནས་སྙིང་པོའི་དོན་ལ་མ་འབད་ན། །ཕྱི་ནས་འདི་འདྲའི་ལུས་རྙེད་མི་འགྱུར་བས། །ཉིན་མཚན་མི་དལ་བརྩོན་པས་སྒྲུབ་པ་མཛོད། །སེམས་ངོ་འཕྲོད་ཀྱང་གོམས་པས་མ་སྦྱང་ན། །རྟོག་པ་རྐྱེན་འཆོར་ཉོན་མོངས་དབང་འགྱུར་བས། །ཐུན་དང་ཐུན་མཚམས་གནས་སྐབས་གང་ལ་ཡང་། །ཡེངས་མེད་དྲན་པས་རྒྱུད་ལ་འདྲིས་པར་མཛོད། །ཧ་ཅང་སྒྲིམ་དྲགས་བློ་ཡི་གཟེངས་ལང་པས། །གང་ལྟར་སྐྱོང་ཡང་བཟེ་རེ་རྒྱུན་མི་འཆད། །བག་ཡངས་ངང་ནས་ཞེན་མེད་རིག་པའི་འགྲོས། །ཤུགས་འབྱུང་ཟང་ཐལ་བློ་ཡངས་ངང་ལ་ཞོག །རིག་སྟོང་ཟང་ཐལ་རང་ཞལ་མཇལ་བ་ན། །ལྷ་དང་བླ་མ་ཀུན་དང་འདུ་འབྲལ་མེད། །གང་བྱུང་བྱིན་རླབས་ལམ་གྱི་གྲོགས་སུ་འཆར། །དེ་འདྲའི་སྐལ་བཟང་མཆོག་ལ་རེག་གྱུར་ཅིག །ཅེས་ཆོས་སྨན་ཕྲན་བུ་བཅས་རྒན་པོ་ཡོན་ཏན་མགོན་པོ་ནས་ཕུལ་བ་དགེ །

ཆོས་འདུལ་རིན་པོ་ཆེ་ལ་འཇུག་པའི་གཏམ་ཞི་བསིལ་བདུད་རྩིའི་གྲུ་ཆར།

ན་མོ་ཤཱཀྱ་མུ་ནེ་ཡེ། ཐུགས་རྗེའི་ཟླ་ཤེལ་མཆོག་ཏུ་གསལ་བ་ལས། །ཞི་བསིལ་ཆོས་འདུལ་བདུད་རྩིའི་ཟེར་ཕྲེང་འབུམ། །སྤྲོས་ནས་འགྲོ་སེམས་དུག་གསུམ་འཁྲུགས་པའི་མེ། །བསིལ་མཛད་ཐུབ་དབང་ཟླ་བ་གཙུག་ཏུ་མཆོད། །ཤིན་ཏུ་བཟོད་དཀའི་ལས་ཉོན་འབར་བའི་དབལ། །ཀུན་ནས་ཞི་བྱེད་ཐེག་གསུམ་བདུད་རྩིའི་ཀླུང་། །ཐོག་མཐའ་བར་དུ་དགེ་བའི་རང་བཞིན་ཅན། །འདི་གཅིག་སྐྱོབ་པ་བླ་ན་མེད་པ་ལགས། །ཟབ་ཅིང་རྒྱ་ཆེའི་གསུང་རབ་ཇི་སྙེད་པའི། །གཞི་དང་སྙིང་པོར་རྒྱལ་དང་རྒྱལ་སྲས་ཀྱིས། །ལན་བརྒྱར་བསྔགས་པའི་ཆོས་འདུལ་རིན་པོ་ཆེ། །ཐར་འདོད་ཀུན་གྱི་འཇུག་སྒོ་གཅིག་པུ་ལགས། །ས་ལམ་ཏིང་འཛིན་ཡོན་ཏན་ཆོས་སོ་ཅོག །ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་བསླབ་པ་སྟེ། །ཚུལ་དེའི་རང་བཞིན་རྒྱ་ཆེར་འདོམས་པའི་ངག །ཐུབ་པའི་ཞལ་ཆེམས་ཆོས་འདུལ་མཛོད་འདི་ལགས། །སྐྱོབ་པ་མཆོག་དེའི་ཞལ་གྱི་བུམ་བཟང་ལས། །ཆོས་ཀྱི་བདུད་རྩི་ཇི་སྙེད་སྤྲོས་ཀུན་གྱི། །སྙིང་པོར་ངེས་པའི་ཆོས་འདུལ་ཡིད་བཞིན་ནོར། །འདི་གཅིག་སྟོན་པའི་ཞལ་སྐྱིན་ཉག་གཅིག་ཡིན། །ལྷར་བཅས་འདུས་པ་སྟོང་གི་ཚོགས་དབུས་ན། །སྐྱེ་དགུའི་བླ་མ་དོན་ཀུན་གྲུབ་པ་དེའི། །གསུང་གི་ཐ་མར་སྟོན་པའི་རྒྱལ་ཚབ་ཏུ། །ཆོས་འདུལ་མཛོད་འདི་ཁོ་ནར་བསྔགས་མིན་ནམ། །དེ་སླད་སྙིང་ནས་ཐར་པ་དོན་གཉེར་བའི། །སྐལ་བཟང་རྣམས་ཀྱིས་ཡིད་བཞིན་ནོར་ལས་ཀྱང་། །ལྷག་པའི་ཆོས་འདུལ་མཛོད་འདིར་དད་གསུམ་བློས། །ཐོས་བསམ་ཉམས་ལེན་སྲོག་དང་བསྡོ་བར་གཅེས། །ཀྱེ་ལགས་བསྟན་པའི་འཇུག་སྒོ་དང་པོ་ནི། །སོ་ཐར་ལགས་ཏེ་དེ་ཡང་ཐེག་ཆེན་གྱི། །བྱང་ཆུབ་སེམས་ལྡན་ཐེག་ཆེན་ལམ་ཉིད་དུ། །འགྱུར་བའི་ཚུལ་གྱིས་ཐོག་མར་བསླབ་འཚལ་ལོ། །ལང་ཚོའི་མེ་ཏོག་གསར་པའི་དུས་འདི་རུ། །ཐོས་བསམ་སྦྲང་རྩིའི་ཁུར་ཆེན་མ་བསགས་ན། །ཕྱི་ནས་ན་ཚོད་ཡོལ་བའི་པད་རྙིང་འདབ། །འཐོར་ཉེའི་དུས་དེར་ཡོན་ཏན་སློབ་པར་དཀའ། །གཞོན་པའི་སྣང་ཤེས་འདོད་ལྔའི་བསླུ་བྲིད་ཀྱིས། །རྣམ་པར་གཡེངས་ན་མི་རྟག་སྲིན་མོའི་འགྲོས། །མངོན་སུམ་མཐོང་ཚེ་འགྱོད་ཀྱང་འཕྱིས་པ་ལགས། །དེའི་ཕྱིར་གཞོན་ནུའི་དུས་འདིར་བག་ཡོད་སློབ། །རང་གིས་རང་རྒྱུད་ཆོས་ལ་མ་བསྐོལ་ན། །སྙིགས་སྤྱོད་གྲོགས་ཀྱིས་ཉེས་བརྒྱའི་གཡོ་ཐབས་སློབ། །སུ་དང་བསྟུན་ཡང་སྡིག་པའི་བྱེད་སྤྱོད་འཕེལ། །དེ་ཕྱིར་རང་ཚུགས་ཆོས་ཀྱིས་འཛིན་པ་གནད། །ནོར་དང་ལོངས་སྤྱོད་ཐོབ་དང་གོ་ས་སོགས། །ཚེ་འདིའི་ཕུན་ཚོགས་འཕྲལ་སྣང་དགའ་བའི་རྒྱུ། །དེ་ལ་གཡེངས་བས་ཆོས་ཀྱི་སྣང་བ་འགྲིབ། །གཏན་དུ་ངན་འགྲོའི་གཏིང་རྡོར་གྱུར་པ་ལགས། །རྒན་གཞོན་སུ་ཡང་ནམ་འཆི་ཆ་མེད་པས། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་མ་གང་འབྱུང་ངེས་པ་འགའ་མེད་ན། །ཡུན་རིང་གསོན་པའི་སྙིང་ཁམས་དེས་ཅི་བྱ། །ད་ལྟ་འཆི་བདག་ཕོ་ཉས་ཟིན་གྱུར་ན། །འཆི་ཁར་ཕན་པའི་བློ་གཏད་ཅི་འདུག་ཅེས། །རང་གིས་རང་ལ་སྙིང་ནས་གསལ་གདབ་སྟེ། །རྟག་ཏུ་འཆི་བ་འབའ་ཞིག་དྲན་པར་མཛོད། །ཤི་ཚེ་ཕན་པ་དམ་པའི་ཆོས་ལས་མེད། །ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་མཆོག་ཡིན། །དེ་ཕྱིར་རྒྱལ་སྲས་སྤྱོད་པའི་ཉམས་ལེན་གནད། །ཐོག་མཐའ་བར་དུ་སྤྱོད་འཇུག་གཞུང་བཞིན་སློབ། །རང་དོན་ཉི་ཚེས་བྱང་ཆུབ་འཐོབ་མིན་པས། །གཞན་ཕན་བཤད་སྒྲུབ་ཆོས་ཀྱི་མཛད་པ་ཡིས། །བསྟན་འགྲོའི་དོན་ཆེན་སྒྲུབ་པའི་ཐུགས་བསྐྱེད་སྟོབས། །བློ་ཆེན་འཕགས་པ་རྣམས་ཀྱི་རྗེས་སུ་སློབ། །དེ་ཡང་ཐོག་མར་རང་རྒྱུད་མ་དུལ་བར། །གཞན་རྒྱུད་འདུལ་རློམ་བྱིས་པའི་རྩེད་མོ་འདྲ། །དེ་ཕྱིར་ཚུལ་གནས་ཐོས་དང་བསམ་ལྡན་པས། །རང་རྒྱུད་ཆོས་དང་འདྲེས་པའི་ཚུལ་ལ་འབད། །ཐོས་པ་དམ་པ་ཆོས་ཀྱི་འཇུག་སྒོ་སྟེ། །མེད་ཐབས་མེད་པའི་ཆོས་ཀྱི་འདྲེན་པ་ཡིན། །འོན་ཀྱང་ཐོས་པ་ཚུལ་བཞིན་མ་སྦྱང་ན། །ཆོས་མིན་ངན་འགྲོའི་ས་བོན་འགྱུར་ཉེ་བས། །རྣམ་དག་ཆོས་དང་ཆོས་མིན་འབྱེད་པའི་བློས། །ཚད་མར་གྱུར་པ་འཕགས་ཡུལ་མཁས་པའི་གཞུང་། །ཡིད་ཆེས་གནས་སུ་ཤེས་ནས་དད་བརྩོན་གྱིས། །ཉིན་མཚན་མི་དལ་བསླབ་ལ་ནན་ཏན་མཛོད། །དེ་ལྟར་ཐུན་མོང་བློ་སྦྱང་མཛད་པ་གནད། །ཐོས་བསམ་དག་པའི་ལམ་གྱི་ས་ཁོངས་སུ། །གཅིག་ཏུ་འདུམ་པ་བརྒྱུད་པའི་བཀའ་སྲོལ་འདིའི། །ཕྱག་བཞེས་མ་ནོར་རྒྱུད་ལ་འབྱོར་བ་ལགས། །ཐེག་ཆེན་ལམ་གྱི་སྦྱོར་དངོས་རྗེས་གསུམ་དང་། །གཞི་ལམ་འབྲས་བུ་ལྟ་སྒོམ་སྤྱོད་པའི་ཚུལ། །ས་ལམ་ཡོན་ཏན་ཟབ་ཅིང་རྒྱ་ཆེའི་སྤྱི། །ཤེས་ནས་ཐུན་མིན་ཟབ་ཁྱད་མ་ནོར་བར། །ཐེག་ཆེན་ལམ་གྱི་སྦྱོར་དངོས་རྗེས་གསུམ་དང་། །རྒྱུ་འབྲས་ལམ་བྱེད་སོ་སོའི་གནད་གནས་དོན། །ཇི་བཞིན་རྟོགས་སླ་ཐེ་ཚོམ་གོལ་ས་ཉུང་། །ལམ་མཆོག་མ་ནོར་ཉམས་རྟོགས་རྩོལ་མེད་འཆར། །དེ་ཕྱིར་གཞི་རྟེན་ཚུལ་ཁྲིམས་དག་པ་དང་། །ཐོས་བསམ་རྒྱ་མཚོར་འབད་པ་གལ་ཆེ་སྟེ། །འཇུག་སྒོ་ཐོས་བསམ་ཕྱོགས་མེད་བསླབ་པ་དང་། །དངོས་གཞིའི་སྙིང་པོ་སྒྲུབ་ལ་ལྷུར་ལེན་པ། །ཚང་ལ་མ་ནོར་རྒྱལ་བའི་ལམ་བཟང་ལགས། །གཞོན་ནུའི་དུས་འདིར་ཚུལ་ཁྲིམས་གཙང་བ་དང་། །ཐོས་བསམ་རྒྱ་མཚོར་འབད་པ་གལ་ཆེ་སྟེ། །དེ་ལྟར་མཛད་ན་རང་གཞན་དོན་གཉིས་འགྲུབ། །མི་རིང་བསྟན་འགྲོའི་དཔལ་མགོན་ཉིད་གྱུར་ཏེ། །ཀུན་མཁྱེན་བླ་མའི་མཚན་གྱི་ཅོད་པན་ཡང་། །གྲགས་པ་དོན་ལྟར་ལྷ་ཡི་རྔ་སྒྲ་བཞིན། །ལྷར་བཅས་ཞིང་ན་གཏམ་གྱི་གླེང་གཞིར་བྱེད། །རྒྱལ་བ་རྣམས་ཀྱིས་བསྔགས་པའི་མེ་ཏོག་འཐོར། །མཐོང་ཐོས་དྲན་རེག་དོན་དང་ལྡན་འགྱུར་བས། །སངས་རྒྱས་ཀུན་གྱི་འཕྲིན་ལས་ཁྱོད་གཅིག་ལ། །ཡོངས་སུ་རྫོགས་ནས་ཕྱི་མའི་མཐའི་བར་དུ། །མཁའ་ཁྱབ་ཞིང་གི་རྒྱན་དུ་འགྱུར་བར་ངེས། །དེ་སྐད་ཆོས་མཐུན་གཏམ་གྱི་མཎྜལ་འདི། །མཚུངས་མེད་བླ་མའི་གསུང་སྒྲོས་ཇི་བཞིན་དུ། །བདག་བློའི་ཉེས་པའི་སྐྱོན་དང་མ་འདྲེས་པར། །དད་གསུམ་ཐལ་མོ་སྦྱོར་བཞིན་གསོལ་བ་ལགས། །སྐྱེས་སྦྱངས་ཡོན་ཏན་ཕུང་པོ་རྒྱ་ཆེ་བའི། །ཐུགས་རྗེ་ཡས་སྤྲུལ་ཚད་མ་ཁྱེད་འདྲ་ལ། །གདོལ་སྤྱོད་ཉེས་མིང་བདག་འདྲས་ལེགས་བཤད་གཏམ། །འཆད་པར་འོས་པ་མིན་ཡང་ལན་མང་དུ། །བཀའ་ནན་འདོར་བར་མ་ནུས་ལེགས་ལམ་ཚུལ། །ཉུང་ངུ་ཙམ་ཞིག་ཟོལ་མེད་དད་གུས་ཀྱིས། །བླ་མ་མཆོག་གི་ཞབས་པད་དྲན་བཞིན་དུ། །གསོལ་འདིས་ཁྱོད་ཐུགས་དགྱེས་པ་ཡོང་གྱུར་ཅིག །ཅེས་པ་འདི་ཡང་སྐྱབས་རྗེ་བླ་མ་དམ་པ་གང་གི་མཁྱེན་བརྩེ་ནུས་པའི་རང་གཟུགས་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེའི་དགོངས་བཞེད་བཞིན་དུ། ཀུན་མཁྱེན་བླ་མ་གཞན་ཕན་ཆོས་ཀྱི་སྣང་བའི་ཞབས་རྡུལ་སྤྱི་བོས་རེག་པའི་སྐལ་བ་བཟང་པོ་ཅན་རྨོངས་རྟུལ་འཇིགས་མེད་ཡོན་ཏན་མགོན་པོས་ནང་ལུགས་སུ་གསོལ་བ་ལགས་ཤིང་། འདིས་ཀྱང་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་དམ་པ་དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །

གནད་གསུམ་གདམས་པ་སྙིང་གི་ཡང་ཞུན།

སྐུ་གསུམ་སྤྱི་གཟུགས་ཨོ་རྒྱན་རྗེ། །ཐ་མལ་སྣང་ངོར་མི་ཡི་ཚུལ། །བཀའ་དྲིན་འཁོར་མེད་གཞན་ཕན་པས། །བྱང་ཆུབ་བར་དུ་ཐུགས་རྗེས་ཟུང་། །གསོན་དང་སྐལ་ལྡན་རྡོ་རྗེའི་མཆེད། །འོ་སྐོལ་བླ་མ་སངས་རྒྱས་དེས། །རྗེས་བཟུང་ཟབ་མོའི་གདམས་པ་ཐོབ། །སྐྱེ་འཆི་བར་དོ་གང་ལ་ཡང་། །བློ་ཐག་ཆོད་པའི་ལམ་ཁྱེར་དགོས། །རང་བཞིན་སྐྱེ་གནས་བར་དོ་འདིར། །གང་སྣང་བླ་མའི་རོལ་བར་ཤར། །གང་བྱུང་བྱིན་རླབས་ལམ་ཁྱེར་ཤེས། །ནད་གདོན་བགེགས་ལ་ཉམ་ང་མེད། །རྟོགས་པའི་རྩལ་སྦྱོང་ཤེས་པར་མཛོད། །ཟུག་དང་མི་བདེའི་ཡུལ་རྐྱེན་ལ། །བཟེ་རེ་མ་བྱེད་རང་ངོར་གློད། །ན་མཁན་རྟོག་པ་ཆོས་ཀྱི་སྐུ། །ཟང་ཐལ་ནམ་མཁའི་བྱ་རྗེས་འདྲ། །རྟོག་ངོ་རང་སྟོང་རྗེན་ཁྲིད་པ། །རང་གསལ་བར་སྣང་དག་པ་འདྲ། །དགའ་དང་མི་དགའི་ཡུལ་མ་མཆིས། །རང་བབས་བདེ་ཆེན་དང་རེ་སྤྲོ། །རྩལ་སྣང་རང་དག་ཟང་ཐལ་ལེ། །རང་གྲོལ་མེ་ལོང་གཟུགས་བརྙན་འདྲ། །ངེས་བཟུང་བྲལ་བའི་གཤིས་ལུགས་སུ། །སྤང་བླང་མེད་པར་ཕྱམ་ལ་བསྐྱུར། །རྨི་ལམ་སད་ཁའི་སྣང་བ་བཞིན། །ཡོད་ཀྱང་ཡོད་ལ་མེད་ཀྱང་མེད། །རང་བཞིན་གཤིས་ལ་ཡོད་མ་མྱོང་། །ཆེད་འཛིན་ཐུག་ཕྲད་རང་གྲོལ་སྐྱོང་། །འགལ་རྐྱེན་གང་བྱུང་ལམ་གྱི་གྲོགས། །རྟོགས་པའི་གསལ་འདེབས་ངོ་མཚར་ཆེ། །མི་དགེའི་འདུ་ཤེས་རྡུལ་ཙམ་མེད། །ལམ་གྱི་བོགས་འབྱིན་བཀའ་དྲིན་ཆེ། །དེ་ཕྱིར་རྟོགས་པའི་རྣལ་འབྱོར་ལ། །རྐྱེན་ངན་དངོས་གྲུབ་ཕ་འབབ་སྟེ། །རང་ངོ་ཤེས་ན་བླ་མ་ལྷའི། །བྱིན་རླབས་དུས་སུ་སྨིན་པ་ཡིན། །དགའ་བ་སྒོམས་ཤིག་རིགས་ཀྱི་བུ། །འབྱུང་འཁྲུགས་འཆི་ཀ་བར་དོ་ལ། །སྣང་མཆེད་ཐོབ་པའི་འོད་གསལ་གནད། །བླ་མའི་ངོ་སྤྲོད་གདམས་པའི་གཟེར། །མ་ཡེངས་དྲན་པའི་གཟུངས་ཀྱིས་གདབ། །འོད་གསལ་རྗེན་པར་ཤར་བའི་དུས། །ངོས་གཟུང་གདོད་མའི་དབྱིངས་སུ་གྲོལ། །འོད་གསལ་ཆོས་ཉིད་བར་དོ་ལ། །སྣང་བའི་ཆོ་འཕྲུལ་ཅི་བྱུང་ཡང་། །རང་སྣང་སྒྱུ་མར་ཤེས་པའི་ངང་། །རང་བབས་གཉུག་མའི་རང་མདངས་སྐྱོང་། །ངོ་བོ་ཡེ་སྟོང་རྩ་བྲལ་ལ། །རང་བཞིན་བློ་བྲལ་རྗེན་ས་ལེ། །ཐུགས་རྗེའི་རིག་སྟོང་རྟོག་བྲལ་དང་། །སྔར་འདྲིས་འོད་གསལ་གཅིག་ཏུ་འདྲེས། །གནད་གསུམ་སྙིང་གི་ཡང་ཞུན་འདི། །རིག་འཛིན་བརྒྱུད་པའི་ཐུགས་བཅུད་ཡིན། །ཕ་གཅིག་བླ་མའི་སྙན་བརྒྱུད་ཡིན། །བུ་གཅིག་སེམས་ཀྱི་གཏད་སོ་ཡིན། །སྙིང་འདྲའི་གྲོགས་ཁྱེད་མ་གཏོགས་པ། །ཡོངས་ལ་ཕྱམས་བསྒྲགས་བྱ་མ་མྱོང་། །རྐུས་ནོར་བཞིན་དུ་སྙིང་ལ་སྦོས། །གནད་འདི་ལམ་དུ་འཁྱེར་ཤེས་ན། །གྲོལ་བ་གཅེར་མཐོང་མན་ངག་ཡིན། །སྲིད་པ་ལས་ཀྱི་བར་དོ་རུ། །བླ་མ་ཨོ་རྒྱན་ཆོས་རྗེ་ལ། །ཁྱེད་ཤེས་བློ་ཡིས་གསོལ་བ་ཐོབ། །གང་སྣང་རྨི་ལམ་ཆུ་ཟླར་ལྟོས། །ལྔ་ལྡན་པདྨོ་བཀོད་པ་རུ། །ཨོ་རྒྱན་གུ་རུའི་ཞབས་དྲུང་དེར། །རྩེ་གཅིག་འདུན་པའི་ཤུགས་ཀྱིས་སོང་། །སྣང་ཞེན་ཐད་ཀར་ཁྲིག་གེར་ཆོད། །རང་གྲོལ་ཟང་ཐལ་རྗེན་པར་གློད། །འདི་དང་ཕྱི་མ་གང་དུ་ཡང་། །པདྨའི་ཐུགས་རྗེ་མི་བསླུ་བས། །འགལ་རྐྱེན་འཁྲུལ་པའི་དབང་མི་འགྲོ། །བསམ་དགུ་འགྲུབ་བོ་སྙིང་གི་གྲོགས། །སྙིང་གཏམ་གསུང་སྒྲོས་ནང་མ་འདི། །སྙིང་འདྲའི་མཆེད་ལ་ནང་ལུགས་སུ། །བླ་མའི་ཞལ་ལུང་མ་ནོར་བར། །ཉམས་མཚར་ཚུལ་དུ་བྲིས་ཏེ་ཕུལ། །ཞེས་མཆེད་གྲོགས་དམ་པ་ཚེ་རིང་ནོར་དགའ་འདུ་འཁྲུགས་དྲག་པོས་མནར་ཚེ་གསལ་འདེབས་ཀྱི་ཚུལ་དུ་བཅོས་རྒན་མགོན་པོས་གང་ཤར་སྦ་གསང་མེད་པར་ཕུལ་བ་དགེ །

ཐོས་བསམ་སྒོམ་གསུམ་ལ་གཞོལ་བར་གདམས་པ་བདེན་གཏམ་སྤྲིན་སྒྲའི་སྙན་དབྱངས།

ཀྭ་ཡེ་སྨྲ་བ་མང་པོ་ཉེས་པའི་རྒྱུ། །ཆོས་སྤྱོད་ཐོས་བསམ་ཀུན་གྱི་གེགས་སུ་ཆེ། །རང་གཞན་རྣམ་གཡེངས་འཐབ་རྩོད་འཁྲུགས་པའི་རྐྱེན། །དེ་ཕྱིར་དོན་ལྡན་ཆོས་མཐུན་ཁོ་ན་ལས། །འབྲེལ་མེད་བཞད་གད་སློང་དང་བབ་ཅོལ་ཚིག །མ་བརྟག་ཀུ་རེའི་གཏམ་དང་གཡོ་སྒྱུའི་ངག །དམ་པར་སྐུར་འདེབས་ཆོས་དང་གང་ཟག་སྨོད། །དེ་སོགས་ངག་གི་ཉེས་པ་སྤོང་ལ་གཟོབ། །སྨྲ་ལ་དགའ་བའི་ཉེས་པ་ཚད་མེད་པ། །ཐེག་ཆེན་མདོ་དང་རྒྱལ་སྲས་སྤྱོད་པའི་གཞུང་། །ཀུན་ལས་ལེགས་པར་གསུངས་པའི་ཚུལ་བསམ་སྟེ། །དང་པོ་སྨྲ་བ་ཉུང་ལ་ནན་ཏན་མཛོད། །ཀྱེ་ལགས་ཐོས་པ་རིན་ཆེན་སྒྲོན་མེ་སྟེ། །རྨོངས་པ་སེལ་ཞིང་ཐར་ལམ་སྣང་བ་སྦྱིན། །ལེགས་པར་བསླབ་པས་མ་ནོར་དོན་ལ་འཇུག །རང་གཞན་ཕན་བདེ་ཀུན་གྱི་འབྱུང་གནས་ཡིན། །བླང་དོར་ཤེས་པས་ལམ་དང་ལམ་མིན་འབྱེད། །འཁོར་སྐྱོན་མཐོང་བས་ངེས་འབྱུང་ཤུགས་ལ་སྐྱེ། །ཡོན་ཏན་ཤེས་ནས་མཆོག་གསུམ་ཡིད་ཆེས་འཐོབ། །དེ་སོགས་ཐོས་པའི་ཡོན་ཏན་བསམ་མི་ཁྱབ། །གཞན་ཡང་ཆོས་ཀྱི་རྔའམ་གཎྜའི་སྒྲ། །ཐོས་པ་ཙམ་གྱིས་ངན་འགྲོའི་འཇིགས་སྐྱོབ་ལ། །སུ་ཞིག་དད་དང་གུས་པས་དམ་པའི་ལམ། །མཉན་པའི་བསོད་ནམས་ཕ་མཐའ་སུ་ཡིས་དཔོག །དེ་ཕྱིར་རྒྱལ་དང་རྒྱལ་སྲས་ཇི་སྙེད་ཀྱིས། །རབ་བསྔགས་ཐོས་པ་དྲི་མེད་ལྷའི་ཟླ་བ། །རྨོངས་པའི་ཚ་ཟེར་འཇིལ་བའི་སྨན་གཅིག་པུ། །བདུད་རྩིའི་བགོ་སྐལ་སུ་ཞིག་སྤང་བར་བགྱིད། །ཐོས་དོན་མ་ནོར་ལུང་དང་རིགས་པའི་ལམ། །དྲི་མེད་འཕགས་པའི་བཞེད་གཞུང་ཇི་བཞིན་དུ། །གཏན་ལ་ཕབས་ཏེ་ཐར་ལམ་ཆོས་ཀྱི་གནད། །གབ་སྦས་མངོན་ཕྱུང་མ་ནོར་ལག་ལེན་ཁྲིད། །ཐེ་ཚོམ་སྒྲོ་སྐུར་མཐའ་སྤང་དབུ་མའི་ལམ། །ཇི་བཞིན་སྒྲོ་འདོགས་གཅོད་པའི་ཤེས་རབ་ཀྱིས། །ཡང་བསམ་ཡང་གཞིགས་ཕུ་ཐག་ཆོད་པར་མཛོད། །དེ་ལྟར་ཐོས་བསམ་ཡོན་ཏན་རིན་ཆེན་གཏེར། །གང་ལ་དབང་འབྱོར་གནས་སྐབས་མཐར་ཐུག་གི། །ལེགས་པའི་ཡོན་ཏན་དཔག་མེད་འཕགས་པའི་ནོར། །འཛད་པ་མེད་པའི་ཕུན་ཚོགས་ཟད་མི་ཤེས། །ཨེ་མ་ཐོས་བསམ་དྲི་མེད་འབྱོར་བའི་མཛོད། །ཀུན་གྱི་སྙིང་པོ་རྨད་བྱུང་ཏིང་འཛིན་གྱིས། །ཡིད་བཞིན་རིན་ཆེན་མཆོག་གི་ཕུལ་འགྲོ་བ། །འདི་གཅིག་ཐེག་གསུམ་ལམ་གྱི་དངོས་གཞི་སྟེ། །འདི་བྲལ་ཐོས་བསམ་ཕྱོགས་རེར་ཞེན་པའི་བློ། །ངལ་བ་དོན་མེད་སྦྲང་མས་རྩི་གསོག་འདྲ། །དེ་ཕྱིར་ཐོས་བསམ་མཐར་ཕྱིན་དེ་ཡི་དོན། །མ་ནོར་སྒོམ་པ་ཁོ་ན་གནད་དུ་ཆེ། །དེ་ལྟར་ཚུལ་གསུམ་ཡོན་ཏན་ནོར་བུའི་མཛོད། །གང་ལ་བརྟེན་པ་ཚུལ་ཁྲིམས་མཛོད་ཁང་སྟེ། །འདི་བྲལ་ཡོན་ཏན་ནོར་མང་ཉེར་བསགས་ཀྱང་། །བརྗེད་ངེས་གཡེངས་སོགས་ཆོམ་པོས་ཟད་པར་བྱེད། །དེ་དག་འཕགས་པའི་སྐྱེ་བོ་ཇི་སྙེད་ཀྱིས། །ལེགས་པར་བསྔགས་པའི་ལམ་མཆོག་མ་ནོར་བ། །བླ་མ་ལས་ཐོས་དོན་བཞིན་སྒྱུ་མེད་པའི། །བདེན་གཏམ་ཉེས་བྲལ་ཟླ་བའི་བདུད་རྩི་ལྟར། །ཁྱེད་ལ་མཆོག་ཏུ་སྨན་ཕྱིར་གསོལ་བ་སྟེ། །གཞན་དུ་ཉེས་པའི་ཚང་ཚིང་འཐིབས་པའི་ཁུང་། །བག་མེད་འཁྱིལ་སྤྱོད་ཁོ་ནར་ཡིད་རྟོན་པའི། །སྐྱོན་བརྒྱའི་དུག་ལྡན་རྨོངས་པའི་ལྕེ་གཉིས་དག །ལེགས་བཤད་བདུད་རྩི་སྤྲོ་ལ་དབང་མིན་པས། །འཁྱལ་གཏམ་ལྕེ་གཉིས་བསྐྱོད་པའི་དུག་ཟེར་གྱིས། །ཁྱེད་བློ་ཉེས་པའི་ཟུག་གཟེར་རྩུབ་མོ་ལ། །སྦྱོར་བའི་བདག་རྐྱེན་བྱེད་རྣམས་སྨྲ་བ་སྐྱུང་། །དེ་སྐད་འདི་ལྟར་སྤྲིན་གྱི་སྐྱེད་ཚལ་དུ། །རྣམ་གཡེངས་འཇུག་བརྒྱའི་ཟློས་གར་རྩེན་བཞིན་དུ། །བརྗོད་དོན་དྲི་མེད་སྤྲིན་སྒྲ་སྙན་པའི་གླུ། །བློ་གསལ་བློ་ལྡན་དགའ་བའི་གསོས་སུ་སྤེལ། །ཐོར་ཅོག་ལ་གདམས་པའོ། །

ཞལ་གདམས་གོ་བདེ་ངེས་ལེགས་སྒྲོན་མེ།

ཀྱེ་ཀྱེ། གསོན་དང་སྐལ་བཟང་གཞོན་ནུ། །འདི་སྣང་སྒྱུ་མའི་གྲོང་ན། །འཕྲལ་བདེའི་སྣང་ཤེས་སྤྲོ་ཡང་། །འདོད་ལྔ་ཡུལ་གྱི་བསླུ་བྲིད། །སྡིག་སྡུག་རྩོད་པའི་གཞི་མ། །དུག་བཞིན་སྤོང་བ་ལེགས་སོ། །ཐོས་སོགས་ཡོན་ཏན་རྒྱ་མཚོའི། །གཞི་རྟེན་ཚུལ་ཁྲིམས་བསླབ་པ། །འདི་གཅིག་ཐར་འདོད་ཡོངས་ལ། །མེད་ཐབས་མེད་པའི་ཆོས་ལགས། །ཐོས་བསམ་དག་པའི་མིག་དཀྱུས། །གནས་ལྔ་ཤེས་བྱའི་ཚུལ་ལ། །ཕྱོགས་ལྷུང་མེད་པའི་མཁྱེན་རྒྱ། །གོང་འཕེལ་ཅིས་ཀྱང་མཛོད་དང་། །ཐུན་མིན་ལམ་གྱི་ཟབ་གནད། །འོད་གསལ་ཐེག་རྩེའི་དགོངས་དོན། །མངོན་སུམ་ཆོས་ཉིད་རྗེན་པ། །རྟོགས་ལ་དཀའ་ལས་མི་དགོས། །མ་རྟོགས་རྟོག་གེའི་ཟེར་སྒྲོས། །ཧ་ཅང་འཇུར་སེམས་སྒྲིམ་པོས། །གནས་ལུགས་གཏན་ལ་མི་འབེབས། །དེ་འདྲའི་ལད་མོ་མ་མཛད། །མཐའ་བྲལ་དབུ་མའི་ལྟ་བ། །སྟོང་ཆེན་བདེ་བ་ཆེན་པོ། །བློ་བྲལ་རིག་པའི་ཐིག་ལེར། །ཟུང་འཇུག་ཐེག་རྩེའི་ཁྱད་ཆོས། །སྤྲོས་ཀུན་འགོགས་པའི་གོ་ཡུལ། །བློ་ལ་ངེས་ཙམ་མིན་པའི། །རང་གསལ་མངོན་སུམ་རྟོགས་པ། །ཐེག་རྩེའི་ཁྱད་ཆོས་ལགས་སོ། །སྟོང་པ་སེམས་ཀྱིས་མ་དཔྱད། །གསལ་བ་ཉམས་ཀྱིས་མ་སླད། །རང་བབས་ཟང་ཐལ་རྗེན་པ། །གཤིས་ཀྱི་གནས་ལུགས་ལགས་སོ། །དེ་སྐད་ཡིད་ལ་གང་དྲན། །དུམ་ཆོད་གླུ་རུ་བླངས་སོ། །ཞེས་རྒྱ་ཟིལ་སྤྲུལ་སྐུ་ལ་གདམས་པའོ། །

གདམས་ངག་ངོ་མཚར་མཆོད་སྤྲིན།

མི་གནས་ཞི་བ་ཆོས་སྐུའི་མཁའ་དབྱིངས་སུ། །མཁྱེན་བརྩེའི་ཉི་ཟླ་གསལ་བའི་སྣང་བ་ཅན། །འགྲོ་ཀུན་སྒྲིབ་གཉིས་མུན་པ་སེལ་མཛད་པའི། །དུས་གསུམ་བླ་མ་བདེ་གཤེགས་ཚོགས་བཅས་རྒྱལ། །གང་ཞིག་ཡང་དག་ཐར་བའི་ལམ་བཟང་ལ། །སྤྲོ་བས་འཇུག་པའི་སྐལ་བཟང་དམ་པ་རྣམས། །ཐོག་མར་ངེས་པར་འབྱུང་བའི་སེམས་ཀྱི་ཤུགས། །བཅོས་མིན་རྒྱུད་ལ་སྐྱེ་ངེས་ཅིས་ཀྱང་དགོས། །སྲིད་པའི་སྣང་ཚུལ་རྨི་ལམ་གྲོང་ཁྱེར་འདྲ། །རྟག་མི་ཐུབ་ཅིང་འགྱུར་བཅས་སྙིང་པོ་མེད། །ཆུ་ཤིང་སྨིག་རྒྱུ་འདྲ་བར་སུས་ཤེས་པ། །ངེས་པར་མི་གནས་ཞི་བའི་ཕ་རོལ་འགྲོ། །བྱིས་པའི་གྲོགས་ནི་ཆགས་སྡང་མེ་དབལ་ཚ། །སུ་དང་འགྲོགས་ཀྱང་སྡིག་པའི་གཡོ་བསྐོར་སློབ། །ཆོས་ལས་ཡིད་ཟློག་ཆོས་མིན་འདུ་འཛིས་བྲེལ། །བདུད་ཀྱི་མཐུས་ནོན་ཆོས་བརྒྱད་རྣམ་གཡེང་འཕེལ། །དེ་ཕྱིར་ཐར་པ་འདོད་པའི་སྐལ་བཟང་གིས། །སྡིག་པའི་གྲོགས་དང་མི་དགེའི་བཤེས་གཉེན་སྤངས། །ཆོས་ལས་ཉམས་པའི་འགལ་རྐྱེན་དུག་བཞིན་འཛེམ། །བརྟན་པ་མ་ཐོབ་བར་དུ་གྲོགས་བཟང་བསྟེན། །ནམ་ཞིག་རང་བློ་ཡང་དག་ཆོས་ཀྱིས་དུལ། །ནང་རྟགས་ཕྱིར་ཤར་གཞན་སྣང་དགེ་ལ་བསྒྱུར། །འབྲེལ་ཚད་དོན་ལྡན་འགྲོ་བའི་སྒྲོན་མེ་ཆེ། །དེ་འདྲའི་དུས་སུ་དམུ་རྒོད་འཁོར་རྣམས་སྐྱོངས། །གཞན་དུ་ལྟར་སྣང་གཞན་དོན་བྱེད་སྔ་ན། །གཅིག་གིས་གཅིག་བྲེལ་རྣམ་གཡེང་གཟེབ་ཏུ་ཚུད། །ལོག་སྒྲུབ་གཡོ་སྒྱུས་ཆོས་ལམ་ཐབས་ཀྱིས་བྲིད། །ལྟར་སྣང་ཆོས་བརྒྱད་གཉེར་ཀས་མི་ཚེ་འཛད། །དེ་ཕྱིར་གཞན་ཕན་ལས་ལམ་མཐུ་མེད་ཀྱང་། །རྟག་ཏུ་གཞན་དོན་སྨོན་ལམ་རྒྱ་ཆེར་གདབ། །རང་ལྟོས་འཁོར་རྣམས་ཐབས་ཀྱིས་ཆོས་ལ་འགོད། །སྤྱོད་ལམ་གང་ཡང་གཞན་ཕན་སྙིང་རྗེས་ཟིན། །སུ་དང་འགྲོགས་ཀྱང་མི་འཛའ་མི་འཁོན་ཞིང་། །ཧ་ཀྱང་འདྲིས་ཆེ་ཕྱོགས་རེའི་ཞེན་པ་སྤང་། །འགྲོགས་ན་བདེ་ཞིང་འབྲལ་ཡང་མི་དགའ་མེད། །ཀུན་མཐུན་སྤྱོད་པ་གཞན་གྱིས་བསྒྱུར་མི་བཏུབ། །བློ་གཏིང་ཆོས་སུ་སོང་བས་གང་ལ་ཡང་། །འདོད་ཆུང་ཆོག་ཤེས་ཟང་ཟིང་དོན་མི་གཉེར། །བྱེད་སྤྱོད་གང་ཡང་དམ་པའི་རྣམ་ཐར་སློབ། །དེ་འདྲའི་སྐལ་བཟང་ཡང་དག་ལམ་ལ་འགྲོ། །རང་གི་སྒོ་གསུམ་སྤྱོད་པ་གང་དང་གང་། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གཞུང་བཞིན་དུ། །ཆོས་དང་རང་རྒྱུད་ཞུས་དག་ཕེར་བ་ཞིག །བྱུང་ན་དམ་པའི་མཚན་སྙན་དོན་དང་ལྡན། །གཞན་དུ་ཕྱི་ཆེ་ནང་སྟོང་བླ་བྲང་དང་། །ཟང་ཟིང་ཡོ་ལང་གཡེར་ཆེའི་ཚོགས་བསགས་སོགས། །རླབས་ཆེན་སེམས་བསྐྱེད་ཤུགས་ཀྱིས་མ་ཟིན་ན། །རྣམ་དག་ཆོས་སུ་འགྱུར་སྙམ་བདག་ལ་མེད། །དཀར་ནག་ཚོས་ཀྱིས་བཅོས་པའི་ཀུན་སློང་གིས། །དགེ་དང་མི་དགེ་མཐུ་ཆེན་བྱེད་པའི་ཚུལ། །འདི་གཅིག་དཔེ་ལ་མ་བཞག་རྒྱུད་དང་སྦྱོར། །གང་ཤེས་ཆོས་དོན་སེམས་དང་འདྲེས་པ་དགོས། །དེང་སང་བསྟན་པའི་གཉེར་འཛིན་ཕལ་མོ་ཆེ། །ལོ་འདོད་ཆོས་བརྒྱད་དུག་གིས་སེམས་སྐྲུག་ནས། །ཚོང་དང་བུད་མེད་འཇིག་རྟེན་བྱ་བས་གཡེང་། །ཆོས་ལས་བློ་ཉམས་རང་གཞན་ཕུང་ལ་སྦྱོར། །དེ་འདྲའི་ལད་མོ་མ་མཛད་ཡང་དག་ལམ། །རྒྱལ་བས་བསྔགས་པའི་བསླབ་གསུམ་སྲོག་ལྟར་སྲུང་། །དབང་པོ་ཞི་བས་གཞན་སྣང་དགེ་ལ་སྦྱོར། །བག་ཡོད་སྤྱོད་པས་དམ་པའི་རྣམ་ཐར་སློབ། །འོ་སྐོལ་ཀུན་གྱི་སྐྱབས་གཅིག་ཆོས་ཀྱི་རྗེ། །རྡོ་རྗེ་འཆང་དངོས་ཆོས་ཀྱི་བླ་མ་སོགས། །ཚད་ལྡན་མཁས་གྲུབ་རྒྱ་མཚོའི་ཞལ་གདམས་ལས། །ཇི་སྐད་བསྟན་བཞིན་ཐུགས་དམ་སྙིང་པོར་ཟུང་། །གཤིན་གསོན་དད་རྫས་ཟང་ཟིང་འབྱོར་བའི་ཚོགས། །ཡར་མཆོད་མར་སྦྱིན་དགེ་ཚོགས་གོང་འཕེལ་དང་། །ཁྱད་པར་ཚེས་བཅུ་བྱུང་རེས་ཨོ་རྒྱན་རྗེའི། །རྣམ་ཐར་རྗེས་དྲན་ཚོགས་མཆོད་རྒྱ་ཆེར་སྒྲུབ། །དེས་ནི་དཀོར་སྒྲིབ་རྣམ་སྨིན་ཆེར་བསྲབ་ཅིང་། །དད་རྫས་དོན་ཡོད་ཅི་བསམ་ཆོས་བཞིན་འགྲུབ། །འགལ་རྐྱེན་ཀུན་སེལ་སྣོད་བཅུད་ལེགས་ཚོགས་འཕེལ། །ལྟ་སྒོམ་དྲོད་ཐོབ་མཆོག་ཐུན་བདེ་བླག་འགྲུབ། །རྩ་གསུམ་བསྟན་སྲུང་རྒྱ་མཚོས་བུ་བཞིན་སྐྱོང་། །རྒྱ་འདྲེ་དམ་སྲིའི་དཔུང་གིས་བརྫི་བ་མེད། །དེ་ཕྱིར་ཚེས་བཅུའི་དུས་ཆེན་རྒྱུན་མི་བཅད། །བློ་སྙིང་བྲང་གསུམ་ཨོ་རྒྱན་རྗེ་ལ་གཏད། །ཡིད་ཆེས་ཕུར་ཚུགས་གསོལ་བ་སྙིང་ནས་གདབ། །དེས་ནི་འགལ་རྐྱེན་གཡུལ་ལས་རྣམ་པར་རྒྱལ། །བཞེད་དོན་ཀུན་ཀྱང་གེགས་མེད་ཡིད་བཞིན་འགྲུབ། །ཆོས་མཐུན་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་འགྱུར། །ཟབ་ཅིང་རྒྱ་ཆེའི་ཐེག་ཆེན་ལམ་གྱི་གནད། །ཤིང་རྟ་ཆེན་པོ་གཉིས་དང་རྒྱན་དྲུག་སོགས། །འཕགས་ཡུལ་མཁས་པས་བསྒྱུར་བའི་ལེགས་བཤད་གཞུང་། །ཐོས་བསམ་ལམ་གྱི་འཇུག་སྒོར་མེད་ཐབས་མེད། །ཧ་ཀྱང་གཞུང་མང་ཚིག་དང་ཡི་གེའི་མཐའ། །བསླབ་ཀྱང་ཟད་དཀའ་ཆུ་ཡི་གཉེར་རིས་འདྲ། །དེ་བས་བདེན་གཉིས་ལྟ་སྤྱོད་ཟབ་རྒྱ་ཆེའི། །རང་ལུགས་གཞུང་ཆེན་བཅུ་གསུམ་ཆ་ལག་བཅས། །ཐེག་ཆེན་གཞི་ལམ་འབྲས་བུ་རྟོགས་དཀའི་གནད། །གསལ་བར་རབ་སྟོན་དམུས་ལོང་མིག་འབྱེད་འདྲ། །ཆོས་ཀྱི་བློ་ཆེན་རྙེད་ནས་ཐར་བའི་ལམ། །སྒྲུབ་ལ་གཞན་དྲིང་མི་འཇོག་མཐུ་ཐོབ་འགྱུར། །ཐུན་མོང་རིག་གཞུང་སྒྲ་ཚད་ཆ་ལག་བཅས། །ལེགས་པར་བསླབ་པའང་ལམ་གྱི་གྲོགས་ཡིན་ཏེ། །འཆད་རྩོད་རྩོམ་པའི་ཡོན་ཏན་མཐར་ཕྱིན་པ། །རང་གཞན་དོན་འགྲུབ་སླད་དུ་བསྟེན་པར་མཛོད། །ཐུན་མིན་ཐེག་ཆེན་བླ་ན་མེད་པ་ཡི། །གཞི་ལམ་འབྲས་བུའི་ཟབ་དོན་རྟོགས་དཀའི་གནད། །གསལ་བར་རབ་སྟོན་བླ་མེད་སྒྱུ་འཕྲུལ་གྱི། །རྒྱུད་དོན་འབྲེལ་ལ་འཛམ་གླིང་ལྗོངས་འདི་ན། །གདོད་མའི་མགོན་པོ་གཉིས་པར་ཡོངས་གྲགས་པ། །ཐམས་ཅད་མཁྱེན་གཟིགས་ཀློང་ཆེན་རབ་འབྱམས་ཡིན། །དེ་ཕྱིར་མུན་སེལ་སྐོར་གསུམ་གསང་རྒྱུད་ཀྱི། །དགོངས་དོན་གསལ་སྟོན་རྒྱལ་བ་དངོས་ཇི་བཞིན། །མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེ། །འབྲེལ་ཚད་ཟབ་དོན་རྟོགས་པའི་བགོ་སྐལ་འཐོབ། །ཀུན་མཁྱེན་ཆོས་སྐུའི་བླ་མའི་རང་ཞལ་མཐོང་། །འཇིགས་བྲལ་སྤོབས་པ་མཆོག་གི་ཕ་རོལ་ཕྱིན། །ཇི་བཞིན་བསམ་བྱུང་ངེས་པ་རྙེད་པ་ན། །སོ་སོ་རིག་བཞིའི་སྣང་ཆེན་རྒྱས་པར་འགྱུར། །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་རྡོ་རྗེའི་གནས། །མ་ནོར་ལེགས་སྟོན་གསང་རྒྱུད་རྒྱ་མཚོ་དང་། །ཚིག་དོན་རོ་གཅིག་གབ་སྦས་གསལ་སྟོན་པའི། །མཛོད་ཆེན་བདུན་དང་རྣམ་གསུམ་ཤིང་རྟ་བཅས། །ཀུན་མཁྱེན་ཆོས་སྐུའི་བླ་མའི་ཞལ་སྐྱིན་ཏེ། །མངོན་སུམ་མཇལ་ཡང་འདི་ལས་ལྷག་པ་མེད། །སྐལ་བ་རབ་ལ་དོན་བརྒྱུད་དངོས་སུ་འཐོབ། །རྟོགས་གྲོལ་དུས་མཉམ་བགྲངས་ལས་འདས་པ་བྱུང་། །དེ་ཕྱིར་ཀུན་མཁྱེན་བླ་མའི་དགོངས་པའི་མཛོད། །རླབས་ཆེན་ཤེས་རབ་གསུམ་གྱི་ལྡེ་མིག་གིས། །ལེགས་པར་ཕྱེ་ནས་ཟབ་དོན་རིན་ཆེན་གཏེར། །སྦྱིན་མཁས་དེ་འདྲ་རྒྱལ་བའི་རྒྱལ་ཚབ་དངོས། །ཐོས་བསམ་རྟོག་གེའི་བློ་ཡིས་ཟབ་མོའི་དོན། །རྟོགས་པར་དཀའ་བ་དམུས་ལོང་གཟུགས་མཇལ་འདྲ། །བསྒོམས་བྱུང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །ཇི་བཞིན་དོན་མཐོང་མིག་ལྡན་སྐྱེ་བོ་འདྲ། །དེ་ཕྱིར་ཕྱི་ནང་དབེན་པ་ཟུང་འབྲེལ་བས། །ཟབ་དོན་ཉམས་བཞེས་སྒྲུབ་པ་ཡུན་བསྲིང་མཛོད། །སྐྱིད་འདོད་སོས་དལ་སྙོམ་ལས་བདུད་ཀྱི་ལས། །བག་ཡངས་མི་ཚེ་འཕུལ་བའི་གཤིས་སྤངས་ཏེ། །ཉམས་བླང་དྲོད་ཐོབ་རང་རྒྱུད་གྲོལ་བའི་ཚུལ། །སྔོན་བྱོན་མཁས་གྲུབ་རྣམས་ཀྱི་རྗེས་སུ་སློབས། །ལྟར་སྣང་ཆོས་བརྒྱད་སྒྲུབ་པའི་གཉེར་ཀ་ཡིས། །ཆོས་ལ་ཁ་གཡར་ཆོས་མིན་སྤྱོད་པས་བྲེལ། །རང་གཞན་རྣམ་པར་གཡེང་བའི་མིག་འཁྲུལ་མཁན། །དེང་སང་མང་མོད་དེ་ཡི་རྗེས་མ་སློབ། །རང་གིས་ཆོས་ཚུགས་དྲང་པོར་ཟིན་པ་ན། །གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ། །ཅོལ་ཆུང་སྐྱེ་བོས་བློ་ཕུགས་ཚེ་འདི་གཉེར། །ཡིན་རློམ་མཁས་མཁས་མང་པོའི་བསླུ་བྲིད་ཀྱིས། །རང་གཞན་ལོག་ལམ་སྦྱོར་བའི་གྲོགས་མང་བས། །ཕྱི་ནང་གསང་བའི་སྤྱོད་ལམ་གང་ལ་ཡང་། །ཚད་ལྡན་དགེ་བའི་བཤེས་ཀྱི་བཀའ་ལུང་བཞིན། །མདོ་རྒྱུད་གཞུང་དང་མཐུན་པ་ཁོ་ན་གཅེས། །དམ་ཆོས་སྒྲུབ་ན་ལུང་དང་མཐུན་པ་ཞིག །དགོས་ཞེས་མཁས་གྲུབ་བཞེད་པ་ཉག་གཅིག་ཏུ། །འབབས་པའི་ཚུལ་ལ་དགོངས་ཏེ་རང་གི་རྒྱུད། །མ་ཁྲེལ་གསུམ་གྱི་དམ་བཅའ་མཐའ་སྐྱོལ་མཛོད། །ཐབས་ལ་མཁས་པ་འཕགས་ཆེན་རྣམ་ཐར་ཡང་། །རང་དོན་ཞེན་པ་གཏིང་ནས་ཟད་པ་དང་། །གཞན་ཕན་རོ་གཅིག་བདག་གཞན་མཉམ་ཉིད་དུ། །རྟོགས་མཆོག་གོང་མའི་རྣམ་ཐར་ཚད་མ་སྟེ། །གཞན་དུ་རང་འདོད་ཕྲ་མོའི་ཞེན་འཁྲིས་ཀྱིས། །ལྟར་སྣང་གཞན་ཕན་ཡིན་ལོའི་མགོ་སྐོར་ནི། །བསླུ་བའི་བདུད་དུ་ཆེ་བས་རླབས་ཆེན་གྱི། །སྤྱོད་པ་དུས་ཚོད་འབྲེལ་ཤེས་གནད་དུ་ཆེ། །མདོར་ན་རང་བློ་ཡང་དག་ཆོས་ཚུལ་ལས། །འཕྲལ་རྐྱེན་གང་གིས་མི་ཕྱེད་བརྟན་པ་ན། །རང་རྒྱུད་དུལ་བས་གཞན་སྣང་དགེ་ལ་བསྒྱུར། །ཙན་དན་ལྗོན་པས་སྲུང་བའི་སྡོང་དུམ་བཞིན། །འབྲེལ་ཚད་ཡོན་ཏན་འབྱོར་བས་ཚིམ་འགྱུར་ཞིང་། །གྲགས་པའི་བསུང་གིས་ཕྱོགས་བྲལ་ཞིང་ཀུན་ནས། །སྐལ་བཟང་ཚོགས་མང་བཏུད་པས་མཛེས་པ་དང་། །ཆབས་ཅིག་བསྟན་འགྲོའི་དོན་ཀུན་ངང་གིས་འགྲུབ། །ཐུན་མིན་ལམ་གྱི་ཁྱེར་སོ་རྣམ་པ་གསུམ། །གཞི་ཉིད་རང་ངོ་ཤེས་པ་ལྟ་བ་སྟེ། །དེ་ཡི་ངང་ལ་འཇོག་པ་བསྒོམ་པའི་དོན། །དེ་ཉིད་རྐྱེན་དང་བསྲེ་བ་སྤྱོད་པའི་གནད། །ངེས་ཤེས་བློ་རྩོལ་བཅོས་མའི་ཉམས་ཡིན་པས། །གནས་ལུགས་དོན་དང་གནམ་ས་ལས་ཐག་རིང་། །དེ་ཕྱིར་ལྟ་བསྒོམ་སྤྱོད་པའི་ཉམས་ལེན་གནད། །གང་ཡང་ཞེན་མེད་གདེང་གིས་ཟིན་པ་དགོས། །ལྟ་བ་གང་ཡང་བློ་ལས་འདས་པ་དང་། །བསྒོམ་པ་གང་ཡང་ཡིད་བྱེད་བྲལ་བ་དང་། །སྤྱོད་པ་གང་ཡང་དགག་སྒྲུབ་ཟད་པ་དང་། །ཐམས་ཅད་རོ་གཅིག་དབྱེ་བསལ་མེད་པ་དགོས། །ལྟར་མེད་ཟང་ཐལ་ལྟ་བའི་རྒྱལ་པོ་སྟེ། །བསྒོམ་མེད་བློ་བྲལ་གཤིས་ཀྱི་བཞུགས་ཚུལ་ཡིན། །སྤྱོད་མེད་རང་གྲོལ་སྤྱོད་པའི་རྒྱལ་པོ་སྟེ། །དབྱེར་མེད་དོན་མཐོང་རྟོགས་པའི་ཚད་དུ་ཕྱིན། །བསྐྱེད་རིམ་སྣང་སྟོང་ཡེ་ཤེས་རོལ་བ་སྟེ། །ལྷ་སྔགས་ཆོས་ཉིད་དབྱེར་མེད་གཉུག་མའི་གཤིས། །ཁྱབ་བདག་བླ་མའི་དགོངས་ཀློང་ཟུང་འཇུག་དོན། །མངོན་གྱུར་ཚེ་འདིར་མཆོག་གི་དངོས་གྲུབ་འཐོབ། །རྫོགས་རིམ་ལྷན་སྐྱེས་འགྱུར་མེད་བདེ་བ་ཆེ། །ཡེ་འབྱམས་རིག་སྟོང་དོན་གྱི་བླ་མའི་ཞལ། །ཐུགས་ཡིད་འདྲེས་པའི་ཐུན་མིན་མོས་གུས་ཀྱིས། །རྟོགས་པས་གཅིག་ཤེས་ཀུན་གྲོལ་ས་ལམ་རྫོགས། །མདོར་ན་གཞི་དང་ལམ་དང་འབྲས་བུའི་དོན། །གང་ཡང་བློ་བྲལ་བླ་མ་ཆོས་སྐུའི་ཞལ། །རང་བབས་དྲན་པས་མཇལ་བའི་ངང་གཅིག་ཏུ། །རོ་གཅིག་ཟུང་འཇུག་རྣམ་དབྱེར་མེད་པ་ལགས། །དེ་ལྟར་རྟོགས་ན་སྣང་སྲིད་བླ་མར་ཤར། །གང་བྱུང་བྱིན་རླབས་བླང་དོར་དགག་སྒྲུབ་ཟད། །སྣང་ཤེས་ཟང་ཐལ་ཆོས་ཉིད་གཅིག་ཏུ་འཁྱིལ། །དུས་གསུམ་རིག་འཛིན་དགོངས་ཀློང་རོ་གཅིག་འདྲེས། །དེ་ཚེ་རྟོགས་པས་བདག་གྲོལ་མཆོག་ཐུན་རྫོགས། །ཐུགས་རྗེས་གཞན་གྲོལ་འབྲེལ་ཚད་དོན་དང་ལྡན། །ནམ་མཁའ་ཇི་སྲིད་རྟག་ཁྱབ་འཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་མང་སྒྲོལ་ལ་དཀའ་བ་མེད། །དེ་སྐད་ཆོས་དང་མཐུན་པའི་དྲང་པོའི་གཏམ། །དམ་པའི་ཞལ་ལུང་ཚད་མ་གཙོར་བྱས་ཏེ། །བསྟན་པའི་མངའ་བདག་མཆོག་ལ་ལེགས་ཕུལ་བས། །ཡུད་ཙམ་སྤྱན་ཟུར་འབེབས་པའི་སྟེགས་གྱུར་ཅིག །སརྦ་ད་བྷུ་དྷི་མདྒ་ལམ། །དེ་ལྟར་རྡོ་རྗེའི་བདེན་གསུང་ལྷའི་རྔ་སྒྲ། །ཁོ་བོའི་ཡོངས་འཛིན་ཡོན་ཏན་མགོན་པོ་དེས། །བདག་སྙིང་དགེ་བར་ལེགས་བཤད་ཞལ་གདམས་ཚིག །དོན་བཞིན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྫོགས་སྤྲུལ་དྲུག་པས་སོ། །

ཟབ་མོ་ལྟ་ཁྲིད་གཅེར་མཐོང་རང་གྲོལ།

གདོད་ནས་མ་སྐྱེས་སྤྲོས་ཀུན་ཉེར་ཞིའི་དབྱིངས། །སོ་སོ་རང་རིག་ཡེ་ཤེས་བསམ་མི་ཁྱབ། །ཡེ་གྲོལ་རང་བཞིན་རྗེན་པར་སྟོན་མཛད་པའི། །མཚུངས་མེད་བླ་མ་སངས་རྒྱས་དངོས་དེར་འདུད། །ཀྱེ་ཧོ་སྣང་སྲིད་འཁོར་འདས་ཆོས་སོ་ཅོག །གདོད་ནས་མ་སྐྱེས་མཁའ་ལྟར་རྣམ་དག་ཀྱང་། །མ་རིག་འཛིན་པས་རྨི་ལམ་ལྟར་འཁྲུལ་ཏེ། །ཡོད་སྣང་འཁྲུལ་བའི་ཆོས་ཀྱིས་འགྲོ་འདི་བསླུས། །དེ་ཕྱིར་ཡུལ་སེམས་སྣ་ཚོགས་ཆོས་རྣམས་ལ། །སྤང་བྱའི་ཆོས་ཞེས་རྡུལ་ཙམ་གྲུབ་པ་མེད། །མེད་པའི་ཆོས་ལ་བླར་དོར་ཞེན་པ་ནི། །རང་གིས་རང་ལ་ངལ་བ་སྒྲུབ་པར་ཟད། །སེམས་ཞེས་འདོགས་ཡུལ་གློ་བུར་ཀུན་རྟོག་སྟེ། །ཀུན་རྟོག་རང་ངོ་ཟང་ཐལ་ནམ་མཁའ་འདྲ། །བལྟས་པས་མི་མཐོང་དཔྱད་པས་འགའ་མི་རྙེད། །མཐོང་ཡལ་ངེས་བཟུང་རྡུལ་ཙམ་མི་རྙེད་ན། །ནན་གྱིས་མཁའ་ལ་མདུད་པ་བོར་བ་བཞིན། །མེད་པའི་ཆོས་ལ་ཞེན་པའི་བློ་བོར་ཏེ། །གང་ལྟར་ཤར་ཡང་དེ་ལྟར་མ་འཛིན་པར། །གཏད་མེད་ཟང་ཐལ་རང་གར་ཡན་དུ་ཆུག །ཀྱེ་ཧོ་ལྟོས་དང་རྟོག་པ་གང་སྐྱེས་ཀྱང་། །འདི་ཞེས་ངོས་བཟུང་རྡུལ་ཙམ་མ་གྲུབ་པས། །རྟོག་པ་སྐྱེས་ཞེས་མིང་ཙམ་བརྗོད་པར་ཟད། །མིང་ཙམ་རྙེད་ཀྱང་གཞི་མེད་ནམ་མཁའ་འདྲ། །དེ་ཕྱིར་གང་ཤར་ཤར་ཆུག་ཕན་གནོད་མེད། །རྟོག་པའི་རང་ངོ་བློ་བྲལ་ཡེ་ཤེས་ཏེ། །དེ་ལས་གཞན་པའི་བསྒོམ་བྱ་རྡུལ་ཙམ་མེད། །དེས་ན་ཀུན་རྟོག་ཟང་ཐལ་རྗེན་པ་ནི། །ཆོས་སྐུའི་དགོངས་པ་ཡིན་པར་ཐག་ཆོད་ལ། །ཆེད་དུ་མ་བསྒོམ་ཤར་གནས་གང་ལ་ཡང་། །དགག་སྒྲུབ་མ་བྱེད་གར་བབས་དེ་གར་ཞོག །ཆེད་དུ་བཅོས་ནས་བསྒོམ་པ་ཡིན་ཕན་ཆད། །བློས་བྱས་ཡིན་གྱི་གཉུག་མའི་ཡེ་ཤེས་མིན། །དེ་ཕྱིར་ཤར་རམ་གནས་པ་གང་ལ་ཡང་། །ཆེད་དུ་བཅོས་བསྒྱུར་རྡུལ་ཙམ་མ་བྱེད་པར། །བསྒོམ་བློའི་ཞེན་པ་ཐད་ཀར་ཁྲོལ་ལ་ཞོག །བལྟ་བྱ་མེད་ལ་བལྟས་པས་ཅི་ཞིག་མཐོང་། །རང་བཞིན་བབས་ལ་བསྒོམ་པས་ཅི་ཞིག་སྐྱོང་། །དེ་ཕྱིར་ཉམས་སུ་ལེན་རྒྱུའི་ཆོས་མེད་པས། །གང་བྱུང་གར་བབས་ཐ་མལ་རང་གར་བསྐྱུར། །བསྒོམས་ཤིང་བཅོས་པས་བཟང་དུ་མི་འགྲོ་སྟེ། །མ་བསྒོམ་རང་སར་བཞག་ཀྱང་ཆོས་ཉིད་ངང་། །ད་ནི་ཆེད་དུ་གཞག་དང་བལྟ་བ་ཡང་། །རྡུལ་ཙམ་མ་བྱེད་གར་འདུག་དེ་གར་བོར། །འཕྲོ་ན་འཕྲོ་ཆུག་གནས་ན་གནས་སུ་ཆུག །འཁོར་བའི་ཀུན་རྟོག་ཆོས་སྐུར་ཕྱམ་གཅིག་པས། །བཟང་ངན་བླང་དོར་རྡུལ་ཙམ་ཡོད་རེ་སྐན། །ཡེ་ནས་སྣང་སེམས་ཆོས་སྐུར་ལྷུན་གྲུབ་པས། །ཡེ་སྟོང་ཡེ་གྲོལ་ཡེ་བབས་སོར་བཞག་ལ། །རྟོགས་དང་མ་རྟོགས་བློ་ཡི་རི་མོ་སྟེ། །དོན་ལྟར་བྱས་ན་རྟོགས་བྱ་རྡུལ་ཙམ་མེད། །གར་བབས་གནམ་ཡན་རང་སངས་ནམ་མཁའ་འདྲ། །འཕྲོ་གནས་གང་ཡང་རྗེན་སངས་སེང་ངེ་བ། །རང་ངོ་གཤིས་ལས་ནམ་ཡང་གཡོ་མེད་པ། །ངོས་བཟུང་བྲལ་བའི་ཟང་ཐལ་འདི་ཀ་ལགས། །ཀྱེ་མ་བཅོས་མའི་ཉམས་ཀྱིས་གནས་ལུགས་སྒྲིབ། །གནས་ཆ་ལྷོད་པོར་ཞེན་པས་ཟུག་རྔུ་ལྡང་། །ད་ནི་བཞག་ཀྱང་མི་དགོས་བསྒོམ་མི་དགོས། །ཇི་ལྟར་གྱུར་ཀྱང་དེ་ཉིད་ཡིན་དུ་ཆུག །དེ་ཡིས་ཕན་གནོད་རྡུལ་ཙམ་ཡོད་རེ་སྐན། །མདོར་ན་ཉམས་སུ་ལེན་རྒྱུའི་ཆོས་བོར་ལ། །ལུས་སེམས་ཐ་མལ་བཅས་བཅོས་མེད་པར་ཞོག །དེ་ཚེ་ཤར་རམ་གནས་པ་ཅི་བྱུང་ཡང་། །རྩིས་གདབ་མ་བྱེད་བུ་ཆུང་ལྟ་བུར་ཞོག མདོར་དྲིལ་ན། བལྟ་མི་དགོས། བསྒོམ་མི་དགོས། ཤར་ན་ཤར་ཆུག གནས་ན་གནས་ཆུག བློས་བཏང་ལ་བསྐྱུར་ཤོག་དང་འཐོར་འགྲོ་རྒྱུ་དང་ཞིག་འགྲོ་རྒྱུ་ཅི་ཡང་ཡོད་རེ་སྐན། གནད་དེ་ཡིན། ཁ་དྲོ་ལོ་བརྒྱ། །

ཐོག་མཐའ་བར་གསུམ་གྱི་བསླབ་བྱ་ཐར་ལམ་གསལ་བའི་སྒྲོན་མེ།

སྲིད་དང་ཞི་བའི་མཐའ་གཉིས་ལས། །རྣམ་པར་གྲོལ་བའི་བྱང་ཆུབ་མཆོག །བདེ་བླག་ཉིད་དུ་སྦྱིན་མཛད་པའི། །དཔལ་མགོན་བླ་མ་ལ་བཏུད་དེ། །ཆོས་དང་མཐུན་པའི་བསླབ་བྱ་ནི། །ཉུང་ངུར་བསྡུས་ཏེ་བཤད་ཀྱིས་ཉོན། །ཀྱེ་ལགས་ལམ་གྱི་འཇུག་སྒོ་ནི། །དད་དང་ངེས་འབྱུང་སྙིང་རྗེ་གསུམ། །མེད་ཐབས་མེད་པའི་ཆོས་ཡིན་པས། །ཅིས་ཀྱང་རྒྱུད་ལ་སྐྱེ་ངེས་མཛོད། །ཐར་བའི་ལམ་དང་དེའི་སྟོན་པར། །དགའ་དང་དང་བ་མི་ཕྱེད་པས། །ཐེ་ཚོམ་མེད་པའི་ཡིད་ཆེས་དང་། །རྐྱེན་གྱིས་མི་འཕྲོག་བརྟན་པ་ཡི། །དད་གསུམ་རྒྱུད་ལ་མ་སྐྱེས་ན། །དོན་གཉེར་འདུག་བློ་མི་འབྱུང་བས། །རྣམ་དག་ལྷ་ཆོས་འགྲུབ་ཐབས་མེད། །དེ་ཕྱིར་ཆོས་དང་སྟོན་པ་ཡི། །ཡོན་ཏན་བཀའ་དྲིན་ཚད་མེད་པའི། །རང་བཞིན་སྙིང་ནས་དྲན་བྱས་ཏེ། །བཅོས་མིན་དད་པ་ཅི་སྐྱེ་མཛོད། །འཁོར་བ་མེ་ཡི་འོབས་ལྟ་བུར། །མཐོང་ནས་འདི་དང་ཕྱི་མ་ཡི། །སྲིད་པའི་ཕུན་ཚོགས་དུག་ཅན་ཟས། །ཇི་བཞིན་ཞེན་པ་ལོག་པ་དགོས། །འཁྲུལ་སྣང་སྲིད་པའི་ཕུན་ཚོགས་ལ། །གཏིང་ནས་ཞེན་པ་མ་ལོག་ན། །བཅོས་མའི་སྤྱོད་ལམ་བཟང་པོ་ཙམ། །ཡོད་ཀྱང་ནམ་ཞིག་རང་མཚང་སྟོན། །འགྲོ་ཀུན་ཕ་མར་ཤེས་པ་ཡི། །ཀུན་ལ་སྙོམས་པའི་སྙིང་རྗེའི་སེམས། །ངེས་པར་རྒྱུད་ལ་མ་སྐྱེས་ན། །ཐེག་ཆེན་ལམ་དུ་འགྲོ་བར་དཀའ། །དེ་ཕྱིར་དང་པོ་འདི་གསུམ་ལ། །རང་བློ་གཏིང་ནས་འགྱུར་ནུས་པའི། །བློ་སྦྱང་ནན་ཏན་སྙིང་པོར་སློབ། །ཐོག་མར་དགེ་བའི་བསླབ་བྱ་ཡིན། །དོན་གཉིས་ལྡན་པའི་བྱང་ཆུབ་སེམས། །རྒྱལ་སྲས་སྤྱི་ཡི་བགྲོད་གཅིག་ལམ། །སྨོན་དང་འཇུག་པ་རྣམ་གཉིས་ལ། །སྤྱོད་འཇུག་གཞུང་བཞིན་ནན་ཏན་མཛོད། །ཆོག་ཤེས་བག་ཡོད་དཀའ་སྤྱད་བཟོད། །ཀུན་ལ་བྱམས་དང་སྙོམ་ལས་མེད། །བརྩོན་དང་བསམ་པ་བརྟན་པ་དང་། །རྣམ་གཡེང་མེད་དང་ཐོས་སོགས་ཀྱི། །ཤེས་རབ་རྒྱུད་ལ་བསྐྱེད་པ་ནི། །བར་དུ་དགེ་བའི་བསླབ་བྱ་སྟེ། །ཐེག་ཆེན་ལམ་ཀྱི་མདོ་ཆིངས་ཡིན། །དབང་གིས་རྒྱུད་སྨིན་དམ་ཚིག་དག །རིམ་གཉིས་ཏིང་འཛིན་སྙིང་པོར་སྦྱོར། །བསྙེན་སྒྲུབ་ཡན་ལག་མཐའ་རུ་སྐྱོལ། །ཐ་མར་དགེ་བའི་བསླབ་བྱ་ཡིན། །དེ་ཡང་རྩོལ་བཅས་བསྐྱེད་རྫོགས་རིམ། །བརྩོན་འགྲུས་ཅན་གྱི་སྤྱོད་ཡུལ་ཏེ། །སྙིགས་དུས་ཚེ་ཐུང་གཡེང་བ་ཆེ། །ཇི་བཞིན་རྒྱུད་ལ་སྐྱེ་བར་དཀའ། །ཉོན་མོངས་ཤུགས་དྲག་མོས་མཐུ་ཞན། །ལས་ཀྱིས་ཚེ་ཐུང་བཀའ་དོན་སྟོར། །བསྟན་སྙིང་གྲུབ་མཐའ་ངན་པས་སྐྲུག །དེ་ཚེ་རྩོལ་མེད་ཐེག་པ་ཟབ། །དེ་ཕྱིར་གཡོ་མེད་མོས་གུས་དང་། །མཉེས་པ་གསུམ་གྱིས་ཐུགས་བཟུང་སྟེ། །མཚན་ཉིད་ལྡན་པའི་བླ་མ་ལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད། །སྤྱི་བོར་བསྒོམས་ཤིང་གསོལ་བ་གདབ། །དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེས། །མི་ཚེ་བླ་མའི་སྒྲུབ་པ་ལ། །བསྐྱལ་ན་ཚེ་འདིར་མཆོག་དངོས་འགྲུབ། །དེ་ཡང་དང་པོའི་ལས་ཅན་གྱིས། །ཉིན་མཚན་རྒྱུན་དུ་མ་ཡེངས་པར། །བླ་མའི་རྣལ་འབྱོར་ཁོ་ནར་བརྩོན། །གདུང་ཤུགས་གསོལ་འདེབས་གྲངས་སུ་བསགས། །དེ་ནས་རིག་པ་ཟང་ཐལ་གྱི། །སྐྱོང་ཚུལ་ཕྱོགས་ཙམ་ཤེས་པའི་དུས། །སྐབས་སུ་གསོལ་འདེབས་གདུང་ཤུགས་སྐུལ། །སྐབས་སུ་རང་བབས་སོ་མར་བཞག །རང་གནས་བབས་ཀྱི་དགོངས་པའི་གནད། །ཇི་བཞིན་རྒྱུད་ལ་འབྱོར་བའི་ཚེ། །ལྷ་དང་བླ་མ་རང་གི་སེམས། །བཅོས་མའི་བསྐྱེད་རིམ་བསྒོམ་མི་དགོས། །ཟུང་འཇུག་རིག་སྟོང་རྗེན་པར་སྐྱོང་། །ལྷ་སྔགས་ཆོས་ཉིད་ཆིག་ཆོད་ཡིན། །རྐྱེན་སྣང་བཟང་ངན་ཅི་བྱུང་ཡང་། །བླ་མར་ཤེས་པས་ལམ་དུ་ཁྱེར། །གང་བྱུང་བྱིན་རླབས་འཆར་བ་ན། །མི་དགེའི་སྤང་བློ་རྡུལ་ཙམ་མེད། །ཟང་ཐལ་རྒྱ་གྲོལ་རྣམ་འབྱོར་ལ། །བླང་དོར་དབྱེ་བསལ་མ་དམིགས་པས། །གང་བྱུང་བྱུང་ལ་གང་སྣང་སྣང་། །གང་ཤར་གང་ཡིན་རྩིས་གདབ་མེད། །ཆོས་དང་གྲུབ་མཐའི་ཞེ་འདོད་ཟད། །ལམ་དང་འབྲས་བུའི་སྨོན་ཡུལ་སྟོང་། །ཆོས་ཟད་ནམ་མཁའ་ཕྱམ་ཕྱམ་གཅིག །རྒྱ་དང་བྲལ་བའི་ནམ་མཁའ་ལ། །དམིགས་སུ་མེད་པའི་རྟོགས་པ་ཤར། །བློ་ལས་འདས་པའི་ཆོས་ཉིད་ལ། །སྒོམ་དུ་མེད་པའི་ཉམས་མྱོང་འབར། །ཚིག་དང་ཡི་གེས་ཅི་ཞིག་མཚོན། །བརྗོད་བྲལ་ནམ་མཁའ་ཕྱམ་ཕྱམ་གྲོལ། །ཨ་ལ་ལ་ཧོ་གུ་རེ་ཡངས། །ཨེ་མ་ཧོ་སྟེ་མཚར་རེ་ཆེ། །འདི་བཞིན་རྟོགས་པའི་རྣལ་འབྱོར་ལ། །བསླབ་བྱ་དགོས་པའི་རྣམ་རྟོག་ཟད། །སྒྲུབ་དང་སྨོན་པ་ཀ་ནས་དག །དེ་འདྲའི་མཐར་ཕྱིན་བཀྲ་ཤིས་ཤོག །དེ་སྐད་ཡིད་ལ་གང་དྲན་ཚིག །བསམ་འགྲུབ་མིང་གི་བཞེད་བསྐང་སླད། །སྤྲང་འཁྱམས་གུ་ཎའི་མིང་ཅན་གྱིས། །ཡི་གེར་བྲིས་ཏེ་ཕུལ་བ་དགེ །ཞེས་མན་ངག་ཡོངས་ཀྱི་བཅུད་དྲིལ་ཐོག་མཐའ་བར་གྱི་བསླབ་བྱ་གསང་བ་ཟབ་མོ་གསུང་གི་བདུད་རྩི་འདི་ནི་སློབ་དཔོན་ཆེན་པོ་བཱི་མ་ལའི་སྤྲུལ་པའི་རོལ་གར་མི་ཡི་གཟུགས་སུ་བྱོན་པ་ འཇིགས་མེད་ཡོན་ཏན་མགོན་པོ་དེ་ཉིད་ཀྱིས་སློབ་བུ་ཚེ་རིང་བསམ་འགྲུབ་ལ་གདམས་པའོ། །

གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་ཐུགས་དམ་བརྒྱུད་བསྐུལ་མྱུར་འབྱོན་གསོལ་འདེབས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།

རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རྡོ་རྗེ་འཆང་། །སྲིད་ཞིའི་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ཞབས། །མི་བྱེད་དད་པས་སྙིང་ནས་གསོལ་བ་འདེབས། །བདག་སོགས་གདུལ་བྱར་ད་དུང་ཐུགས་རྗེའི་དགོངས། །སྙིགས་འགྲོའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བའི། དུས་འདིར་དཔའ་ཆེན་ཐུགས་བསྐྱེད་ཤུགས་ཆེན་པོའི། །གདུལ་དཀའ་འདུལ་ཐབས་བསམ་གྱི་མི་ཁྱབ་པའི། །ཐབས་མཁས་སྟོང་གི་གཟི་བྱིན་རྩལ་ཆེན་བསྐྱེད། །མགོན་ཁྱོད་རེ་ཞིག་ཞི་བའི་དབྱིངས་བཞུགས་ཀྱང་། །མྱུར་འགྱོགས་ཕྲིན་ལས་མཆོག་གི་ཐབས་ཆེན་པོའི། །གང་དུ་སྤྲུལ་པའི་སྒྱུ་འཕྲུལ་རྡོ་རྗེ་གར། །ནུབ་པ་མེད་པར་རྟག་ཏུ་སྣང་བར་མཛོད། །ཡེ་ཤེས་སྒྱུ་མའི་མཚན་དཔེ་སྤྲོ་དང་བསྡུས། །རྣམ་རོལ་འདོད་དགུར་བསྒྱུར་བའི་མངའ་བདག་ཁྱོད། །ཐུགས་དམ་རྒྱུད་བསྐུལ་གསོལ་འདེབས་བུ་སློབ་རྣམས། །ནམ་ཡང་མི་འདོར་ཐུགས་བསྐྱེད་དམ་བཅའ་དགོངས། །མགོན་ཁྱོད་ཞི་བདེའི་དབྱིངས་སུ་ཐུགས་གཞོལ་ན། །ཉམས་ཐག་གདུལ་བྱའི་སྐྱབས་གནས་སུ་ལ་རེ། །རྨོངས་པའི་ལམ་སྟོན་རེ་ལྟོས་སུ་ལ་བྱེད། །དེ་ཕྱིར་མྱུར་འགྱོགས་ཐུགས་རྗེའི་རྗེས་བཟུང་མཛོད། །དེང་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །རྡོ་རྗེ་འཆང་དངོས་བསྟན་འགྲོའི་མགོན་ཁྱོད་ཀྱི། །རྗེས་བཟུང་བཤད་སྒྲུབ་སྨིན་གྲོལ་བདུད་རྩི་ཡིས། །བདག་སོགས་གདུལ་བྱ་སྨིན་ཅིང་གྲོལ་བར་མཛོད། །མགོན་ཁྱོད་ཡེ་ཤེས་སྒྱུ་འཕྲུལ་ཆུ་ཟླའི་གར། །མི་བྱེད་རྡོ་རྗེའི་མཚན་དཔེར་དབང་འབྱོར་ཏེ། །ཐུན་མོང་ཐུན་མིན་ཡོན་ཏན་རྩལ་རྫོགས་ནས། །བསྟན་འགྲོར་སྨན་པའི་འཕྲིན་ལས་རྒྱས་གྱུར་ཅིག །མཆོག་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །ཆོས་ཉིད་ཆོས་ཅན་བསླུ་མེད་བདེན་པའི་སྟོབས། །བདག་ཅག་དད་གུས་མོས་པའི་གསོལ་བཏབ་མཐུས། །རེ་བའི་འབྲས་བུ་བསླུ་མེད་འགྲུབ་གྱུར་ཅིག །ཅེས་མཆོག་གི་སྤྲུལ་བའི་སྐུ་དམ་པ་དེ་ཉིད་ལ་དད་དམ་མི་ཕྱེད་པ་མཁན་མིང་ཡོན་ཏན་མགོན་པོས་བྲིས་ནས་གསོལ་བ་བཏབ་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །

ཞལ་ཆེམས་བརྡ་ལུང་མི་འགྱུར་གསང་བའི་རྒྱ་ཅན།

རྗེ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆངཿ དྲིན་འཁོར་མེད་མཚོ་སྐྱེས་རྡོ་རྗེ་ལཿསྙིང་རུས་པའི་གཏིང་ནས་གསོལ་བ་འདེབསཿ བློ་བསམ་དོན་ཆོས་བཞིན་འགྲུབ་པར་ཤོགཿ ཤར་ཆུ་འཛིན་དཀར་པོའི་འོག་ཤེད་ནསཿ སྙིང་དམར་པོའི་དྭངས་བཅུད་ཐིགས་པ་ཞིགཿ མིང་དྷྭ་ཛ་ཏཱ་རེའི་སྐྱེད་ཁྱིམ་དུཿ ཡ་མཚན་གྱི་ཐིག་ལེར་སྨིན་པའི་ཚུལཿ སེམས་དགའ་སྐྱོ་འདྲེས་མའི་སྣང་ཉམས་སུཿ འལ་འོལ་གྱི་ཀུན་རྟོག་ཐོལ་ཐོལ་སྐྱེསཿ སྙིང་དམར་པོའི་བཅུད་དུ་རྒྱས་བཏབ་སྟེཿདུས་རེ་ཞིག་པིར་གྱི་ཁ་བཞིན་བསྡམཿརོ་སྙོམས་བརྟུལ་ཞུགས་ཀྱི་གདམས་པ་རེ་དོགས་ཚར་གཅོད། །འཇམ་དབྱངས་ལགས། ཁྱེད་རང་ན་རྒྱུའི་ཐད། གཅོད་ཀྱི་བསྟབ་པ་ཆ་དྲུག་དང་། འཛིན་གྲོལ་དྲག་གཅོད་བཅས་ཚད་ལྡན་འདྲ་ཞིག་ཁྱེད་རང་གིས་དམིགས་པ་བྱེད་ཨེ་ཐུབ་ལྟོས་ནས་འདོན་དང་དེས་དགའ། ལས་ཟད་པ་མིན་ན་མི་སྐྱོན་ངེས་པ་འདྲ་སྙམ་ཡང་། ལར་ནད་གདོན་སྡུག་བསྔལ་ཅི་བྱུང་ཡང་། །བླ་མར་གསོལ་འདེབས་ཐུགས་ཡིད་བསྲེ། །གཅེས་འཛིན་སྒྱུ་ལུས་མཆོད་སྦྱིན་བྱ། །བདེ་སྡུག་གང་བྱུང་རོ་སྙོམས་ཏེ། །རེ་དོགས་བྲལ་བའི་ཉམས་ལེན་སྐྱོང་། །འཆི་བ་ཐོག་བབས་བྱུང་ནའང་། །གཅེར་གྲོལ་རིག་སྟོང་གཉུག་མའི་ངང་། །ཡེངས་མེད་བཅོས་སླད་བྲལ་བར་སྐྱོངས། །སྣང་ཤར་རང་སྣང་ཉག་གཅིག་ཏུ། །ཤེས་ནས་གཤིས་ལ་འཇོག་པ་གནད། འདི་ནས་ཀྱང་གང་དྲག་གིས་བླ་མར་གསོལ་འདེབས་དང་། བསྟན་སྲུང་ལ་གསོལ་ཁ་འཕྲིན་བཅོལ་སོགས་རང་ནུས་གང་ཡོད་གཡེལ་མེད་དུ་བགྱིད་བཞག །ཅེས་མགོན་པོ་ནས་ཕུལ། །

འོད་གསལ་ཐོད་རྒལ་གྱི་ལམ་ཁྲེགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་ཚུལ་ཟིན་བྲིས་འོད་གསལ་ཉི་ཟླ།

འོད་གསལ་ཆེན་པོ་ཐོད་རྒལ་གྱི་ལམ་ཁྲེགས་ཆོད་ལས་ཀྱང་ཁྱད་པར་བདུན་གྱིས་འཕགས་ཏེ། དང་པོ་ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར་ནི། རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱིས་སྟོང་པར་འཇལ་བ་ཤས་ཆེ་བ་ལས། ཐོད་རྒལ་གྱིས་གནད་གཅུན་པས་ནང་དུ་ངོ་བོའི་འོད་གསལ་རང་བབས་སུ་ཟིན་དུས་རང་གདངས་ཡེ་ཤེས་ཀྱི་འཆར་སྣང་ལག་ཁྲིད་ཟམ་མ་ཆད་དུ་ནོར་འཆུག་མེད་པ་བསྟན་དུ་ཡོད་པས། ཡིད་དཔྱོད་དང་རྟོག་བཟོའི་ལྷད་མི་འཇུག་པའི་ཁྱད་པར། གཉིས་པ་ལུས་གནད་རྩའི་ཁྱད་པར་ནི། ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བ རྟེན་པ་ལས་འདིར་གནད་གསུམ་གྱིས་ཡེ་ཤེས་དག་པའི་འོད་རྩ་ལ་བརྟེན་ནས་སྒྲོན་མ་དངོས་ལམ་དུ་བྱེད་པས། ན་ཚོད་རྒན་གཞོན་སོགས་ཀྱིས་ཕན་གནོད་མེད་པའི་ཁྱད་པར། གསུམ་པ་སྣང་བྱེད་སྒོའི་ཁྱད་པར་ནི། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོ་མ་དག་པ་ལས་ཤར་བའི་སེམས་ཀྱི་ཆོས་ལ་དྭངས་ཚོལ་བ་ལས། འདིར་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་ཏེ་སྒྲོན་མ་བཞིའི་སྣང་བ་འཆར་བས། བློས་བྱས་ཀྱི་བསམ་གཏན་ལ་ལྟོས་མི་འཆའ་བའི་ཁྱད་པར། བཞི་བ་མཐོང་བ་དབང་པོའི་ཁྱད་པར་ནི། ཁྲེགས་ཆོད་དུ་ཚོགས་དྲུག་ཡུལ་སྣང་འཛིན་པའི་དབང་པོས་ཡུལ་མཐོང་བས་རྟོག་ཚོགས་རྒྱུན་མི་ཆད་པ་ལས། འདིར་འོད་རྩ་དྭངས་པའི་དབང་པོས་ལུག་རྒྱུད་གཅེར་མཐོང་དུ་མཐོང་བས་རྟོག་པ་དུས་གཅིག་ལ་འགགས་ཏེ་ཡེ་ཤེས་ཀྱི་སྣང་ཆ་དཔག་མེད་དུ་འཆར་བའི་ཁྱད་པར། ལྔ་བ་རང་སྣང་མངོན་སུམ་དུ་གཟིགས་པའི་ཁྱད་པར་ནི། ཁྲེགས་ཆོད་དུ་རིག་པ་ཡེ་ཤེས་བལྟར་མེད་ཀྱི་རྒྱས་བཏབ་ནས་མཐོང་རྒྱུ་མེད་པ་གཅིག་ཏུ་ཐག་གཅོད་པ་དེ། འདིར་ཡེ་ཤེས་ཀྱི་མཐོང་ཕྱེ་བས་ཆོས་ཉིད་ཀྱི་ཟེར་དངོས་སུ་གསལ་བ་ཆོས་ཉིད་ཟེར་གདངས་ལ་མཐོང་བའི་ཁྱད་པར། དྲུག་པ་སྣང་བ་འོད་ཀྱི་ཁྱད་པར་ནི། ཁྲེགས་ཆོད་དུ་འཁྲུལ་སྣང་རགས་པར་སྣང་བ་ལ་སྒྱུ་མ་ལ་སོགས་པའི་ལྟ་བས་རྒྱས་འདེབས་པས་གཟུང་འཛིན་ལས་མི་འདའ་ཞིང་། འདིར་ཡེ་གདངས་དངོས་སུ་སྣང་བས་འཁྲུལ་སྣང་མིང་མེད་དུ་སོང་ནས་རང་འོད་དངོས་སུ་སྣང་བ་ལ་ལམ་དུ་བྱས་པས། ཕྱི་ནང་གི་རྡོས་བཅས་འོད་དུ་དེངས་ནས་འཕོ་ཆེན་གྱི་སྐུར་བཞེངས་པས་རྟེན་དེ་ལ་གཞན་དོན་རླབས་ཆེན་འགྲུབ་པའི་ཁྱད་པར། བདུན་པ་ཉམས་སྣང་གོང་འཕེལ་གྱི་ཁྱད་པར་ནི། ཁྲེགས་ཆོད་དུ་ཡུལ་སེམས་རང་ག་མ་ལ་སྤོང་ལེན་མེད་པའི་རྒྱས་འདེབས་པས་དེ་དག་མྱུར་དུ་དག་མི་ནུས་ཤིང་། འདིར་གནད་གཅུན་པའི་སྐད་ཅིག་ནས་ཕྱི་ནང་གི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་རང་སངས་ཏེ་མ་སྤངས་གནས་སུ་དག་པས་རྒྱས་འདེབས་ལ་མི་ལྟོས་ཤིང་། ཡེ་ཤེས་ཀྱི་འཕེལ་སྣང་ཟླ་བ་ཡར་ངོ་བཞིན་གོང་དུ་འཕེལ་བ་སྟེ་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས་པའི་ཁྱད་པར་དང་བདུན་ནོ། མདོར་ན་གདངས་ཀྱི་འཆར་སྒོ་ལག་ཁྲིད་དུ་ངོ་སྤྲད་པས་གནད་མི་འཆུག །འོད་རྩ་ལམ་དུ་བྱེད་པས་འབྱུང་ཁམས་འཕེལ་འགྲིབ་ལ་མི་ལྟོས། རིག་གདངས་དག་པ་སྒྲོན་མ་འཆར་བའི་སྒོ་ལ་བརྟེན་པས་ནོར་ས་མེད། རྒྱང་ཞགས་ཡེ་ཤེས་ཀྱི་དབང་པོའི་འཆར་སྒོ་དག་པ་མཐོང་བས་ཚོགས་དྲུག་གི་འབྲེལ་ཆད། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྣང་བ་ལ་དངོས་སུ་དཔྱོད་པས་དབང་པོ་ལ་རྣོ་རྟུལ་མེད། ཡེ་ཤེས་ཀྱི་སྣང་བ་དག་པ་ལམ་དུ་བྱས་པས་ཕྱི་ནང་གི་རྟོག་པ་འོད་དུ་དག་སྟེ་འཕོ་ཆེན་འགྲུབ་པའི་ཁྱད་པར། སྣང་ཉམས་དྲི་མེད་ཀྱི་འཕེལ་རྫོགས་པས་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས་ཏེ་ཕྱི་དུས་ལ་མི་ལྟོས་པར་ལམ་མྱུར་བའི་ཁྱད་པར་བཅས་ཡོད་པ་ཡིན་ལ། ཡང་ཁྱད་པར་གཉིས་སུ་ཡང་འདུ་སྟེ། རིག་པའི་དོན་དངོས་སུ་མཐོང་ཞིང་བལྟར་ཡོད་པས་འཁྲུལ་བ་སྐད་ཅིག་ལ་ལྡོག་པའི་ཁྱད་པར་དང་། ཡིད་དཔྱོད་ལ་མ་ལྟོས་པར་འཁྲུལ་སྣང་ལ་ལམ་དུ་བྱས་ནས་མ་འཁྲུལ་བའི་འབྲས་བུ་འཚོལ་བའི་ཁྱད་པར་བཅས་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། འདི་དག་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་གསུང་རབ་ཇི་ལྟ་བ་ཆེ་ལོང་དུ་བསྡུས་ཏེ་རང་བློར་གང་ངེས་ཉམས་མཚར་དུ་བྲིས་པ་ཡིན་པས། ཀུན་མཁྱེན་རང་གི་གསུང་རབ་ཀྱི་དགོངས་པ་མ་ནོར་བ་མཁྱེན་ལྡན་རྣམས་ཀྱིས་ལེགས་པར་ཚོལ་ཞིག །

མཉམ་ཉིད་རྡོ་རྗེའི་ཚིག་བཅུ།

ཡིན་པ་ལྟར་བྱས་ན་ཡིན། །མིན་པ་ལྟར་བྱས་ན་མིན། །ཡིན་མིན་བློ་ཡིན། །བློ་རང་སྟོང་ཡིན། །རང་སྟོང་མངོན་སུམ་ཡིན། །མངོན་སུམ་ཡུལ་མེད་ཡིན། །ཡུལ་མེད་རྒྱ་ཡན་ཡིན། །རྒྱ་ཡན་ལ་མིང་མེད། །མིང་མེད་ལ་བློ་མི་འཇུག་པས། །དུས་གསུམ་མཉམ་པ་ཉིད་དུ་ཕྱལ་ཡས་སོ། །གུ་ཧྱ། །

འཁོར་གྱི་སྣང་ཚུལ་སྟོན་པའི་མཚར་གཏམ་མེ་ལོང་གསར་པ།

སྐུ་གསུམ་སྟོན་པའི་གསུང་གི་གསང་བ་ཟབ་མོ་ཚིག་དང་ཡི་གེའི་བརྡ་རུ་ལེགས་སྣང་བའི། །གསང་རྒྱུད་རྒྱ་མཚོའི་ཚིག་ཙམ་ཐོས་པའང་བསྐལ་པ་དུ་མར་འདི་ལྟར་ཡང་ཡང་རྙེད་པར་དཀའ། །འོན་ཀྱང་འདི་ན་ལང་ཚོ་རྙིང་པའི་ཁུར་གྱིས་དུབ་རྣམས་སོས་ཁའི་ཚད་པའི་མྱོས་ཆང་གིས། །འདུ་ཤེས་ཉམས་པའི་མགོ་བོ་འགུལ་བས་མི་ཐེག་སྨིན་པའི་ཤིང་འབྲས་བཞིན་དུ་ཡང་ཡང་དུད། །ལང་ཚོའི་མེ་ཏོག་གསར་པའི་གཞོན་ནུ་མཆོག་དང་མཆོག་མིན་རྣམ་རིག་གསལ་བའི་ཟློས་གར་ལ། །གཅིག་ཏུ་བརྩོན་པའི་ཡལ་གའི་རི་དྭགས་གར་ལ་ཚུད་བཞིན་ཡན་ལག་གཡོ་བས་བྲེལ་ཞིང་ཟིང་། །ཕལ་ཆེར་ལུང་དུ་བསྟན་པ་མིན་པའི་ཀུན་སློང་རང་གས་ཕྲེང་བའི་གྲངས་འདྲེན་མིག་དཀྱུས་གཡོ། །འགའ་ཞིག་ཆོས་ཀྱི་ཚིག་དོན་རྣམ་དབྱེ་ཡི་གེའི་འདུ་བྱེད་ཟིན་པ་མེད་པའི་ལས་ཀྱིས་བྲེལ། །ཁ་ཅིག་རྣམ་པར་མི་རྟོག་ཟོལ་ཡང་རྣམ་པར་རིག་བྱེད་ཤེལ་གྱི་ཁང་བུའི་གཟུགས་བཞིན་གསལ། །བདག་ཅག་རྣམས་ཀྱི་སྣང་ཚུལ་གཡོ་མེད་དྲང་པོར་བརྗོད་ན་ཅུང་ཞིག་གསོན་དང་གད་མོ་འཆོར། །ཞེས་པའང་ཡབ་རྗེ་ངག་དབང་ནོར་བུས་རྙིང་རྒྱུད་ལུང་གསུང་སྐབས་འཁོར་གྱི་ངང་ཚུལ་ལ་གཟིགས་ཏེ་མཚུངས་མེད་ཡོན་ཏན་མགོན་པོས་གསུངས་པའོ། །

ཡིན་གསུམ་གྲུབ་བཞི་མ།

རྒྱུ་ནི་རྫབ་ཀྱི་ཤིང་ཡིན་པས། །དུག་ནད་སེལ་བའི་སྨན་ཡིན་ལ། །བཟའ་བཏུང་ཚོགས་ཀྱི་སྣོད་ཡིན་པས། །མཆོག་ཐུན་སྒྲུབ་པའི་རྫས་ཀྱང་ཡིན། །ངོ་བོ་སྐྱེ་མེད་སྟོང་པར་གྲུབ། །རང་བཞིན་ཡུམ་ལྔའི་དལ་དུ་གྲུབ། །འདི་བསྟེན་གསང་བའི་བཅུད་གྲུབ་པས། །ཐུན་མོང་དངོས་གྲུབ་མཐུ་དང་ལྡན། །དམ་པས་བྱིན་རླབས་བདུད་རྩིའི་སྣོད། །འདི་འཆང་ལྷ་དང་དམ་ཅན་འདུ། །དེ་ཕྱིར་ཡིན་གྲུབ་མཚན་ཉིད་རྣམས། །འདི་ལ་མ་ཚང་མེད་པར་རྫོགས། །རྟོགས་ན་སྣང་སྲིད་འཁོར་འདས་ཀུན། །ཡིན་གྲུབ་མཚན་ཉིད་གདོད་ནས་རྫོགས། །གང་ཡང་གྲོགས་སུ་འཁྱེར་པ་འདི། །ཐབས་ཆེན་ལམ་གྱི་ཁྱད་ཆོས་ཡིན། །ཞེས་པའང་སྐྱབས་རྗེའི་གསོལ་ཞལ་ལ་ཡིན་གསུམ་གྲུབ་བཞི་ཚང་ངམ་ཞེས་དྲིས་པའི་ལན་དུ་ཡོན་ཏན་མགོན་པོ་ནས་གསུངས་པའོ། །

ཕྱག་འཚལ་ཞིག་གི་འགྲེལ་བ་ཐོར་བུ།

ཀ་དག་གི་རིག་པ་ཀུན་ཏུ་རྟོག་པའི་དྲ་བ་ལས་ཡེ་ནས་རྣམ་པར་རྒྱལ་ཏེ། རང་གནས་ཀྱི་བསམ་གཏན་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཟབ་ཅིང་རྒྱ་ཆེ་བའི་སྐུ་མངའ་བ། ནང་དབྱིངས་ཐིམ་ལ་མ་རྨུག་པའི་ཡེ་ཤེས་སྒྲོན་མ་བཞི་དྲི་མ་གཤིས་ལ་མེད་པས། ཀུན་ཏུ་བཟང་པོའི་འོད་ཟེར་དག་གི་གདངས་ཀྱི་སྣང་བ་ཚད་མེད་པའི་སྒྲོན་མ་ཀུན་ནས་འཕྲོ་བ་སྟེ། ཀ་དག་དང་ལྷུན་གྲུབ་ཟུང་དུ་འཇུག་པའི་དོན་དེ་ལ་རྟོགས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །

སྨོན་ལམ་ནམ་ཞིག་དཔལ་རི་མ།

ནམ་ཞིག་དཔལ་གྱི་རི་ལ་ཨོ་རྒྱན་རྗེ། །རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྨིན་གྲོལ་ཆོས་ཀྱི་དགའ་སྟོན་འགྱེད་པ་དེར། །བདག་ཀྱང་སྲས་ཀྱི་ཐུ་བོར་དབུགས་ཕྱུང་ནས། །སྣང་བཞིའི་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་པར་ཤོག །སླར་ཡང་སྤྲུལ་བ་བྱེ་བ་ཕྲག་བརྒྱ་ཡིས། །དག་དང་མ་དག་གདུལ་བྱའི་དོན་བྱེད་ཅིང་། །སྣང་སེམས་དབང་བསྒྱུར་འབྲེལ་ཚད་དོན་ལྡན་གྱི། །ཀུན་བཟང་སྤྱོད་པ་རྒྱ་མཚོའི་མཐར་ཕྱིན་ཤོག །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།