མདོ་སྔགས་ཀྱི་ལམ་ལ་རིམ་གྱིས་འཇུག་པར་གདམས་པ་དམ་པའི་ཞལ་ལུང་གསེར་གྱི་ཡང་ཞུན།
ཨ་འཐས་འཛིན་ཞེན་གྲོལ་བའི་རྟོགས་སད་ཉམས་ཀྱི་རྒྱང་གླུ། །དྲན་པས་གདུང་སེལ་ཆོས་ཀྱི་རྗེ། །གཞན་ཕན་ཆོས་ཀྱི་སྣང་བར་འདུད། །བུ་གསོན་དང་ལས་ཅན་ནོར་བུའི་མིང་། །གང་ཤར་གྱི་ཉམས་གླུ་ཅུང་ཟད་ལེན། །མི་ཁོ་བོའི་རིགས་བདག་གཞན་ཕན་པས། །གསང་གསུམ་གྱི་བྱིན་བརྒྱུད་བུ་ལ་གནང་། །བློ་བྲལ་ལ་ཕོ་ཚོད་མ་དགོས་ཙམ། །ཤུགས་འབྱུང་གི་ཉམས་རྟོགས་འདི་འདྲ་སྐྱེས། །རིག་སྟོང་གི་རང་ཞལ་རྗེན་པར་བུད། །གོ་ཡུལ་བློས་བྱས་ལ་རག་མ་ལས། །ཐ་མལ་རང་ལུགས་སུ་གུ་རེ་ཡངས། །ཀུན་རྟོག་རང་གྲོལ་དུ་བློ་རེ་བདེ། །ཞེན་མེད་གཅེར་ཡན་གྱི་རྣལ་འབྱོར་ལ། །ལྟ་སྒོམ་གྱི་མིང་འདོགས་རྡུལ་ཙམ་མེད། །ཆོས་མེད་བྱར་མེད་ ཀྱི་གཉའ་ཡངས་པོ། །གུ་ཡངས་བློ་བདེ་ཞེས་མི་ཟེར་རམ། །ཐེག་བརྒྱད་བློས་བྱས་ཀྱི་ལྟ་གྲུབ་ལ། །ཨ་འཐས་ཉིང་འཁྲུལ་ཚོ་གང་དགྱེས་མཛོད། །ཆོས་ལ་བྱར་མེད་ཀྱི་བློ་རྒོད་འདི། །ཀློང་ཆེན་རབ་འབྱམས་ཀྱི་གཅེས་ཕྲུག་ཡིན། །ཟབ་ཟབ་གདམ་ཕྲན་གྱི་མྱོང་ཞེན་ལ། །རྟོགས་པའི་དེ་ཉིད་དུ་རློམ་པ་ཚོས། །ད་དུང་གཉན་ཁྲོད་དུ་ཐུན་མཐའ་ཆོད། །ངེས་ཤེས་བློ་སྙེམ་གྱི་འཛིན་སྟངས་དེས། །གཉུག་མའི་རང་ཞལ་ལ་སྒྲིབ་ལས་ཆེ། །དྲན་པ་རྒྱུན་འབྱམས་ཀྱི་གོམས་ཉམས་ཙམ། །བརྟན་ཡང་བཅོས་མ་ཡི་བསམ་གཏན་དེས། །ཟང་ཐལ་ཐོག་བབས་ལ་རེག་པར་དཀའ། །ལོ་ཟླའི་བྱས་ཡུས་ཀྱིས་སྒོམ་པ་ཚོའི། །སྒོམ་བློའི་ཨ་འཐས་དེས་འཆིང་གིས་དོགས། །རིག་པ་གཅེར་ཡན་དུ་རྟོགས་ཙ་ན། །ཤར་གནས་ཆོས་ཉིད་ཀྱི་རང་ངོར་མཉམ། །ལམ་ཁྱེར་ཆོས་ཉིད་དུ་སད་ཟིན་པའི། །བསྐྱང་བྱ་སྐྱོང་བྱེད་ཀྱི་ཐ་སྙད་བྲལ། །རྡོས་བཅས་ལུས་རྒྱ་དང་བྲལ་མ་ཐག །འོད་གསལ་ཆོས་ཉིད་ཀྱི་ནམ་མཁའ་ལ། །གཅེར་གྲོལ་རིག་སྟོང་གི་ཁྱུང་ཆེན་ལྡིང་། །མཐའ་བརྒྱད་བློས་བྱས་ཀྱི་གོལ་ས་ཆོད། །གཞི་གྲོལ་རང་བཞག་ཏུ་བཙན་ས་ཟིན། །དེ་སྐད་བྱར་མེད་ཀྱི་གུ་ཡངས་པོ། །གང་ཤར་ཉམས་མཚར་གྱི་ཐོལ་གླུ་འདི། །ལས་འཕྲོ་སྐལ་ལྡན་གྱི་སྒོམ་ཕྲུག་ལ། །གསང་གཏམ་ནང་ལུགས་སུ་ཕུལ་བ་ལགས། །ཞེས་ཉམས་མཚར་དུ་སྤྲང་སྨྱོན་ཡོན་ཏན་མགོན་པོས་བྲིས་ཏེ་ཕུལ་བ་དགེ །
རེ་དོགས་དབྱིངས་སུ་དག་པའི་གླུ་ཆུང་།
རྗེ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །དྲིན་འཁོར་ཐབས་མེད་པའི་གཞན་ཕན་པ། །དུས་འདི་ནས་བྱང་ཆུབ་མ་ཐོབ་བར། །མི་ཁོ་བོའི་བློ་གཏད་གཅིག་ཆོག་ཡིན། །ཕ་སངས་རྒྱས་དེ་ཡི་བཀའ་དྲིན་གྱིས། །སེམས་ཆོས་ཉིད་མ་དང་རང་ཞལ་མཇལ། །ད་ཇི་ལྟར་བྱས་ཀྱང་སྐྱིད་པར་མཆིས། །ཤུགས་འབྱུང་གི་གླུ་ཆུང་ལེན་སྙིང་འདོད། །གཤིས་བློ་བྲལ་དབུ་མའི་ལྟ་བ་དང་། །ཟང་ཐལ་རིག་པའི་ཐིག་ལེ་གཉིས། །བསམ་བརྗོད་བྲལ་བའི་ངང་དུ་གཅིག །ད་མང་པོའི་རེ་དོགས་བྱ་མ་དགོས། །དུག་ལྔ་རང་ཡན་གྱི་ཀུན་རྟོག་དང་། །རང་གནས་ཀ་དག་གི་དགོངས་པ་གཉིས། །ཡེ་གྲོལ་ཟང་ཐལ་གྱི་གཤིས་སུ་གཅིག །སྤང་བླང་གི་ཨ་འཐས་བྱ་མ་དགོས། །མ་དག་འཁོར་བའི་སྣོད་བཅུད་དང་། །དག་པ་སྐུ་ལྔའི་རང་ཞལ་གཉིས། །ཡེ་དག་མཉམ་རྫོགས་གཤིས་སུ་གཅིག །བླང་དོར་རྩོལ་སྒྲུབ་བྱ་མ་དགོས། །སྣང་བ་སྣ་ཚོགས་ཀྱི་རྟེན་འབྲེལ་དང་། །སྟོང་པ་རིག་པའི་རང་སོ་གཉིས། །སྐྱེ་འགགས་བྲལ་བའི་གཤིས་སུ་གཅིག །བདེན་གཉིས་རེས་འཇོག་གི་གཞི་རྩ་བྲལ། །བློ་འདས་ལ་དྲན་པས་བསྐྱང་རྒྱུ་མེད། །རང་བབས་ལ་རྟོག་པས་ཇི་ལྟར་འཆོས། །བྱ་བྲལ་ནམ་མཁའ་ཕྱམ་ཕྱམ་གཅིག །གུ་ཡངས་བློ་བདེ་རུ་ཨ་ལ་ལ། །ཀུན་ཏུ་བཟང་པོའི་རང་ཞལ་མཐོང་། །མཆོག་ཐུན་ཀུན་གྱི་རྒྱལ་པོ་འགྲུབ། །འཐོབ་བྱའི་རེ་དོགས་རང་ངོར་དག །བློས་བྱས་ཀྱི་བསྐྱེད་རྫོགས་ལ་ལྟོས་མི་འཆའ། །ཉམས་དགའ་འོ་སྐྱིད་དོ་མཐའ་དབུས་བྲལ། །ཟང་ངེ་ཐལ་ལེ་བསམ་ངོ་བྲལ། །དོན་འདི་བླ་མའི་དྲིན་གྱིས་མཐོང་། །བརྗོད་བྲལ་གུ་ཡངས་སུ་སྐྱིད་ཉལ་བྱེད། །སྤྲང་པོ་ཡོན་ཏན་མགོན་པོ་བདག །རང་བྱས་ཀྱི་བསམ་རྒྱ་མི་ཆེ་ཞིང་། །ལོ་ཟླ་ཡི་སྡུག་བཙིར་མ་བྱས་ཀྱང་། །མོས་གུས་ཀྱིས་ཕ་ཕོགས་ཐོབ་པས་འཚེངས། ཨ་ལ་ལ་ཧོ། །ཞེས་རང་གཅིག་པུ་སྐྱིད་པའི་མལ་དུ་གུ་ཡངས་ཤིང་བློ་བདེ་བ་ལགས་སོ། །
གང་ཤར་ཉམས་ཀྱི་ཐོལ་གླུ་འཁྲུལ་བ་གཞི་གྲོལ།
ཨ་ཧོ་ཡེ། ཀུན་མཐོང་དབེན་པའི་ཁྲོད་ན་བྱར་མེད་ཀྱི་རྣལ་འབྱོར། །རང་བབས་བདེ་བའི་གཤིས་ལུགས་གུ་ཡངས་སུ་སྐྱོང་བའི། །ཉམས་དགའ་ཀུ་སུ་ལུ་པའི་རྣམ་ཐར་ལ་གཟིགས་ནས། །ལུགས་གཉིས་འདུན་མའི་བྲེལ་ཟིང་གཡས་ཆུང་དུ་བོར་ཤོག །སྤྲང་ལུས་དུག་པོའི་ཁྲོད་ན་སོས་དལ་དུ་ཉལ་ཡང་། །མ་བཅོས་རིག་པའི་རང་ཞལ་གསལ་འགྲིབ་དང་བྲལ་བ། །བྱས་བྱས་བསྒྲུབ་བསྒྲུབ་མང་པོའི་ཤོམ་ར་ནི་མི་དགོས། །བྱར་མེད་ལྷོད་པོར་ཉལ་བའི་གུ་ཡངས་ངའི་སྐྱིད་པ། །སྣང་སེམས་སྒྱུ་མར་མཉམ་པའི་གཏད་མེད་ཀྱི་རྣལ་འབྱོར། །གཟུང་འཛིན་ཐད་ཀར་ཞིག་པ་ལམ་ཁྱེར་གྱི་རྩེ་མོ། །ཆོས་ཟད་ཆོས་ལས་འདས་པའི་ལྟ་སྒོམ་གྱི་ཕུ་ཐག །རང་བབས་གཤིས་སུ་ཆོད་པའི་སྨྱོན་པ་ངའི་སྐྱིད་པ། །བློ་བྲལ་རིག་པའི་ཁྱེའུ་ཆུང་ཡར་ཡར་ལ་ཕེབས་དང་། །ཟང་ཐལ་གྲུབ་བརྒྱའི་གཤེགས་ཤུལ་ཐག་རིང་ན་མི་འདུག །སྣང་རིག་ཆོས་སྐུར་མཉམ་པ་ཉམས་ལེན་གྱི་སྐྱེལ་སོ། །ད་ལྟ་མངོན་དུ་གྱུར་ན་རྩོལ་སྒྲུབ་ཀྱིས་ཅི་བྱེད། །འཁྲུལ་བ་ནང་ནས་ཞིག་པའི་གུ་ཡངས་ཀྱི་རང་གཤིས། །མ་བཅོས་རྗེན་ལ་འཇོག་པ་ཡབ་མེས་ཀྱི་རྣམ་ཐར། །འཁོར་བ་མིང་དུ་ཟད་ལ་སྤང་བྱ་ནི་ཅི་ཞིག །འཁྲུལ་བ་གཞི་གྲོལ་རྟོགས་ན་འཁྲུལ་ཞིག་གི་རྒྱལ་པོ། །མཉམ་ཉིད་རིག་སྟོང་ཐིག་ལེ་སྐུ་གསུམ་གྱི་ཞལ་སྐྱིན། །ཡེ་ཡིན་སོ་མར་གློད་པ་ལྟ་སྒོམ་གྱི་མདོ་འགག །ཡིན་ལུགས་མངོན་དུ་གྱུར་ན་ཀུན་བཟང་གི་རྒྱལ་ཐབས། །ཨ་འཐས་ས་ལམ་བརྩི་བའི་གུ་དོགས་དེས་ཅི་བྱ། །མདོ་མེད་སྤྲང་པོའི་འདུན་མ་ཆིག་ཆོད་དུ་སྐྱོང་བ། །ལུགས་གཉིས་འཛོལ་ས་མང་པོའི་འཁྱེར་སོ་དང་བྲལ་ཡང་། །རང་གྲོལ་ཤྲཱི་སེང་ཧའི་རྣམ་ཐར་ལ་རེག་པ། །སྣ་ཚོགས་སྤྲོས་པའི་དྲ་བ་ཡོད་ཡོད་ནི་མི་འདྲ། །ཀློང་ཆེན་ཆོས་ཀྱི་རྒྱལ་པོའི་དགོངས་བརྒྱུད་ཀྱི་ཕ་ཕོགས། །མཚུངས་མེད་བླ་མའི་དྲིན་གྱིས་མངོན་སུམ་དུ་ཐོབ་ན། །མི་ཚེ་རི་ལ་སྐྱེལ་བའི་བྱས་ཡུས་ཤིག་མེད་ཀྱང་། །བྱར་མེད་སྤྲང་པོའི་མདུན་ཕུགས་མ་ནོར་ཙམ་ཡོད་འགྲོ། །ཨ་ཀྱང་རང་རྩིས་ཆེ་བའི་ཨོ་ཟོབ་ཀྱིས་ཅི་བྱེད། །ཡིན་མིན་ཚིག་ལ་ཞེན་པའི་ཨ་འཐས་དེ་བསྐྱུར་དང་། །ཆོས་ལ་བྱ་རྒྱུ་མེད་པའི་བློ་རྒོད་ཀྱི་རྦད་ཐག །ཁྲེལ་མེད་ཐད་ཀར་གཅོད་པ་སྨྱོན་པ་ངའི་རང་གཤིས། །ལང་ཀ་པུ་རིའི་རྒྱལ་ཁབ་མངོན་སུམ་དུ་བ སྙེག་ཚེ། །ཕ་གཅིག་དྲིན་ཅན་བླ་མའི་ཞབས་པད་ལ་བསྟེན་ནས། །སྦྱོར་སྒྲོལ་གསང་བའི་ཐབས་ཆེན་ཤུགས་འབྱུང་དུ་སྤྱོད་པ། །འབྲེལ་ཚད་དོན་དང་ལྡན་པའི་རྣམ་ཐར་ལ་སྦྱོར་འགྲོ། །ཧ་ཅང་གཉེན་བཤེས་འབྲེལ་བའི་དམ་པ་ཡི་མཆེད་གྲོགས། །ལུས་སྐྱེས་སྨྲ་ར་དཀར་པོའི་རྒྱན་མཛེས་ཀྱིས་སྒེག་པའི། །རྣལ་འབྱོར་སྨྱོན་པ་ང་ཚོའི་རྗེས་ཤུལ་ལ་ཕེབས་དང་། །མེ་ལོང་རྡོ་རྗེའི་གཟིམས་མལ་ཟིན་ཙམ་དུ་སླེབ་འགྲོ། །ཐོལ་བྱུང་མགྲིན་པའི་རྫ་རྔ་ལྷུང་ལྷུང་དུ་བརྡུངས་པས། །ཐོལ་སྐྱེས་རྟོག་པའི་རི་མོ་རང་མལ་དུ་ཞིག་ནས། །བློ་བྲལ་གཤིས་ཀྱི་མལ་དུ་རང་བྱུང་གི་ཁྱེའུ་ཆུང་། །བློ་རྒོད་གཅེར་བུར་ཉལ་བའི་བག་ཡངས་ལ་ཆས་སོ། །སྐྱབས་གཅིག་དྲིན་ཅན་བླ་མ་རྒྱལ་ཀུན་གྱི་ཞལ་སྐྱིན། །དོན་དམ་རིག་པའི་ཀློང་ན་འདུ་འབྲལ་ནི་མི་དམིགས། །ཨ་ཧོ་བློ་དང་བྲལ་བའི་བྱར་མེད་ཀྱི་རྣལ་འབྱོར། །རེ་དོགས་མཐའ་ལས་གྲོལ་བའི་སྐྱིད་གླུ་འདི་ཐལ་ལོ། །
རྟོགས་པའི་འདྲ་འབག་སྙན་འགྱུར་དཔྱིད་ཀྱི་རྒྱལ་མོའི་དབྱངས་སྙན།
སྐྱབས་ཀུན་འདུས་པའི་སྤྱི་གཟུགས་དྲིན་ཆེན་གྱི་བླ་མ། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་འབྲལ་མེད་དུ་བཞུགས་ནས། །གསང་གསུམ་ཡེ་ཤེས་བྱིན་བརྒྱུད་རྩོལ་མེད་དུ་གནང་དང་། །གཞོན་ཆུང་སྣང་བ་སྤྲོ་བའི་རྒྱང་གླུ་ཞིག་ལེན་ནོ། །བློ་བྲལ་རིག་པའི་རང་ངོ་ཟང་ཐལ་དུ་བསྐྱངས་པས། །ཆེད་འཛིན་བློ་ཡི་རི་མོ་མཉམ་ཉིད་དུ་དག་སྟེ། །འདི་ཞེས་དྲན་པའི་འཆིང་བྱེད་རང་གྲོལ་དུ་སོང་ནས། །མཉམ་རྗེས་ཐ་དད་འབྱེད་པའི་སྤུ་རིས་ནི་མ་དམིགས། །ཟ་ཟི་ཉམས་ཀྱི་འཆར་སྒོ་ཡོད་ཡོད་ནི་མི་འདྲ། །ཡེ་གྲོལ་ཕྱལ་བའི་རང་གཤིས་རྒྱ་ཡན་དུ་གློད་པས། །ཀུན་རྟོག་ཆོས་སྐུར་མཉམ་པའི་རྣལ་འབྱོར་གྱི་སྣང་ངོར། །འཁོར་འདས་བཟང་ངན་དབྱེ་བའི་མཁན་པོ་ནི་མ་དམིགས། །ཟང་ཐལ་གྲུབ་བརྒྱའི་གཤེགས་ཤུལ་བློ་བྲལ་གྱི་རྒྱལ་ཐབས། །རྩོལ་མེད་ཆིག་རྫོགས་ནོན་པ་ཀློང་ཆེན་གྱི་ཞལ་སྐྱིན། །མཚུངས་མེད་དྲིན་ཅན་ཆོས་རྗེའི་ཞབས་པད་ལ་རེག་པས། །འདི་བདེ་ཕྱི་མར་སྐྱིད་པའི་སྣང་ཟོ་འདི་བདེ་བ། །བྱུང་རྒྱལ་མགྲིན་པའི་དབྱངས་སྙན་ཐད་ཀ་རུ་བསྒྱུར་བཏང་། །དགྲ་གཉེན་ཆགས་སྡང་སྣང་བ་ཡིད་ཡུལ་དུ་མ་དམིགས། །བསྟོད་སྨད་བྲག་ཆའི་གཏམ་ལ་དགག་སྒྲུབ་ནི་མ་མོས། །གང་སྣང་ཆོས་ཉིད་རོལ་པར་དབྱེ་བསལ་ནི་མ་མཆིས། །རྐྱེན་སྣང་ཆོས་སྐུར་མཉམ་པའི་གུ་ཡངས་ངའི་སྐྱིད་པ། །འདིར་སྣང་བྱིས་པའི་འདུན་མ་གང་དགའ་རུ་བསྐྱུར་ཐོང་། །རྟེན་མེད་སྨིག་རྒྱུའི་རི་མོ་སྤང་བླང་ལས་འདས་པ། །ཆགས་སྡང་རྟོག་པའི་བྱ་རྗེས་ཡོད་ཡོད་ནི་མི་འདྲ། །རིག་སྟོང་ནམ་མཁའི་ཆོ་འཕྲུལ་རང་མལ་དུ་དག་པས། །བྱ་བྱ་བྱེད་བྱེད་མང་པོའི་སྤྲེལ་རྩེད་དེ་བསྐྱུར་ཐོང་། །ཐམས་ཅད་ཐམས་ཅད་བོར་དང་ཐོབ་ཤོར་ནི་མི་འདུག །མཁའ་མཉམ་རེ་དོགས་ཟད་པའི་རྒན་པོ་ངའི་སྐྱིད་པ། །གཞོན་ཆུང་ལང་ཚོས་དྲེགས་པའི་སྡེ་དགོན་གྱི་ཁྲོད་ན། །ལྟོས་མེད་གཅེར་བུར་ཉལ་བ་སྨྱོན་པ་ངའི་རང་གཤིས། །ཚུལ་འཆོས་བཅོས་མའི་ངང་ཚུལ་གར་སོང་ནི་མི་འདུག །གཏད་མེད་རྒྱ་གྲོལ་ཀློང་ཡངས་དྲིན་ཅན་གྱི་ཐུགས་རྗེས། །ཨ་ཧོ་བློ་བདེའི་མལ་ནས་ཆོས་ཟད་དུ་ཐལ་ལོ། །ང་ནི་བྱར་མེད་ཀློང་གྲོལ་གཅན་གཟན་གྱི་བུ་རྒྱུད། །རྟོག་མེད་རོ་ཁང་འགྲིམ་ལ་སྤྲོ་བ་ཞིག་མེད་ཀྱང་། །མཚོ་སྐྱེས་བླ་མའི་ཞལ་ཚབ་འཁྲུལ་མེད་ཀྱི་བཀའ་ལུང་། །རེ་ཞིག་སྙིང་གི་བཅུད་ལས་འབྲལ་ཐབས་ནི་མ་མཆིས། །དེ་སྐད་ཆོས་མེད་སྤྲང་སྨྱོན་རྟ་མགྲིན་གྱི་མགོན་པོས། །ཤེས་ཉམས་སྣང་བ་འུར་བའི་གང་ཤར་གྱི་གླུ་ཆུང་། །རུ་དམ་འོད་གསལ་གྲུབ་པའི་རྒྱལ་ཁབ་ཀྱི་དབུས་ནས། །སྙན་འགྱུར་དཔྱིད་ཀྱི་རྒྱལ་མོའི་དབྱངས་སྙན་དུ་བླངས་སོ། །
གང་ཤར་གྱ་མ་གྱུའི་གསང་ཚིག
ཨ་ཧོ། གཞི་དབྱིངས་གདོད་ནས་དག་པ་འོད་གསལ་གྱི་ཁང་བཟང་། །གཞི་སྣང་རིག་པའི་ཐིག་ལེ་མཚོ་སྐྱེས་ཀྱི་རྡོ་རྗེ། །རང་རྩལ་ཡེ་ཤེས་རོལ་པ་རིག་འཛིན་གྱི་ཚོམ་བུ། །ནམ་ཡང་འདུ་འབྲལ་མེད་པའི་ངོ་མཚར་ལ་གཟིགས་དང་། །བློས་བྱས་རྟོག་པའི་འདུ་འཕྲོ་ཡིད་དཔྱོད་ཀྱི་འཆིང་བ། །བློ་བྲལ་རིག་པའི་གཤིས་སུ་རང་གྲོལ་དུ་དག་པས། །སྣ་ཚོགས་བླང་དོར་མང་པོའི་རེ་དོགས་ནི་མི་གདའ། །བྱར་མེད་ཆིག་ཆོད་རྟོགས་པའི་སྣང་ཤེས་འདིའི་སྐྱིད་པ། །གང་ཤར་སྤང་བླང་མེད་པའི་ཆོས་ཉིད་ཀྱི་རང་འགྲོས། །རང་བཞག་ཆོས་ཉིད་དྲན་པས་བཅོས་མེད་དུ་སྦྱངས་པས། །ཡེངས་ཡུལ་ཆོས་ཉིད་ཆེན་པོར་མཉམ་གྲོལ་དུ་དག་པའི། །ཆོས་མེད་སྤྲང་པོའི་འདུན་མ་རྩེ་མོ་རུ་ཕྱིན་འདུག །ཨ་འཐས་ལྷ་སྐུར་ཞེན་པའི་ཀུན་བརྟགས་དེས་ཅི་བྱ། །སྣང་ཞེན་རིག་པའི་རང་ངོ་ཡེ་གྲོལ་དུ་འདུག་པས། །ད་གདོད་བཅོས་མའི་ལམ་གྱི་བསྒྲུབ་བྱ་ནི་མ་དམིགས། །རང་བབས་བློ་བྲལ་གཤིས་སུ་གང་དགའ་རུ་ཉལ་འདུག །ལྷ་དང་བླ་མའི་དགོངས་བརྒྱུད་རྩོལ་མེད་དུ་ཐོབ་པས། །ཉམས་དང་བློས་བྱས་ཞེན་པ་རང་ས་རུ་ཟད་དེ། །ཟང་ཐལ་རྗེན་པའི་རང་ངོ་གསལ་འགྲིབ་དང་བྲལ་བས། །མཉམ་རྗེས་ཐ་དད་འབྱེད་ཚེ་ཡོད་སྙམ་ནི་མ་དམིགས། །ཚེ་གང་བསྒྲུབ་ལ་དྲིལ་བའི་བྱས་ཡུས་ཤིག་མེད་ཀྱང་། །རེ་དོགས་ཐད་ཀར་ཞིག་པའི་བྱར་མེད་ཀྱི་རྒྱལ་ས། །མ་བཙལ་གཞི་ལ་ཟིན་པ་བླ་མ་ཡི་བཀའ་དྲིན། །བསམ་བཞིན་དགའ་སྤྲོའི་སྣང་བ་འགོག་མེད་དུ་འུར་སོང་། །དེ་སྐད་ཆོས་མེད་སྤྲང་པོས་གང་ཤར་གྱི་གླུ་ཆུང་། །བདེན་རྫུན་མཐའ་ལས་འདས་པའི་གྱ་མ་གྱུའི་གསང་ཚིག །མོས་ལྡན་རེ་བ་སྐོང་བའི་མཆིད་ལན་གྱི་ཚུལ་དུ། །འགོག་མེད་རྒྱ་ཤོག་ངོས་སུ་དེ་འཕྲལ་དུ་བྲིས་སོ། །ཚེ་རིང་ཉི་མ་ལ་གསུངས་པའོ། །
འཁོར་འདས་རོ་མཉམ་དུ་ཤར་བའི་དོ་ཧ་ངོ་མཚར་ཉམས་ཀྱི་རྒྱང་གླུ།
མགོན་ཡེ་ཤེས་སྐུ་ཅན་པདྨ་འབྱུང་། །དྲིན་འཁོར་མེད་མ་ཅིག་མཁར་ཆེན་བཟའ། །དུས་རྟག་པར་སྙིང་གི་དཀྱིལ་ནས་དྲན། །དེང་གདུང་བས་འབོད་དོ་ཐུགས་རྗེས་གཟིགས། །གནས་ངོ་མཚར་རུ་དམ་གངས་ཁྲོད་དུ། །སྤྲང་ཆོས་མེད་ཡོན་ཏན་མགོན་པོ་བདག །ཉམས་སྣང་ཤེས་སྤྲོ་བའི་སྟོང་ཐུན་དུ། །ཉམས་མཚར་གྱི་གླུ་ཆུང་ལེན་སྙིང་འདོད། ཨ་ཧོ། ཕྱི་སྣང་བའི་ཡུལ་ལ་བལྟས་ཙ་ན། །ཡུལ་བདེན་མེད་ཆུ་ཟླའི་རྫུན་རིས་འདྲ། །བཟང་ངན་བླང་དོར་དུ་དབྱེ་བསལ་མེད། །རྟེན་མེད་ཟང་ཐལ་དུ་ཕྱལ་ལེ་བ། །ནང་འཛིན་པའི་སེམས་ལ་བལྟས་ཙ་ན། །སེམས་དངོས་མེད་བར་སྣང་དག་པ་འདྲ། །རང་གསལ་གྱི་ཆོས་སྐུ་རྗེན་ཡེ་རེ། །བཅས་བཅོས་དང་བླང་དོར་བྱ་མ་དགོས། །གནས་ཙིཏྟ་རང་བྱུང་གི་གཞལ་ཡས་ན། །གཤིས་དྲན་རིག་འགྱུར་མེད་མཚོ་སྐྱེས་ཞབས། །རང་བབས་བདེ་སྟོང་གི་མཁར་ཆེན་བཟའ། །དུས་རྟག་པར་འདུ་འབྲལ་མེད་མཐོང་ནས། །མ་སྒྲུབ་ཡེ་རྫོགས་ཀྱི་དངོས་གྲུབ་ཐོབ། །རེ་དོགས་ཨ་འཐས་ཀྱང་བྱ་མ་དགོས། །བརྒྱད་ཁྲི་བཞི་སྟོང་གི་བཞོན་པ་ཅན། །གཡོ་བ་དྲི་བཞོན་གྱི་འགྲོ་འོང་ཀུན། །བརྗོད་བྲལ་ནཱ་ད་ཡི་དབྱངས་སུ་རྫོགས། །བཟླས་བརྗོད་འབག་འབུག་ལ་རེ་བ་ཟད། །སྣང་སེམས་ཡེ་གྲོལ་གྱི་ཀློང་སྒྲོམ་ན། །རང་གསལ་ཉག་གཅིག་གི་ཆོས་གཏེར་རྡོལ། །སྣང་བ་དབང་བསྒྱུར་གྱི་འཕྲིན་ལས་མྱུར། །མཚན་བཅས་བླང་དོར་ལ་ལྟོས་མི་འཆའ། །ཨོ་རྒྱན་གུ་རུ་ཡི་བཀའ་དྲིན་གྱིས། །ཉམས་མྱོང་ཀློང་རྡོལ་གྱི་ལས་ཅན་བདག །སྣང་གྲག་བརྡའ་ཐབས་དང་དཔེ་ཆར་ཤར། །ས་རྡོའི་སྙིང་གཏེར་ཚོ་ཅི་དགྱེས་མཛོད། །རིག་རྩལ་ཤར་གྲོལ་གྱི་གཏེར་སྲུང་ལ། །གསོལ་མཆོད་གཏང་རག་ཀྱང་བྱ་མི་དགོས། །དགའ་སྤྲོའི་ཉམས་ཤར་གྱི་གླུ་ཆུང་ལེན། །གཏད་མེད་གང་ཤར་གྱི་རྡོག་བྲོ་འཁྲབ། །ལས་ཅན་གྱི་བླ་མ་མཆེད་གྲོགས་ཚོ། །གླུ་ཐུགས་ལ་སྤྲོ་ན་དེ་ལྟར་མཛོད། །ངེད་སྤྲང་པོ་ལང་ཤོར་གྱི་སྨྱོན་པ་ལ། །རྩིས་གདབ་ཁྲིགས་ཆོད་གང་ཡང་མེད། ཨ་ལ་ལ་ཧོ། གནས་ལ་རྫ་བྲག་གངས་ཁྲོད་སྐྱིད། །གྲོགས་ལ་མཁའ་འགྲོ་ཆོས་སྐྱོང་བཟང་། །ཆོས་ལ་པདྨའི་སྙིང་ཐིག་ཟབ། །ལྷ་དང་བླ་མའི་ཐུགས་རྗེ་དང་། །མ་དང་མཁའ་འགྲོའི་རྟེན་འབྲེལ་གྱིས། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །ཆོས་ཀུན་རྨི་ལམ་སྣང་བ་འདྲ། །ཤེས་ཉམས་འཁྲུལ་བའི་སྣང་ཆ་ལ། །བདེན་མིན་རྫུན་མིན་བག་ཆགས་འགའ། །ཁོ་བོའི་ཡིད་ལ་ལྷུང་ལྷུང་དྲན། །དགའ་སྐྱོ་སྣ་ཚོགས་ཀྱིས་སྣང་ཤེས་འུར། །གཏད་མེད་རིག་སྟོང་གི་གཤིས་ལུགས་སུ། །ཐམས་ཅད་ཡེ་གྲོལ་དུ་བོར་ནས་སོང་། ཧ་ཧོ། །ཞེས་ས་གླང་ཟླ་ཚེས་ཉིན་རྫོགས་ཆེན་གངས་ཁྲོད་བར་མ་ནས་མཁན་པོ་ཡོན་ཏན་མགོན་པོས་གང་ཤར་ཐོལ་བྱུང་དུ་བྲིས་པའོ། དགེའོ། བཀྲ་ཤིས། །
གསོལ་འདེབས་སྐྱིད་གླུའི་རྒྱང་འབོད།
ཨ་ཧོ་ཡེ། གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་འོད་གསལ་གྱི་ཕོ་བྲང་། །མ་བཅོས་གཉུག་མའི་རང་ངོ་སྐུ་གསུམ་གྱི་ཞལ་ཚབ། །བླ་མ་ཕྱི་ན་མི་བཞུགས་རང་རིག་ལ་རྫོགས་པ། །མངོན་སུམ་རྟོགས་པའི་བློ་ཆོད་གཞོན་པ་ངའི་སྐྱིད་པ། །སྣང་བ་ལྷ་སྐུར་ཤར་བ་དག་ཆེན་གྱི་བསྐྱེད་རིམ། །སྒྲ་གྲག་སྔགས་སུ་ཤེས་པ་རང་བབས་ཀྱི་བཟླས་བརྗོད། །རྟོག་ཚོགས་ཡེ་ནས་གྲོལ་བ་ཆོས་ཟད་ཀྱི་སྐྱེལ་སོ། །གང་ཡང་ལམ་དུ་གྱུར་པའི་སྤྲང་པོ་ངའི་སྐྱིད་པ། །འདི་འདྲའི་རྟོགས་པའི་ཕ་ཕོགས་རྗེ་བཙུན་གྱི་སྐུ་དྲིན། །ནམ་ཡང་འཁོར་ཐབས་མེད་དོ་དྲིན་ཆེན་གྱི་བླ་མ། །ཤུགས་འབྱུང་མོས་གུས་སོ་མའི་གདུང་ཤུགས་ཀྱིས་བསྐུལ་ནས། །གསོལ་འདེབས་རྒྱང་གླུའི་འབོད་པས་གླུ་ཆུང་ཞིག་ལེན་ནོ། །
གསང་ཆེན་ངེས་པའི་གནད་ཡིག་ཨ་ཐམ་རྒྱ་ཅན།
ཨེ་མ་ཧོཿ རང་བཞིན་རྣམ་དག་འོད་གསལ་བའིཿ དེ་ཉིད་ཤིན་ཏུ་མི་གཡོ་བཿསེམས་ཀྱི་རྡོ་རྗེ་རྒྱལ་ཀུན་གྱིཿ གསང་ཆེན་ཉག་གཅིག་ལ་བཏུད་དེཿ ཆོས་རྣམས་ཀུན་གྱི་གནས་ཆེན་པོཿ འོད་གསལ་གཏིང་མཐའ་བྲལ་བ་ནིཿ ལྔ་ལྡན་འོད་ཀྱི་སྙིང་པོ་ཅནཿ གཅིག་དང་དུ་མ་མེད་པ་ལསཿ རང་གདངས་འགགས་མེད་ཡེ་ཤེས་ཀྱིཿ སྣང་ཆ་རང་བྱུང་རྩལ་གྱི་ཆོསཿ བརྒྱད་དུ་ཤར་ཡང་ངོ་བོ་དབྱིངསཿ སུམ་ལྡན་ཆེན་པོར་འུབས་ཆུབ་པའིཿ ཡེ་གྲུབ་སྤང་བླང་བྲལ་བ་སྟེཿ ཡེ་རྒྱས་ཐོག་མ་མཐའ་མ་མེདཿ ངོ་མཚར་ཆེན་པོ་རྡོ་རྗེའི་ཚིགཿགསང་ཆེན་གསང་བའི་སྙིང་པོ་རུཿ ཀློང་རྡོལ་དགོངས་པ་རང་ལ་གསལཿསྤྲོས་པ་ཀུན་གྱི་མཐའ་སྟོངས་པསཿ འདི་ཞེས་བརྗོད་པའི་ཚིག་ཟད་དེཿ ཉག་གཅིག་ཡི་གེ་མེད་པ་རུཿ གསང་བ་ཀུན་གྱི་ཐོག་མར་ཤརཿ བྱིན་རླབས་རང་བྱུང་རྡོ་རྗེའི་རྒྱུདཿ ངེས་པའི་སྙིང་པོ་དམ་པ་རུཿ བབས་ལས་བྱུང་བའི་ཡི་གེ་འདིཿ བསྟན་པ་ཀུན་གྱི་རྩ་བར་ཟུངཿ དེ་སྐད་བརྗོད་བྲལ་རྡོ་རྗེའི་ཚིགཿངོ་བོ་ཉིད་ལས་བཅུད་ཕྱུང་སྟེཿ སྟོན་པ་རང་ཤེས་ཉག་གཅིག་གིསཿ ཡེ་ཤེས་རང་གདངས་འཁོར་རྣམས་ལཿ ཚིག་འདས་དཔེ་བྲལ་དོན་གྱི་གཞིཿ ངོ་བོ་ཉིད་དུ་ལྷུག་པར་བཤདཿ ས་མ་ཡཿ ཤེས་བྱ་དཔེ་བྲལ་གསུང་གི་གཞིཿཀློང་རྡོལ་ཡེ་ཤེས་ཉི་མ་ནིཿ ལས་ཅན་དག་པའི་སྙིང་དབུས་སུཿ རང་བབས་ཆེན་པོར་ཨ་ཐཾ་རྒྱཿ དབྱིངས་ཀྱི་ཡུམ་ཆེན་ཌཱཀྐི་ལྔསཿ ཤེས་རབ་བདེ་སྟོང་ཕྱག་རྒྱའི་བརྡའཿ རིག་སྟོང་འགྱུར་མེད་ཐིག་ལེ་རུཿ མཉམ་སྦྱོར་གསང་བའི་བཀའ་རྒྱ་ཁྲོལཿ དེ་ཚེ་ཤེས་རབ་ཀློང་རྡོལ་གྱིསཿ སྤྲུལ་སྐུའི་བསྟན་པའི་གཟུགས་དང་སྒྲཿ སྐལ་བ་ཅན་གྱི་སྤྱོད་ཡུལ་དུཿ གང་ཤར་སྦ་གསང་མེད་པར་བཀོདཿ ཨི་ཐི་རྒྱ་རྒྱཿ
དུས་སྦྱོར་དག་པའི་རྟེན་འབྲེལ་ཡེ་དག་ཡེ་ཤེས་ཀྱི་འཁོར་ལོ།
དུས་སྦྱོར་ལམ་དུ་སློབ་པའི་གླུ། །བརྟན་གཡོའི་དུས་ཀྱི་རྣམ་པ་ཀུན། །རྣམ་མེད་ཡེ་ཤེས་ཕྱག་རྒྱ་ཆེར། །ཡོངས་སུ་སྦྱོར་བའི་ཧེ་རུ་ཀ ། ཁྱབ་བདག་དཔལ་ལྡན་བླ་མར་འདུད། །ནང་དུ་རྩ་རླུང་ཐིག་ལེའི་ཁམས། །འདུ་བར་འཕོ་བའི་བྱེད་པ་ལས། །ཕྱིར་སྣང་བརྟན་གཡོའི་དུས་སྦྱོར་ཀུན། །ཡེ་དག་ཡེ་ཤེས་འཁོར་ལོ་རུ། །རྟོགས་ན་གཟའ་སྐར་སྦྱོར་བ་སོགས། །གང་ཡང་ལྷ་དང་དཀྱིལ་འཁོར་ཏེ། །མཆོག་ཐུན་ཀུན་གྱི་འབྱུང་གནས་ལས། །བཟང་ངན་བླང་དོར་དབྱེ་བསལ་མེད། །ཨེ་མ་མེད་སྣང་འཁྲུལ་བའི་ཆོས། །ཕྱི་ནང་གཉིས་ཀ་གཞི་མེད་ལ། །ཨ་འཐས་བློ་ཡིས་རིས་སུ་བཅད། །བཟང་ངན་གཉིས་སུ་རློམ་པ་མཚར། །མོ་བཤམ་བུ་མོའི་བྱད་གཟུགས་ལ། །མཛེས་དང་མི་མཛེས་གཉིས་ཕྱེ་ནས། །དགའ་དང་མི་དགར་འཛིན་པ་བཞིན། །དོན་མེད་འཁྲུལ་བས་འགྲོ་འདི་བསླུས། །རྣལ་འབྱོར་སྣང་སེམས་གཅེར་གྲོལ་ལ། །སྤང་བླང་བྱ་བའི་ཡུལ་མ་མཆིས། །དུས་སྦྱོར་རྐྱེན་ལ་རག་མ་ལས། །རེ་དོགས་སྤང་བླང་རྡུལ་ཙམ་མེད། །སྲིད་ན་ལ་ལའི་སྣང་བ་ལ། །ལ་ལས་མུན་པར་འཛིན་པ་བཞིན། །རང་རྟོག་ཞེན་པས་སོ་སོར་སྣང་། །དོན་ལ་ཐམས་ཅད་རྫུན་མཉམ་གཅིག །བཟང་པོར་རེ་བའི་ཞེ་འདོད་དང་། །ངན་པར་དོགས་པའི་འཁུ་འཁྲིགས་གཉིས། །རིག་སྟོང་གཉུག་མའི་ངང་དུ་གཅིག །སྤང་བླང་བྱ་བའི་ཡུལ་མ་མཆིས། །སྣང་གསུམ་གདོད་ནས་ཆོས་ཉིད་ངང་། །སྐུ་གསུང་ཐུགས་སུ་འདུ་འབྲལ་མེད། །དེ་ལས་རྩལ་དང་རོལ་པའི་ཆོས། །གང་ཡང་དཀྱིལ་འཁོར་གསུམ་དུ་ཤར། །ཨ་ལ་ལ་ཧོ་གུ་རེ་ཡངས། །ཨེ་མ་ཧོ་སྟེ་ཡ་མཚན་ཆེ། །ཞེས་ཀྱང་སྨྲས་སོ། །
ཚོར་བ་བདེ་སྟོང་དུ་ཤར་བའི་བོགས་འབྱིན་གྱི་ཐོལ་གླུ།
ཨ་ཧོ། མཛེས་མཐོང་འདོད་ལྔའི་ཞེན་ཡུལ་རང་སྟོང་དུ་ཤར་བས། །འོད་གསལ་རིག་པའི་ཁྱེའུ་ཆུང་ཤར་གྲོལ་གྱི་རྩེ་འཇོ། །འགྱུ་སྟོང་རང་ཡལ་ཚོར་བ་བདེ་སྟོང་ལ་རོལ་བས། །ཡེ་གྲོལ་འཕོ་འགྱུར་མེད་པའི་གནས་ལུགས་དེ་རྟོགས་བྱུང་། །འདོད་ཅིང་ཆགས་པའི་རྫུན་རིས་གར་སོང་ནི་མི་གདའ། །དྲན་ཤེས་གཉེན་པོས་སྐྱོང་ཡུལ་ཡེ་འབྱམས་སུ་དག་པས། །ཅི་བྱ་བློ་བྲལ་གཤིས་ཀྱི་གནས་ལུགས་ཀྱི་རང་ངོ་། །རྟོག་བྲལ་བདེ་བ་ཆེན་པོར་བསལ་བཞག་དང་བྲལ་འདུག །གཏད་སོའི་འཆིང་བ་དམ་པོའི་ཞེན་འཛིན་དེས་ཅི་བྱ། །རང་བབས་གཤིས་ཀྱི་བཞུགས་ཚུལ་གནམ་ཡན་གྱི་རང་ལུགས། །དུས་གསུམ་རྒྱུན་ཆད་མེད་པའི་ཤུགས་འབྱུང་གི་རང་གཤིས། །རང་བབས་ནང་ནས་འཆར་བ་ཨོ་རྒྱན་གྱི་ཐུགས་རྗེ། །བཞིན་ལེགས་ལང་ཚོའི་མདངས་བཀྲག་དབང་ཤེས་ཀྱི་དགའ་སྟོན། །ཞེན་མེད་རྟོགས་པའི་སྣང་ངོར་དེར་འཛིན་དང་བྲལ་ཡང་། །ཡུལ་རྗེས་རྟོག་པས་ཉུལ་བའི་བག་ཆགས་ཀྱི་རྫུན་རིས། །ནམ་མཁའི་བྱ་རྗེས་ལྟར་རྟོགས་བོགས་འབྱིན་གྱི་རྩེ་མོ། །ཡུལ་ལ་དབང་པོས་རོལ་བའི་རྩེད་འཇོ་ལ་རོལ་ཡང་། །ཡུལ་ཅན་རང་ངོར་དག་པའི་ཆོས་ཉིད་ཀྱི་རྟོགས་ཚད། །ཡིན་མིན་རྩིས་གདབ་བྲལ་བའི་གཤིས་ལུགས་ལ་རེག་པས། །སྣང་བ་དབང་སྒྱུར་སྤྱོད་པ་ཐག་རིང་ན་མི་འདུག །སྣང་རྐྱེན་ཆོས་ཉིད་ཆེན་པོར་དབྱེ་བསལ་ལས་འདས་པས། །གང་ཡང་ལམ་དུ་གྱུར་ལ་སྤང་བླང་ནི་ཅི་ཞིག །ཞེན་མེད་སོ་མར་འཇོག་པ་ཡབ་མེས་ཀྱི་གཤེགས་ཤུལ། །བྱར་མེད་རྣལ་འབྱོར་ང་ཚོས་སྐད་ཅིག་ལ་བསྙེག་འགྲོ། །གོ་ཡུལ་ཉམས་ཀྱི་སྟོང་འུར་དགོས་རྒྱུ་ནི་མི་གདའ། །བློ་བྲལ་རྗེན་ལ་བུད་པ་ཀློང་ཆེན་གྱི་ཐུགས་རྗེ། །རྟོགས་པ་བྱུང་རྒྱལ་ཀློང་རྡོལ་བླ་མ་ཡི་བཀའ་དྲིན། །ད་ནི་ཇི་ལྟར་བྱས་ཀྱང་སྐྱིད་པ་ཞིག་ལགས་མོད། །ཅེས་ཀྱང་བྱུང་རྒྱལ་དུ་སྨྲས་སོ། །
བློ་འདས་རྒྱ་ཡན་གྱི་ཐོལ་གླུ་རིག་པའི་ཁུ་བྱུག་གི་མགྲིན་སྒྲ།
ཨ་ཧོ་ཡེ་ཟང་ཐལ་ལ་སྐྱོང་རྒྱུ་ནི་མི་གདའ། །བློ་འདས་ཀྱི་ཤེས་རིག་རྒྱ་ཡན་དུ་ཁྲོལ་ཁྲོལ། །ཤར་གྲོལ་གྱི་རྟོག་ཚོགས་རང་ཡན་དུ་ཐལ་ལོ། །གནམ་ཡན་གྱི་རང་གཤིས་གཅེར་བུ་རུ་ཆོད་འགྲོ། །ཞི་གནས་དང་ལྷག་མཐོང་རྟོག་བརྟགས་ཀྱི་རི་མོ། །གཞུང་ལུགས་ཀྱི་ལྟ་གྲུབ་རྟོག་དཔྱོད་ཀྱི་འདུ་ལོང་། ཨ་ཧོ་ཡེ་ཆོས་ཟད་རང་མལ་ནས་རྙེད་པས། །བསྒོམ་སྒྲུབ་དང་བློ་རྟོག་ཚི་ཆད་དེས་ཅི་བྱ། །བླང་དོར་དང་ལྟ་བསྒོམ་དོན་མེད་ཀྱི་ངལ་ཁུར། །རེ་འདོད་དང་ཆོས་བརྒྱད་སྨིག་རྒྱ་ཡི་རི་མོ། །གང་དགའ་རུ་བསྐྱུར་དང་རང་ས་ན་དག་འདུག །འདི་བྱ་དང་འདི་བྱེད་ཁྲིགས་ཆགས་ནི་མི་གདའ། །ཐོག་བབས་ཀྱི་བསམ་གཏན་འདུ་འབྲལ་ནི་མི་དམིགས། །རྒྱ་ཡན་གྱི་རང་གཤིས་བཅོས་བསྒྱུར་དང་བྲལ་ལ། ཨ་ཧོ་ཡེ་གུ་ཡངས་སྤྲང་པོ་ངའི་སྐྱིད་པ། །ཆོས་བརྒྱད་ཀྱི་འདུ་ལོང་ཡུལ་ན་ནི་མི་འདུག །མི་མེད་ཀྱི་གངས་སྟོད་རྫ་བྲག་གི་སྐྱིབས་སུ། །གྲོགས་མེད་ཀྱི་སྤྲང་པོ་ཁྲེལ་མེད་དུ་མཆོང་འགྲོ། །ང་བདག་གི་གནས་གཞིའི་མཛའ་གྲོགས་དང་འབྲེལ་འདྲིས། །ཅི་དགའ་རུ་བསྐྱུར་ལ་བྱུང་རྒྱལ་དུ་ཆས་ཤོག ཨ་ལ་ལ། །ནོར་བཟང་ལའོ། །
ན་ཚ་ལམ་ལྷོང་སྐུ་གསུམ་གསལ་འདེབས།
དྲན་པས་གདུང་སེལ་གཞན་ཕན་པ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །རྐྱེན་ལམ་དུ་སློང་བར་བྱིན་གྱིས་རློབས། །ནང་འབྱུང་བཞི་འཁྲུགས་པའི་ཟུག་གཟེར་དང་། །གཤིས་རིག་པའི་ཐིག་ལེ་ཞལ་མཇལ་བས། །རྐྱེན་ཆོས་སྐུར་གྲོལ་བའི་ཉམས་མྱོང་སྐྱེས། །ནད་གདོན་སྤང་བློ་བདག་ལ་མེད། །འབྱུང་བཞི་འདུས་པའི་སྒྱུ་ལུས་འདི། །སྒྱུ་མས་སྤྲུལ་བའི་རྟ་གླང་བཞིན། །སྣང་ཙམ་ཉིད་ལས་རང་ངོར་སྟོང་། །ན་ཚ་ཟུག་རྔུའི་ཡུལ་མ་མཆིས། །ན་བར་འཛིན་པའི་ཀུན་རྟོག་འདི། །འགྱུ་སྟོང་བར་སྣང་བྱ་རྗེས་འདྲ། །སྐྱེས་དང་གྲོལ་བ་དུས་མཉམ་པས། །ན་ཚ་ཟུག་རྔུའི་ཡུལ་མ་མཆིས། །ན་བའི་སེམས་ལ་ཚུར་བལྟས་པས། །ཟང་ཐལ་སྟོན་གྱི་ནམ་མཁའ་འདྲ། །མཁའ་མཉམ་དག་པར་ཕྱམ་གདལ་ལེ། །ན་བ་ཆོས་སྐུའི་གསལ་འདེབས་ཡིན། །ན་མཁན་རྟོག་པ་རྗེན་ཁྲིགས་སེ། །རང་གསལ་ཉག་གཅིག་མཚོན་བརྗོད་འདས། །ན་བ་ལོངས་སྐུའི་གསལ་འདེབས་ཡིན། །ན་བར་འཛིན་པའི་ཀུན་རྟོག་འདི། །ཡོད་ཡོད་འདྲ་ལ་རང་ངོར་སྟོང་། །ཤར་གྲོལ་རང་དག་རྗེན་ཡེར་ཡེར། །ན་བ་སྤྲུལ་སྐུའི་གསལ་འདེབས་ཡིན། །ན་བས་ཚེ་འདིའི་ཞེན་པ་ཆུང་། །ན་བས་དགེ་སྦྱོར་སྲང་ལ་འདེགས། །ན་བས་སྔོན་བསགས་ལས་ངན་འཛད། །ན་ཚ་ཆོས་ཀྱི་བསྐུལ་འདེབས་ཡིན། །ན་བ་རིག་པའི་གྲོགས་སུ་འཆར། །ན་བས་ཉམས་ཀྱི་སྒྲིབ་གཡོག་སྟོར། །ན་བས་རྣལ་འབྱོར་ལྷོང་ལ་འདེགས། །ན་ཚ་ལམ་གྱི་བོགས་འབྱིན་ཡིན། །ན་བས་མི་ཚད་འཆི་བ་ཡང་། །མྱ་ངན་འདས་པའི་བསུ་མ་ཡིན། །འཁྲུལ་བ་ངལ་གསོའི་བསྟི་གནས་ཡིན། །རྟོགས་ན་གདོད་མའི་གྲོལ་ས་ཡིན། །དེ་ལྟར་ན་ཚ་སྐྱེ་འཆི་སོགས། །རྩལ་གྱི་འཆར་ཚུལ་གང་ལ་ཡང་། །བཅས་བཅོས་བྱེད་ན་རྣལ་འབྱོར་མིན། །ན་དགའ་ཤི་སྐྱིད་རྣལ་འབྱོར་ལགས། །བན་སྤྲང་ཡོན་ཏན་མགོན་པོ་བདག །བླ་མ་སངས་རྒྱས་དངོས་དང་མཇལ། །ཟབ་དགུའི་ཉིང་ཁུ་གནད་དུ་ཐོབ། །བསམ་ཞིང་དགའ་སྤྲོ་ནང་ནས་སྐྱེས། །ད་ལྟ་ཤི་ཡང་ཉམ་མི་ང་། །བར་དོ་ལོངས་སྐུའི་བསུ་མ་ཡོད། །འཆི་སྲིད་ཆོས་སྐུའི་ངོ་སྤྲོད་ཡོད། །འཆི་བ་ལམ་གྱི་སྐྱེལ་སོ་ཡིན། །ཞེས་སྨྲས་སོ། །
རྟོགས་གྲོལ་ཤུགས་འབྱུང་གི་དོ་ཧ།
ཨ་ཧོ། ཕྱི་སྣང་བའི་ཡུལ་ལ་བལྟས་ཙ་ན། །བདེན་མེད་རྨི་ལམ་གྱི་ལྟད་མོ་འདྲ། །མེད་ལ་ཡོད་སྣང་གི་འཕྲུལ་འཁོར་འདིས། །འགྲོ་བ་ཀུན་བསླུས་པ་མཚར་རེ་ཆེ། །ནང་འཛིན་པའི་སེམས་ལ་བལྟས་ཙ་ན། །རང་སངས་བར་སྣང་དག་པ་འདྲ། །འགྱུ་མཐོང་རང་ཡལ་གྱི་རྫུན་རིས་འདིས། །བྱིས་པ་འབྲིད་པ་མཚར་རེ་ཆེ། །བར་གཉིས་མེད་རིག་པ་གཡེར་པོ་ཆེ། །བལྟས་པས་མཐོང་བ་འགའ་ཡང་མེད། །ཟང་ཐལ་མཚོན་བརྗོད་ཡུལ་ལས་འདས། །རྟོགས་དང་མ་རྟོགས་རྫུན་དུ་ཟད། །གཤིས་ཀྱི་བཞུགས་ཚུལ་ཡེ་ནས་གྲོལ། །གནད་ཤེས་ཙམ་གྱིས་ཐོག་ཏུ་ཕེབས། །འཁྲུལ་བ་གཞི་ནས་དག་པ་ལ། །ད་གདོད་ལམ་གྱིས་ཅི་ཞིག་སྦྱོང་། །གདོད་མའི་སངས་རྒྱས་གཞན་ཕན་པ། །མ་བཅོས་རིག་པའི་ཀློང་དུ་བཞུགས། །རྟོགས་གྲོལ་བྱིན་རླབས་ཤུགས་ཀྱིས་ཐོབ། །སྣང་སེམས་རིག་སྟོང་རྗེན་པར་གྲོལ། །ལམ་དང་གྲུབ་མཐའི་ཞེ་འདོད་ཟད། །ཆོས་བརྒྱད་ཆུ་རིས་རང་ཡལ་སོང་། །རྐྱེན་རྟོག་ཐམས་ཅད་རིག་པར་དག །ལམ་འཁྱེར་བྱ་བའི་ཡུལ་མ་རྙེད། །རང་བབས་གཤིས་ལ་བཅོས་བསྒྱུར་ཟད། །སྒྲིམ་པོའི་ལྟ་སྒོམ་བྱ་མ་ཤེས། །འཁོར་བ་མཐའ་མེད་ཀྱི་དམ་བཅའ་བུད། །སྨོན་པ་མེད་པའི་གཤིས་སུ་ཕྱིན། །མིང་ལ་ནམ་མཁའི་རྣལ་འབྱོར་ཟེར། །དོན་ལ་རྒྱ་གྲོལ་ཕྱམ་ཕྱམ་གཅིག ཧོ་ཧོ། །
རིག་སྟོང་རང་ཞལ་མཇལ་བའི་རྡོ་རྗེའི་གླུ་དབྱངས།
སྐྱབས་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །དྲིན་འཁོར་ཐབས་མེད་པའི་གཞན་ཕན་པ། །དུས་འདི་ནས་བྱང་ཆུབ་མ་ཐོབ་བར། །སྤྲང་བདག་ལ་བློ་གཏད་ཁྱོད་ལས་མེད། །སྔོན་འཁོར་བ་ཐོག་མེད་དུས་རིང་ནས། །ཚེ་ད་རེས་ཀྱི་དུས་ལ་མ་ཐུག་བར། །སེམས་བློ་བྲལ་གྱི་རང་ཞལ་མཐོང་མ་མྱོང་། །ཡིད་འགྱུ་དྲན་གྱི་འཆིང་བ་བྲལ་མ་མྱོང་། །དུས་ད་རེས་བླ་མའི་བཀའ་དྲིན་གྱིས། །གཤིས་བློ་བྲལ་རིག་སྟོང་རྗེན་པའི་ཞལ། །བློ་གོ་ཡུལ་དང་ཡིད་དཔྱོད་མ་ཡིན་པའི། །ལྷག་མཐོང་རང་གསལ་གྱི་རང་ཞལ་མཇལ། །ཡེ་གྲོལ་རང་སྟོང་གི་ཡིན་ལུགས་ཤེས། །གནས་འགྱུ་ཟང་ཐལ་དུ་དབྱེ་བསལ་མེད། །ཆེད་འཛིན་རྒྱས་འདེབས་ཀྱི་མཁན་པོ་གཏོལ། །ད་འཁོར་བར་འཁྱམས་ཀྱི་དོགས་མ་མཆིས། །ཕ་སྐུ་དྲིན་ཆེའོ་གཞན་ཕན་པ། །ལྷུན་གྲུབ་རང་བབས་ཀྱི་དགོངས་པ་ལ། །འདུ་འབྲལ་མེད་པའི་གདེང་ཚད་སྐྱེས། །ཆོས་ཀུན་ཡེ་སངས་ཡེ་རྒྱས་ལ། །མྱང་འདས་འཐོབ་པའི་རེ་བ་ཟད། །རྗེ་སྐུ་དྲིན་ཆེའོ་གཞན་ཕན་པ། །སྔོན་ཆད་མྱོང་ཤེས་ཀྱི་གོ་ཡུལ་ལ། །འགྱུ་དྲན་གྱི་བྱ་རས་སྐྱོང་བ་ཙམ། །གཉུག་མའི་བཞུགས་ཚུལ་མིན་ནོ་ཞེས། །བླ་མ་སངས་རྒྱས་ཀྱི་ཞལ་ལས་ཐོས། །དུས་ད་ལྟ་བླ་མའི་བཀའ་དྲིན་གྱིས། །རང་བབས་ལྷུག་པའི་བཞུགས་ཚུལ་ཤེས། །བཞག་ཐབས་དང་གཉེན་པོས་གཅུན་པའི་བློ། །ཆུ་རིས་བཞིན་དུ་རང་ངོར་ཡལ། །ལར་ཆོས་ཉིད་ལ་འཕོ་འགྱུར་མེད་ན་ཡང་། །བློས་བྱས་ཀྱི་འཛིན་སྟངས་ཟད་པ་ན། །སྤྲིན་ཐག་ཆད་པའི་ནམ་མཁའ་ལྟར། །རང་གསལ་ཟང་ཐལ་རྗེན་ལ་བུད། །ཉམས་དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། །གླུ་ཤུགས་འབྱུང་མགྲིན་པའི་ལམ་ནས་ཐལ། །རང་རྟོགས་པ་ཁོང་འབར་གྱི་རྡོ་རྗེའི་ཚིག །གྲོགས་དག་སྣང་ཅན་ཚོའི་ཐུགས་ལ་སྟིམས། །ནོར་བཟང་ལའོ། །
བྱར་མེད་རྟོགས་པའི་སྐྱིད་གླུ།
བློ་བྲལ་སེམས་ལས་འདས་པའི་འོད་གསལ་གྱི་ཁང་མཛེས། །མཉམ་རྫོགས་རིག་པའི་ཐིག་ལེ་ཨོ་རྒྱན་གྱི་ཞལ་ཚབ། །བདེ་མཆོག་ལྷན་སྐྱེས་ཕྱག་རྒྱར་དགྱེས་ཉམས་ཀྱི་དུས་སྟོན། །ནམ་ཡང་རྒྱུན་ཆད་མེད་པའི་ངོ་མཚར་ལ་གཟིགས་དང་། །ལྷ་དང་བླ་མའི་བྱིན་རླབས་རྩོལ་མེད་དུ་ཐོབ་པས། །ལྟ་སྒོམ་བཅོས་མའི་ཞེན་པ་གར་སོང་ནི་མི་གདའ། །མ་བཅོས་སོ་མའི་རང་གཤིས་ལྷོད་ཡངས་སུ་འཆར་བས། །ཡིན་རློམ་རྟོགས་པའི་རྒྱས་འདེབས་ཡུལ་མེད་དུ་སངས་ཏེ། །བག་ཡངས་གཅེར་བུར་ཉལ་བའི་སྨྱོན་པ་ངའི་སྐྱིད་པ། །སྣང་ཤེས་ཐད་ཀར་དག་པ་རོ་སྙོམས་ཀྱི་མཐར་ཐུག །སྤང་གཉེན་རང་ངོར་མཉམ་པའི་རྟོགས་ཚད་ལ་རེག་པས། །གང་ཡང་ལམ་དུ་འཆར་ལ་བླང་དོར་ནི་ཅི་ཞིག །རེ་དོགས་དབྱིངས་སུ་དག་པའི་སྨྱོན་པ་ངའི་སྐྱིད་པ། །རྒྱ་ཡན་རང་ས་ཟིན་པའི་ཐོག་བབས་ཀྱི་ཏིང་འཛིན། །རྩོལ་མེད་དགོངས་པའི་བབས་ལ་རང་ཆས་སུ་འདུག་པས། །བློ་བཅོས་ཨ་འཐས་དྲན་པ་གཞི་གྲོལ་དུ་ཕྱམ་ཕྱམ། །རྟོག་མེད་རོ་ཉལ་བྱེད་པའི་སྨྱོན་པ་ངའི་སྐྱིད་པ། །མི་མེད་དབེན་པའི་བྲག་སྐྱིབས་ཡབ་མེས་ཀྱི་ཕ་ཁྱིམ། །ནོར་མེད་སྤྲང་པོའི་ངང་ཚུལ་བྱ་བྲལ་གྱི་རྣལ་འབྱོར། །ཆོས་མེད་ཆོས་ལས་འདས་པ་གྲུབ་བརྙེས་ཀྱི་རྒྱལ་ཐབས། །ཞེན་མེད་སྨྱོན་པ་ངེད་ཚོས་དུམ་ཆོད་དུ་སྐྱོང་འགྲོ། །དགྲ་གཉེན་འདུ་འཛིའི་སྣང་བ་གང་དགའ་རུ་བསྐྱུར་ཐོང་། །ཆགས་སྡང་རྟོག་པའི་རྫུན་རིས་རྗེས་མེད་དུ་དག་པས། །སྣང་ཤེས་འབྲེལ་ཐག་ཆད་པའི་བློ་བྲལ་གྱི་མཁའ་ལ། །རོ་མཉམ་རྟོགས་པའི་ཁྱུང་ཆེན་སྤྲོ་བསྡུ་དང་བྲལ་ལོ། ཨ་ཧོ་ཡེ། གཞི་དབྱིངས་གདོད་ནས་དག་པའི་ཀ་དག་གི་གཤིས་སུ། །གཞི་སྣང་ཡེ་ཤེས་རྒྱ་མཚོའི་སྟོན་འཁོར་གྱི་བཀོད་པ། །མཉམ་ཉིད་མཐའ་གྲོལ་ཆེན་པོར་འཕོ་འགྱུར་དང་བྲལ་བའི། །ལྔ་ལྡན་དག་པའི་ཚོམ་བུ་འདུ་འབྲལ་ནི་མ་དམིགས། །ཡང་ཡེ་རྣམ་ཀུན་མཆོག་ལྡན་རིག་སྟོང་གི་གཤིས་སུ། །རང་རྩལ་རྟོགས་པའི་ཡོན་ཏན་རང་ཆས་སུ་རྫོགས་པས། །ས་ལམ་ངལ་བརྒྱས་བགྲོད་པའི་འབད་རྩོལ་ལ་མ་ལྟོས། །ཆིག་ཆོད་གཞིར་རྫོགས་རྟོགས་པའི་སྨྱོན་པ་ངའི་སྐྱིད་པ། །སྣ་ཚོགས་གྲུབ་མཐའི་དགག་སྒྲུབ་ཡིད་ཡུལ་ན་མེད་ཀྱི། །སྟོང་དང་མི་སྟོང་བློས་བྱས་མིང་འདོགས་དེས་ཅི་བྱ། །རང་བབས་ཟང་ཐལ་གཤིས་ལ་ཡིད་དཔྱོད་ཀྱིས་མ་རེག །བློ་བྲལ་རྗེན་ལ་བུད་པའི་གུ་ཡངས་ངའི་སྐྱིད་པ། །ཚུལ་འདི་སྐུ་གསུམ་སྤྱི་གཟུགས་དྲིན་ཆེན་གྱི་བླ་མས། །དགོངས་བརྒྱུད་རྟོགས་པའི་ཕ་ཕོགས་སྐལ་བཟང་ལ་གནང་བས། །ཐ་སྙད་བཅོས་མའི་གོ་མྱོང་རང་ཞིག་ཏུ་སོང་བའི། །བྱར་མེད་རྟོགས་པའི་སྐྱིད་གླུ་ཤུགས་འབྱུང་དུ་ཐལ་ལོ། །ཞེས་ཀྱང་སྤྲང་སྨྱོན་ཡོན་ཏན་མགོན་པོས་ཡིད་ལ་གང་ཤར་བཅས་བཅོས་མེད་པར་ཉམས་ཀྱི་སྟོང་འུད་དུ་སྨྲས་སོ། །
གཞི་གྲོལ་རིག་སྟོང་རྗེན་པའི་རང་གཤིས་ཡེ་བབས་བརྡ་ཡི་མེ་ལོང་།
ཨ་ཧོ་ཡེ། བློ་བྲལ་རིག་པའི་རང་ངོ་རྗེན་པ་རུ་བུད་པས། །ཆེད་འཛིན་བློ་ཡི་མདུད་པ་རང་ས་ལ་ཞིག་སོང་། །བརྒྱུད་གསུམ་བླ་མའི་བྱིན་བརྒྱུད་ཆིག་རྫོགས་སུ་ཐོབ་པས། །གཏད་མེད་སྨྱོན་པའི་གཤིས་ལ་ཚུལ་འཆོས་ནི་མ་མོས། །གང་བྱུང་ཐད་ཀར་དག་ལ་ལམ་འཁྱེར་ནི་ཅི་ཞིག །ཟང་ཐལ་གྲུབ་བརྒྱའི་གཤེགས་ཤུལ་རྩོལ་མེད་དུ་སྙེགས་སོང་། །དུས་གསུམ་རྒྱལ་བའི་དགོངས་པ་རང་བབས་ལ་རྫོགས་འདུག །བྱས་ཆོས་བཅོས་མའི་ལམ་གྱི་འབད་རྩོལ་དེས་ཅི་བྱ། །སྣང་ཤེས་ཐད་ཀར་གཅོད་པའི་བརྟུལ་ཞུགས་དང་བསྒྲགས་ནས། །ཆོས་ཟད་རྟོག་པའི་མཁའ་ལ་སྐད་ཅིག་གིས་འཕྱོ་འགྲོ། །མ་བསྒོམ་ལྷུན་གྱིས་གྲུབ་པའི་བསམ་གཏན་འདི་དགའ་འོ། །མ་རྩལ་རང་ཆས་རྫོགས་པའི་བྱར་མེད་འདིའི་སྐྱིད་པ། །བློས་བྱས་བཅོས་མའི་ལམ་གྱི་འབད་རྩོལ་དེས་ཅི་བྱ། །རེ་དོགས་མཐའ་ལ་བཅུར་བའི་བྲེལ་ཟིང་དེས་ཅི་བྱ། །བྱར་མེད་གྲུབ་བརྒྱའི་རྒྱལ་ཐབས་ཆོས་ཟད་ཀྱི་རང་མལ། །གཞོན་ཆུང་རྟོགས་པས་ནོན་པའི་ངོ་མཚར་འདི་ཨེ་གཟིགས། །སུ་དང་སུ་མ་མགུ་ཡང་རེ་དོགས་ནི་མི་འདུག །ཕ་གཅིག་བླ་མའི་དགོངས་བརྒྱུད་ལས་ཅན་ལ་འཕོས་པས། །གཡོ་སྒྱུའི་ཚིག་ལ་འཆེལ་བའི་དོགས་གཅོད་ནི་མ་དགོས། །རིག་སྟོང་བླ་མར་རྟོགས་པའི་གུ་ཡངས་ངའི་སྐྱིད་པ། ཨ་ལ་ལ་ཧོ། དགའ་འོ་སྐྱིད་དོ། སྣང་སེམས་ཡེ་གྲོལ། རང་ངག་ཟང་ཐལ། ཁྲེལ་མེད་སྨྱོན་པ། བྱུང་རྒྱལ་ལྷོད་ཡངས། རྗེས་མེད་རང་སངས། འཛེམ་མེད་གཅེར་བུ། བརྗོད་མེད་རྒྱ་ཡན། ཚིག་དང་དཔེ་བྲལ། རྒྱ་གྲོལ་ཕྱམ་ཕྱམ། གཞི་སྟོང་ཁྲོལ་ཁྲོལ། རྗེན་ཤར་སངས་སངས། ཆོས་ཟད་རིག་སྟོང་། གཞི་གྲོལ་ཆོས་སྐུ། །ཞེས་ཀྱང་སྨྲས་སོ། །
སྤྲོས་བྲལ་དོ་ཧའི་རྒྱང་གླུ།
རྟག་ཏུ་མི་གཡོ་སྤྲོས་ཀུན་ཉེར་ཞི་བ། །རང་བཞིན་འོད་གསལ་བློ་ལས་འདས་པའི་དབྱིངས། །སེམས་ཀྱི་རྡོ་རྗེ་དཔལ་ལྡན་བླ་མའི་ཞལ། །དེ་རིང་མཐོང་བས་ད་ནི་བློ་བདེའོ། །སྔོན་ཆད་མོས་གུས་བླ་མའི་རྣལ་འབྱོར་ཞེས། །རྟོག་བཏགས་བཅོས་མའི་མཚན་དཔེར་ཡིད་གཏད་ཀྱང་། །ད་ནི་བླ་མ་སངས་རྒྱས་རང་གི་སེམས། །འདུ་འབྲལ་མེད་པས་གཞན་དུ་ཅི་ཞིག་བསྒོམ། །མོས་གུས་ཉིད་ཀྱང་བླ་མའི་ཞལ་སྐྱིན་ཏེ། །དེ་ལས་གཞན་དུ་གསོལ་གདབ་ཡུལ་མ་རྙེད། །ཆགས་སྡང་ལ་སོགས་ཀུན་རྟོག་གང་དང་གང་། །དེ་རང་ཉིད་དེ་སྤང་གཉེན་དབྱེ་བསལ་མེད། །ད་ནི་སྲིད་པ་མིང་དུ་བཏགས་པ་ཙམ། །ཐམས་ཅད་ཡེ་ནས་ཆོས་སུ་མ་གྲུབ་པས། །ཆོས་ཀུན་ཡེ་ཟད་འཁྲུལ་པ་རུ་ལོག་སྟེ། །རྨི་ལམ་བདོ་འཕྲོ་གཉིད་དང་བྲལ་བ་བཞིན། །ཀྱེ་མ་རྨོངས་པ་དག་གིས་སྲིད་པ་འདིར། །མེད་ལ་ཡོད་མཐོང་དེ་ཉིད་དོན་དུ་ཞེན། །འཁྲུལ་བ་ལས་ཀྱང་ཉིང་འཁྲུལ་ཁོར་མོར་གཡེངས། །ནམ་ཡང་ཐར་བའི་དུས་མེད་སྙིང་རེ་རྗེ། །འགའ་ཞིག་གཞི་མེད་ནམ་མཁའི་མདུད་པ་ལ། །འཆིང་གྲོལ་གཉིས་བཟུང་སྤང་བླང་ཆ་ཆད་པས། །སླར་ལ་འཆིང་ཞིང་རྟོག་པའི་དྲ་བ་འཕེལ། །བློས་བྱས་བཅོས་མར་འཁྱམས་པ་ཉོན་རེ་མོངས། །འགའ་ཞིག་མ་དག་དག་པའི་དཀྱིལ་འཁོར་དུ། །བསྐྱེད་དང་རྫོགས་པའི་ཏིང་འཛིན་མཐུས་བསྒྱུར་དང་། །ཐབས་དང་གྲོགས་ཀྱིས་གཉུག་མའི་ཡེ་ཤེས་འཚོལ། །དོན་མེད་ངལ་བ་རྒྱ་བསྐྱེད་ཨ་རེ་འཁྲུལ། །ངས་ནི་ཆོས་ཀུན་ཡེ་ནས་རང་གྲོལ་བས། །སྤང་བླང་བྱར་མེད་ཐམས་ཅད་ཕྱམ་ཕྱམ་གཅིག །ནམ་མཁའི་མདུད་པ་གཞི་ནས་མ་གྲུབ་པར། །འཆིང་དང་གྲོལ་ཞེས་དམིགས་སུ་མེད་པར་མཐོང་། །གང་ཡིན་ཡིན་ཆུག་རྩོལ་བློས་འཆིང་མི་དགོས། །གང་སྣང་སྣང་ཆུག་བླང་དོར་རྩིས་མ་གདབ། །གང་ཤར་ཤར་ཆུག་དྲན་འཛིན་བློས་མ་འཆིང། །གཏད་མེད་དེ་ཡིན་ངོ་ཤེས་ཁྲོལ་ལ་བསྐྱུར། །ད་ནི་བློ་ཟད་བློ་ཡིས་སོ་མི་ཐུབ། །ཆོས་ཀུན་རང་ཟད་རང་ངོར་འཕོ་འགྱུར་མེད། །ཀ་དག་ལྷུན་གྲུབ་ཟུང་འཇུག་མིང་འདོགས་ཟད། །གཞི་བྲལ་ཆོས་སྐུ་རྒྱ་ཡན་རང་ས་ཟིན། །ད་ནི་སྲིད་དང་ཞི་ལ་རེ་དོགས་ཟད། །ལས་དང་གྲུབ་མཐའ་ཆོས་ཀྱི་ཞེན་པ་ཟད། །ཐམས་ཅད་མཉམ་ཉིད་རྒྱ་གྲོལ་ནམ་མཁའ་འདྲ། །ཚིག་དང་བློ་ཡིས་རྡུལ་ཙམ་མཚོན་དུ་མེད། །ཨ་ལ་ལ་ཧོ་དྲིན་ཅན་ཆོས་ཀྱི་རྗེ། །རྫོགས་པའི་སངས་རྒྱས་གཞན་ཕན་སྣང་བའི་ཞལ། །རང་ལ་བཞུགས་ཀྱང་ད་བར་ཞལ་མ་མཐོང་། །ད་ནི་ནམ་ཡང་འདུ་འབྲལ་མེད་པར་རྟོགས། །བླ་མ་དམ་པའི་ཞབས་པད་ལ་བསྙེན་ནས། །གསེར་གྱི་ཡང་ཞུན་ལྟ་བུའི་ཟབ་དོན་ཆོས། །ཐོབ་པའི་འབྲས་བུ་ད་རེས་མངོན་དུ་གྱུར། །ད་ནི་ཇི་ལྟར་བྱས་ཀྱང་སྐྱིད་པ་ལགས། །ཁོ་བོ་སྙན་ཚིག་སྡེབ་སྦྱོར་མི་མཁས་ཤིང་། །འཆད་དང་རྩོམ་ལ་ཤིན་ཏུ་བློ་རྟུལ་ཡང་། །འདི་འདྲའི་སྐལ་བཟང་ཐོབ་པའི་མོད་ཉིད་ནས། །ཤུགས་འབྱུང་སྐྱིད་གླུ་རང་དབང་མེད་པར་བླངས། ཧ་ཧ། །ཞེས་ཀྱང་དབང་མེད་དུ་ཁ་ནས་ཤོར་སོང་། །
རེ་དོགས་འཛིན་པ་ཟད་པའི་སྣང་གླུ།
སྤང་བླང་བྲལ་བའི་ཆོས་ཉིད་གཤིས། །མཉམ་ཉིད་རིག་སྟོང་ཐིག་ལེ་དང་། །འདུ་འབྲལ་མེད་པའི་བླ་མ་ལ། །རང་ཞལ་མཇལ་བའི་ཕྱག་གིས་འདུད། །ཀྱེ་ཧོ་གསོན་དང་སྣང་སྲིད་མགྲོན། །བདག་ནི་སྒྱུ་མའི་རྣལ་འབྱོར་ཏེ། །བླང་དོར་ཆོས་ལ་རག་མ་ལས། །རེ་དང་དོགས་པའི་འཛིན་པ་ཟད། །ལྷ་ལ་དངོས་གྲུབ་རེ་བ་མེད། །འདྲེ་ལ་བར་ཆད་དོགས་པ་ཟད། །བསྙེན་སྒྲུབ་ཆོ་གའི་སྤྲོས་པ་ཞིག །ཡས་མཆོད་འདྲེ་གདོན་བྱ་མ་དགོས། །ཕོ་གདོན་རྒྱལ་འགོང་ཟེར་བ་དེ། །གསལ་སྟོང་ཡེ་ཤེས་སྒྱུ་མའི་ལྷ། །གདོད་མའི་མགོན་དང་གཉིས་སུ་མེད། །བྱིན་རླབས་དངོས་གྲུབ་ཀུན་གྱི་གཞི། །མོ་གདོན་འདྲེ་མོ་ཟེར་བ་དེ། །དབྱིངས་ཆེན་ཀུན་ཏུ་བཟང་མོའི་ཞལ། །ཡེ་སྟོང་བློ་ལས་འདས་པ་ནི། །འཁོར་འདས་ཀུན་གྱི་ཡུམ་ཞེས་བྱ། །བར་ཆད་སྣ་ཚོགས་ཟེར་བ་དེ། །ལྷ་དང་མཁའ་འགྲོའི་བྱིན་རླབས་ལས། །ཉམས་དང་རྟོགས་པའི་རྩལ་སྦྱོང་དུ། བོགས་འདོན་ཕ་ཕོགས་སྩལ་པ་ལགས། །དེས་ན་སྣང་སྲིད་ལྷ་འདྲེ་དང་། །བྱད་ཕུར་རྦོད་གཏོང་ལ་སོགས་པ། །ཐམས་ཅད་ལམ་གྱི་གྲོགས་སུ་ཤར། །རྐྱེན་བཟློག་རིམ་གྲོས་ཅི་བྱར་ཡོད། །རྟོགས་ན་ཐམས་ཅད་ལྷ་ཡིན་ཏེ། །ངེས་པར་མཆོག་གི་དངོས་གྲུབ་སྟེར། །མ་རྟོགས་ལྷ་ཡང་བདུད་དུ་བབ། །ལོག་ལམ་བསྒྱུར་ཞིང་གནོད་པར་བྱེད། །རྟོགས་དང་མ་རྟོགས་ཟེར་བ་དེ། །བློ་རྩོལ་ཅན་ལ་བླ་དྭགས་ཏེ། །སྣང་སེམས་ཡེ་གྲོལ་ཆེན་པོ་ལ། །རྟོགས་དང་མ་རྟོགས་དབྱེ་བསལ་མེད། །གཞིར་བཞག་ཆོས་ཉིད་ཆེན་པོ་ལ། །སུས་ཀྱང་མ་བཅོས་བཅོས་སུ་མེད། །བློ་བྲལ་ཐིག་ལེ་ཉག་གཅིག་ཏུ། །བྱ་རྩོལ་བྲལ་བ་ཨེ་མ་ཧོ། །
ལྟ་བ་ཁྱུང་ཆེན་གཤོག་རླབས།
སངས་རྒྱས་ཀུན་དངོས་བླ་མ་རྗེ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་མོས་པའི་རྗེས་འཇུག་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བུ་ཐ་མལ་ཤེས་པ་བློ་བྲལ་ལ། །ཆེད་འཛིན་ཞེན་པས་མ་འཆིང་བར། །ཟང་ཐལ་རང་གི་གཤིས་ལུགས་སུ། །བཅས་བཅོས་མེད་པར་རང་སོར་ཞོག །བུ་དགག་སྒྲུབ་རྣམ་རྟོག་ཅི་སྐྱེས་ཀྱང་། །ཨ་འཐས་བླང་དོར་མ་བྱེད་པར། །བར་སྣང་དག་པའི་བྱ་རྗེས་བཞིན། །རང་ངོ་རང་དག་ཤེས་ཏེ་ཞོག །བུ་ཆེད་དུ་དམིགས་པ་ཡོད་ཕྱིན་ཆད། །བདེ་གསལ་མི་རྟོག་གང་སྐྱེས་ཀྱང་། །ཨ་འཐས་ཉམས་ཀྱི་ཤུན་པ་སྟེ། །ཞེན་ན་འཁོར་བའི་གཏིང་རྡོ་བྱེད། །བུ་གཏད་སོའི་སྲོག་དང་བྲལ་བའི་ཚེ། །དྲན་བྱ་དྲན་བྱེད་གཉིས་མེད་པས། །དྲན་པ་རང་གྲོལ་ཆོས་སྐུའི་ངང་། །རྩིས་མེད་ཐ་མལ་སྐྱོངས་ཤིག་ཨང་། །བུ་ཆོས་བརྒྱད་འཇའ་ཚོན་རི་མོ་ལ། །བདས་པས་ཟིན་པ་འགའ་ཡང་མེད། །གང་བྱུང་རེ་དོགས་མེད་པའི་ངང་། །རྗེས་མཐུད་བླང་དོར་བྲལ་བར་ཞོག །བུ་མཐའ་བྲལ་བློ་ཡི་གོ་བ་ཙམ། །གནས་ལུགས་རྟོགས་པ་མ་ལགས་ཀྱི། །ངེས་ཤེས་སྙེམས་ཀྱི་འཛིན་སྟངས་གྲོལ། །གར་བབས་གནམ་ཡན་སྐྱོངས་ཤིག་ཨང་། །བུ་གཤིས་ཀྱི་ཡིན་ལུགས་ཤེས་པ་ཙམ། །རྟོགས་པ་ཀློང་གྱུར་མ་ལགས་ཀྱི། །དུས་བཞི་ཆོས་ཉིད་འཁོར་ལོའི་ངང་། །མཉམ་རྗེས་ཟང་ཐལ་སྐྱོངས་ཤིག་ཨང་། །བུ་ཁ་ལ་འཁྱེར་བའི་ལོ་འདོད་ཙམ། །ལྟ་བའི་མཐར་ཐུག་མ་ལགས་ཀྱི། །མཚོན་བརྗོད་བྲལ་བའི་རང་ངོའི་ཆ། །ལུང་མ་བསྟན་དང་ཁྲོལ་ལ་ཞོག །བུ་རེས་འགའ་གཉེན་པོས་འཆུན་པ་ཙམ། །ཤར་གྲོལ་རྟོགས་པ་མ་ལགས་ཀྱི། །ཡེ་སྟོང་ཕྱམ་གྲོལ་ཆེན་པོ་རུ། །སྐྱེ་འགགས་བྲལ་བར་རང་ས་ཟུང་། །བུ་ང་དག་ང་ཅིག་མི་ཟེར་ཏེ། །ང་ནི་བྱ་རྒྱལ་ཁྱུང་གི་བུ། །སྒྲོ་གཤོག་རྩེ་སྒྲོ་མཐའ་ནས་རྒྱས། །སྟོང་པའི་ནམ་མཁའ་རླབས་ཀྱིས་གཅོད། །བུ་ང་དག་ང་ཅིག་མི་ཟེར་ཏེ། །ང་འདྲ་བྱར་མེད་སྨྱོན་པའི་བུ། །སྣང་བ་དུམ་ཆོད་ཐེག་པའི་རྩེ། །ཉམས་དང་རྟོགས་པའི་རྩལ་ཆེན་རྫོགས། །ཆོས་ཉིད་རྟོགས་ཚད་ཐད་ཀར་འཁྱེར། །རྗེས་མཐུད་ཁྲིགས་ཆགས་ཡོད་རེ་སྐན། །དེ་སྔ་བཅོས་མའི་སྤྱོད་པས་བསླུས། །ད་ནི་རེ་དོགས་ཡུལ་སྟོང་པས། །ཆོས་ལ་བྱ་རུ་མེད་པར་རྟོགས། །བྱར་མེད་ཡན་པ་བློ་བདེ་ཡིན། །ཞེས་ཀྱང་ཉམས་མཚར་དུ་སྨྲས་སོ། །
རང་ཤར་རིག་པའི་བྲོ་གླུ།
རྒྱལ་བ་ཀུན་དང་དབྱེར་མེད་ཅིང་། །བཀའ་དྲིན་གཞལ་དུ་མེད་པ་ཡི། །ཆོས་རྗེ་བླ་མའི་ཞབས་ལ་འདུད། །རྟག་ཏུ་བདག་རྒྱུད་བྱིན་གྱིས་རློབས། །རང་བཞིན་བློ་འདས་སེམས་ཀྱི་གཤིས། །བརྗོད་བྲལ་ནམ་མཁའ་ལྟ་བུའི་དོན། །བླ་མའི་དྲིན་གྱིས་དངོས་སུ་རྟོགས། །ད་ནི་གང་ཡང་ལམ་དུ་ཤར། །ནད་ཀྱང་རིག་པའི་རྩལ་སྦྱོང་སྟེ། །ན་བར་འཛིན་པའི་རང་གི་སེམས། །ལྟོས་དང་ཟང་ཐལ་རྗེན་ཁྲིགས་སེ། །རང་བབས་ཕྱལ་བར་བསལ་བཞག་བྲལ། །བགེགས་ཀྱང་བླ་མའི་ངོ་བོར་ཤར། །བར་ཆད་ལམ་གྱི་བོགས་འབྱིན་ཏེ། །རྟོགས་པ་ཚད་ལ་ཕེབས་པའི་གྲོགས། །དངོས་གྲུབ་ཀུན་གྱི་མཚམས་སྦྱོར་ཡིན། །བཟང་པོར་རེ་བའི་ཞེན་པ་དང་། །ངན་པར་དོགས་པའི་འཁུ་འཕྲིག་གཉིས། །ཡེ་སྟོང་རིག་པའི་གཤིས་སུ་གཅིག །བླང་དོར་རིས་ཆད་ཅི་ལ་བྱེད། །ཡོད་པར་འཛིན་པའི་ཨ་འཐས་དང་། །མེད་པར་འཛིན་པའི་སྟོང་ཞེན་གཉིས། །བློས་བྱས་བཅོས་མའི་ཆོས་སུ་མཉམ། །རྟོག་བློས་དགག་སྒྲུབ་ཅིའི་ཕྱིར་བྱེད། །བདེ་ཞིང་སྐྱིད་པའི་སྣང་ཚུལ་དང་། །སྡུག་བསྔལ་ཟུག་རྔུའི་ཚོར་བ་གཉིས། །བླང་དོར་བྲལ་བའི་གཤིས་སུ་གཅིག །སྤང་བླང་རེ་དོགས་གང་ལ་བྱེད། །ད་ནི་གང་བྱུང་རིག་པའི་གྲོགས། །གང་ལྟར་བྱས་ཀྱང་ཆོས་ཉིད་ངང་། །ཇི་ལྟར་རྟོགས་ཀྱང་ཆོས་སྐུའི་རྩལ། །བླང་དོར་བྱ་བའི་ཡུལ་མ་མཆིས། །འཁོར་བ་མིང་གི་བླ་དྭགས་ཙམ། །སྤང་བྱའི་ཆོས་ཞེས་རྡུལ་ཙམ་མེད། །མྱང་འདས་གཞི་ལ་ཡེ་རྫོགས་པས། །ད་གཟོད་འཐོབ་བྱའི་རེ་བ་རྫུན། །ཀློང་ཆེན་ཆོས་རྗེའི་བུ་རྒྱུད་ལ། །ཉམས་རྟོགས་མི་སྐྱེ་དབང་མ་མཆིས། །ཡུན་རིང་ལོ་ཟླའི་བྱས་ཡུས་ལ། །ལྟོས་མིན་རྟོགས་གྲོལ་དུས་མཉམ་བྱུང་། །ཨ་ལ་ལ་ཧོ་གུ་རེ་ཡངས། །ཨེ་མ་ཧོ་སྟེ་ཉམས་རེ་དགའ། །སྐྱིད་པའི་ཞབས་བྲོ་བརྡུངས་པ་དང་། །ཆབས་ཅིག་རྡོ་རྗེའི་གླུ་འདི་བླངས། །རྟོགས་པ་ཉིད་ཅེས་མངོན་རློམ་མེད། །གོ་ཡུལ་ཉམས་ལ་རག་མ་ལས། ཧོ་ཧོ། །ཞེས་ཀྱང་ཉམས་མཚར་ཁ་ལ་གང་བབས་བྲིས་པ་ལགས། །
ཤུགས་འབྱུང་རྟོགས་པའི་སྐྱིད་གླུ།
ཨ་ཧོ། གཞི་དབྱིངས་སྤྲོས་དང་བྲལ་བ་འོད་གསལ་གྱི་ཁང་བཟང་། །གཞི་སྣང་རིག་པའི་ཐིག་ལེ་ཨོ་རྒྱན་གྱི་རྒྱལ་ཚབ། །རང་གྲོལ་རྟོག་པའི་འདུ་འཕྲོ་རིག་འཛིན་གྱི་ཚོམ་བུ། །མ་བཅོས་ལྷུན་གྱིས་གྲུབ་པའི་ངོ་མཚར་འདིའི་དགའ་བ། །ཚོགས་དྲུག་ཕྱལ་བའི་ཡེ་ཤེས་དགག་སྒྲུབ་ནི་མ་དམིགས། །ཡུལ་དྲུག་ཆོས་ཉིད་ཟང་མ་སྤང་བླང་ལས་འདས་པ། །བློ་བྲལ་མཉམ་ཉིད་ཆེན་པོའི་རང་གཤིས་སུ་སྐྱུར་དང་། །ལྟ་སྒོམ་བཅོས་མའི་རེ་དོགས་དགོས་ཚོད་ནི་མི་གདའ། །ངེད་ཅག་ཀློང་ཆེན་བརྒྱུད་པའི་ཁྱད་ཆོས་འདི་ཨེ་དགོངས། །ཐོལ་སྐྱེས་ཉམས་ཀྱི་ཤུན་པ་གར་སོང་ནི་མི་གདའ། །ཟང་ཐལ་རྟོགས་པའི་རང་བཞིན་འཕོ་འགྱུར་དང་བྲལ་འདུག །སྣ་ཚོགས་སྤྲོས་པ་མང་པོའི་མིང་འདོགས་ལས་འདས་ཀྱང་། །ཤུགས་འབྱུང་རྟོགས་པའི་སྐྱིད་གླུ་འགོག་ཐབས་ནི་མི་འདུག །གུ་ཡངས་ཡན་པ་བློ་བདེའི་སྣང་ཤེས་འདི་སྐྱིད་པ། །སྣང་བ་ཐད་ཀར་གཅོད་པའི་གླུ་ཆུང་དང་བསྒྲགས་ནས། །ཐབས་ཤེས་འདུ་འབྲལ་མེད་པའི་ཞབས་བྲོ་ཞིག་བརྡུང་དང་། །གཞོན་ཆུང་འདུན་མ་ལེགས་པའི་རྩེ་མོ་རུ་ཕྱིན་འདུག །ལྔ་ལྡན་པདྨ་དྲྭ་བ་སྐུ་གསུམ་གྱི་ཞིང་ཁམས། །རིག་འདུས་མཚོ་སྐྱེས་རྒྱལ་བའི་ཞབས་དྲུང་དུ་ཕེབས་དང་། །དབྱིངས་ཕྱུག་མ་བརྒྱའི་གཙོ་མོ་མཁར་ཆེན་གྱི་མཚོ་རྒྱལ། །གཞོན་ཆུང་སྐྱོ་བ་སངས་པའི་བསུ་མ་ལ་ཕེབས་འོང་། །དྲིན་ལ་འཁོར་ཐབས་མེད་པའི་དྲིན་ཆེན་གྱི་བླ་མ། །འབྲལ་མེད་བདེ་ཆེན་འཁོར་ལོར་རྣམ་ཀུན་ཏུ་བཞུགས་ནས། །མཆོག་ཐུན་ཕུན་སུམ་ཚོགས་པའི་དགའ་སྟོན་ཞིག་སྩོལ་དང་། །ངེད་ཅག་སྐྱིད་པའི་ཞབས་བྲོ་ཆོས་ཕྱོགས་སུ་བསྒྱུར་འགྲོ། །ཐ་རམ་སྙིང་ལ་གབ་པའི་གསང་གཏམ་ནི་མ་རྡོལ། །དབྱིངས་ཕྱུག་མ་བརྒྱའི་ཐུགས་ཐིག་གལ་ཆུང་ནི་མ་མཛད། །རང་ཚུལ་རྗེན་པར་སྟོན་ལ་ལེགས་རྒྱུ་ཞིག་མེད་པས། །སྨྲ་འདོད་བརྗོད་པའི་ངག་སྒྲོས་དེ་ཙམ་དུ་བྱས་སོ། །ཞེས་ཐོལ་བྱུང་གི་གླུ་ཆུང་འདི་ཡང་སྤྲེལ་ཟླའི་ཚེས་བཅུའི་དུས་ཆེན་ཉིན། གཞོན་ནུ་འཇིགས་མེད་ཡོན་ཏན་མགོན་པོས་གང་ཤར་བཅས་བཅོས་མེད་པར་བྲིས་སོ། །
མི་འཇིགས་སེང་གེའི་སྒྲ་དབྱངས།
ཀྱེ་ཧོ། ཆོས་ཀུན་བདེན་མེད་རྨི་ལམ་སྣང་བ་འདྲ། །འཁོར་དང་མྱང་འདས་བླང་དོར་བྱར་མེད་ཀྱང་། །བྱིས་པའི་བློ་ལ་དགག་སྒྲུབ་རིས་ཆད་དུ། །སྣང་བས་དོན་མེད་རྩོལ་བའི་ནད་ཀྱིས་གདུང་། །ཡུལ་མེད་ཡེ་སྟོང་ཆོས་ཉིད་ཡངས་པའི་མཁར། །སྤྲོས་པའི་ཆོས་ཀུན་རང་གི་མལ་དུ་ཞིག །སྤང་གཉེན་ཞེན་པས་ད་གཟོད་ཅི་བྱར་ཡོད། །བྱར་མེད་གཤིས་སུ་རང་བབས་ཆེན་པོར་ཞོག །ནམ་མཁའི་མདུད་པ་སོར་མོས་བཤིག་བརྩོན་ལྟར། །ཡེ་གྲོལ་ཆོས་ལ་གཉེན་པོས་ཅི་བྱར་ཡོད། །ཞེན་པའི་རང་ངོ་ཡེ་དག་རིག་སྟོང་གི ། རང་ཞལ་རྗེན་པར་ཕྱམ་ཕྱམ་ཁྲོལ་ལེར་ཞོག །རྟོགས་དང་མ་རྟོགས་བློ་ཡི་རི་མོ་སྟེ། །གཤིས་ཀྱི་གནས་ལུགས་བློ་བྲལ་ཟང་ཐལ་བ། །རྟོགས་བྱ་རྟོགས་བྱེད་ཆོས་བྱས་རྡུལ་ཙམ་ཡང་། །གྲུབ་པ་མེད་ཀྱི་རྟོགས་བློའི་ཉམས་དང་ཁྲོལ། །རྟོགས་པས་གྲོལ་དང་མ་རྟོགས་འཁྲུལ་ཞེས་པའི། །རྣམ་བཞག་འདི་ཡང་བྱིས་བློའི་སྤྱོད་ཡུལ་དུ། །བརྡའ་ཙམ་ལགས་ཏེ་གཞི་གྲོལ་རིག་སྟོང་ལ། །འཆིང་གྲོལ་གཉིས་མེད་རང་འཚང་རྒྱ་དང་བྲལ། །ཀྱེ་མ་ཉམ་ཐག་འགྲོ་འདི་ཡོངས་རེ་འཁྲུལ། །རང་གི་བློ་ཡིས་འཁྲུལ་བ་ལྷུར་བླངས་ཏེ། །རང་ཉིད་འཆིང་བ་དར་གྱི་སྲིན་བུ་བཞིན། །བརྟགས་ཤིང་ངོ་མཚར་དགོད་བློའི་སྣང་བ་འཆར། །ཞིང་འདི་རྔ་ཡབ་དཔལ་གྱི་རི། །མགོན་འདི་མཚོ་སྐྱེས་པདྨའི་ཞལ། །འཁོར་འདི་ལས་ཅན་དག་པའི་འཁོར། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །བརྒྱུད་པ་གསུམ་གྱི་བླ་མ་ཀུན། །ད་ལྟ་བདག་དང་གཉིས་སུ་མེད། །བརྒྱུད་གསུམ་གུ་རུའི་ཞལ་ཚབ་ནི། །ཡོན་ཏན་མགོན་པོ་ཞེས་སུ་གྲགས། །སྔོན་ཆད་ལས་ལ་འབད་ཀྱང་འབད། །མཆོག་ཐུན་འབྲས་བུ་འཐོབ་ཏུ་རེ། །ད་ལྟ་མ་སྒྲུབ་རང་ལས་རྙེད། །བྱ་རྩོལ་ཆོས་ལ་ལྟོས་མ་དགོས། །སྣང་སེམས་ཆོས་ཉིད་ཆེན་པོ་རུ། །ཡེ་ནས་དུ་མ་རོ་གཅིག་འདི། །བཤད་མཁན་ཤིན་ཏུ་མང་མོད་ཀྱང་། །རྟོགས་པ་བྱར་མེད་བློ་བདེ་ཙམ། །འཆི་བདག་བདུད་ཀྱི་གཡུལ་ལས་རྒྱལ། །མི་ཤིགས་རྡོ་རྗེའི་སྲོག་ཏུ་གྲུབ། །འཆི་མེད་མགོན་དང་གཉིས་སུ་མེད། །སྐྱེ་འཆིའི་མཚན་མ་གཞི་ལ་དག །ང་རང་ཐོག་མའི་རྒྱལ་བ་དང་། །སྐལ་བ་མཉམ་ཞེས་ཁོ་བོས་རྟོགས། །སངས་རྒྱས་ཡོན་ཏན་མགོན་པོ་ཞེས། །ཕྱོགས་བཅུ་ཀུན་ན་རབ་ཏུ་གྲགས། ཨ་ལ་ལ་ཧོ། །
ལམ་ཁྱེར་རྟོགས་པའི་མྱོས་གླུ་མི་ཤིགས་རྡོ་རྗེའི་དོ་ཧ།
ཨ་ཧོ། ཕ་དྲིན་ཆེན་གྱི་སངས་རྒྱས་མཚོ་སྐྱེས་རྗེ། །མ་ཌཱཀྐིའི་རྗེ་མོ་མཁར་ཆེན་བཟའ། །ངས་དེ་རིང་དྲན་ནས་ཚུགས་ཐབས་མེད། །ལྗོངས་ཁ་བ་ཅན་གྱི་རྒྱལ་ཁབ་ཏུ། །བདག་གཅིག་པུར་འཁྱམས་པ་མི་གཟིགས་སམ། །དྲིན་ཆེན་གྱི་སངས་རྒྱས་ཡབ་ཡུམ་གཉིས། །བདག་ཚེ་མཐར་གཏུགས་པའི་དུས་བྱུང་ཚེ། །གནས་རྔ་ཡབ་གླིང་ནས་མངོན་སུམ་དུ། །མི་ཁོ་བོའི་བསུ་མར་ལོས་ཀྱང་ཕེབས། །ལར་དུས་ངན་གྱི་སྐྱེ་བོ་ལོག་ལྟ་ཆེ། །གང་བྱས་ཀྱང་གཞན་ལ་ཕན་པར་དཀའ། །འབྱུང་འཁྲུགས་ཀྱི་རྐྱེན་ངན་ཚ་ངར་ཆེ། །གང་ལྟར་ཡང་སྐྱོ་ཤས་ཀྱི་སྣོན་མར་བྱུང་། །དེ་བྱུང་ཡང་རྡོས་བཅས་ཀྱི་ཕུང་པོ་འདི། །དུམ་བུ་སྟོང་དུ་ཞིག་ཀྱང་རུང་། །ཕ་སངས་རྒྱས་ཁྱེད་ཀྱི་བཀའ་བཞིན་དུ། །ད་དུང་ཡང་སྙིང་ལ་རུས་པ་བསྐྱེད། །ཕས་རྔ་ཡབ་གླིང་ནས་ཐུགས་རྗེས་གཟིགས། །གློ་བུར་གྱི་རྐྱེན་ངན་རང་སར་ཞི། །ཕ་ཁྱེད་ཀྱི་འཕྲིན་ལས་གང་དང་གང་། །ལུས་སྲོག་ལྟོས་མེད་དུ་བསྒྲུབ་པ་ལ། །བར་ཆད་མེད་པར་ཐུགས་རྗེས་ཟུང་། །ཕྱི་འབྱུང་འདུས་ཀྱི་འཕྲུལ་འཁོར་སྒྱུ་མའི་གྲོང་། །ནང་ཚོགས་དྲུག་གི་གཡོ་འཕྲུལ་གཟུགས་བརྙན་འདྲ། །གང་ཡང་བདེན་མེད་དུ་ཕྱམ་མཉམ་པས། །བླང་དོར་དང་རེ་དོགས་ཅི་ལ་བྱེད། །རིག་སྟོང་ལ་བདེ་སྡུག་མཐའ་ལས་འདས། །བློ་བྲལ་ལ་འདི་ཡིན་གྱི་རྩིས་གདབ་མེད། །ད་འཁོར་བ་མིང་དུ་ཟད་པ་ལ། །བཅས་བཅོས་དང་རྩོལ་སྒྲུབ་ཅིའི་ཕྱིར་བྱེད། །ཕ་རྫོགས་པའི་སངས་རྒྱས་གཞན་ཕན་པས། །སྣང་སྲིད་ཆོས་སྐུར་ངོ་སྤྲད་དེ། །རྗེ་སངས་རྒྱས་དེ་ཡི་བཀའ་དྲིན་གྱིས། །ད་ལྟ་བློ་བདེ་ཁོང་ནས་འབར། །ནད་གདོན་གྱིས་མནར་བའི་ཟུག་རྔུ་དང་། །བདེ་གསལ་གྱི་ཉམས་རྟོགས་འཆར་སྒོ་གཉིས། །རྣལ་འབྱོར་ལ་རོ་མཉམ་གཅིག་ཏུ་འཆར། །སྤང་བླང་དང་རེ་དོགས་བྱ་མ་དགོས། །དགའ་འོ་སྐྱིད་དོ་བློ་བྲལ་གྱི་ངང་། །བདེའོ་གསལ་ལོ་སྟོང་ཆེན་གྱི་དབྱིངས། །ལར་རང་མཐོང་དང་ང་རྒྱལ་མ་ལགས་ཏེ། །གང་ཡང་ལམ་དུ་ཁྱེར་བ་འདི། །ངེད་ཀློང་ཆེན་བརྒྱུད་པའི་ཁྱད་ཆོས་ཡིན། །ཐུགས་ལ་འཕྲོད་དམ་རྣལ་འབྱོར་པ། །ཞེས་ཀྱང་ཉམས་མཚར་དུ་ཕུལ། །
གཅེར་མཐོང་གནད་ཀྱི་མན་ངག་གསང་རྒྱ་ཅན།
བླ་མ་ལ་ཕྱག་འཚལ་ལོ། གདོད་ནས་ཡེ་སྟོང་ཀ་དག་ཆོས་ཀྱི་སྐུ། །རང་གསལ་ལྷུན་འབྱམས་ཁྱབ་བདག་ལོངས་སྤྱོད་རྫོགས། །མ་འགགས་རང་རྩལ་ཤར་གྲོལ་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མར་འདུད། །ཀྱེ་ཧོ་འཁོར་དང་མྱ་ངན་འདས་པ་ཞེས། །གཉིས་ལྟར་སྣང་ཡང་གཉིས་སུ་མ་གྲུབ་སྟེ། །མ་སྐྱེས་རྩ་བྲལ་རིག་སྟོང་རྗེན་པའི་ངང་། །འཆར་ཚུལ་མ་འགགས་མེ་ལོང་གཟུགས་བརྙན་འདྲ། །སྣང་བཞིན་པ་ན་ངོ་བོ་འགའ་མེད་པས། །ཤར་སྣང་གང་ཡང་ཡེ་ནས་གྲོལ་བར་མཐོང་། །མཐོང་ཞེས་བརྗོད་པའང་ཀུན་རྫོབ་བརྡའ་ཙམ་སྟེ། །དོན་ལ་མཐོང་བྱ་མཐོང་བྱེད་ཆོས་སུ་མེད། །དེ་ལྟར་རྟོགས་ན་བླང་དོར་ཆོས་མེད་དེ། །རིག་པའི་རང་བཞིན་མཁའ་མཉམ་ཕྱམ་གདལ་བ། །འདི་ཞེས་མི་མཚོན་ངོས་བཟུང་ཆོས་ལས་འདས། །རང་བབས་ཉིད་ལས་སུས་ཀྱང་འཆོས་སུ་མེད། །ངོ་བོ་མེད་ལ་རྟོག་པས་ཅི་ཞིག་འཇལ། །རང་བཞིན་མ་འགགས་སོ་སོར་རིག་པའི་གདངས། །གང་གིས་མ་སྒྲིབ་སྟོང་གསལ་ཆེན་པོར་འཁྱིལ། །རྟོགས་པའི་དོན་ཞེས་རིས་སུ་ཆད་པ་མེད། །ཆོས་ཀུན་དེ་ཡིན་དེ་ལས་ལོགས་ན་མེད། །དྲན་འཛིན་གཉེན་པོས་བསྐྱང་བྱ་རྡུལ་ཙམ་མེད། །རང་བཞིན་བབས་ལ་རྩོལ་བློས་ཅི་ཞིག་བྱ། །འཛིན་མེད་ཕྱམ་ཡངས་བར་སྣང་དག་པ་འདྲ། །སྟོང་དང་གསལ་ཞེས་ཕྱོགས་རེའི་མིང་འདོགས་ཀྱང་། །དང་པོའི་ལས་ཅན་རྗེས་སུ་འཛིན་པའི་ཐབས། །བསྟན་པར་ཟད་ཀྱི་གཉུག་མའི་རང་བཞིན་ལ། །ཚིག་དང་ཡི་གེའི་མཚོན་བྱ་རྡུལ་ཙམ་མེད། །ཐམས་ཅད་ཡེ་སྟོང་རང་སྟོང་ངོ་བོས་སྟོང་། །སྟོང་ཞེས་བརྡའ་ཙམ་བཏགས་པའི་ཆོས་སུ་མེད། །མེད་པའི་གནས་ལུགས་ལྐོག་ཏུ་མ་གྱུར་པར། །བླ་མའི་དྲིན་གྱིས་མངོན་སུམ་རྟོགས་པར་སྙམ། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཡིན་མིན་ཚིག་ལ་རེ་དོགས་རྡུལ་ཙམ་མེད། །འཛིན་ཞེན་མེད་པའི་ལུང་པ་སྟོང་པ་རུ། །རིག་པའི་ཁྱེའུ་ཆུང་ཅི་དགར་ཡན་པས་ཆོག །འཁྲུལ་བ་རང་ཟད་ཡེ་གྲོལ་ཕྱམ་གཅིག་པས། །ད་ནི་ལམ་དང་འབྲས་བུའི་ཞེན་པ་ཟད། །འབད་དང་རྩོལ་བའི་འཆིང་བས་སུ་ལ་ཅི། །དགག་དང་སྒྲུབ་པའི་བློ་རྟོག་གང་དགར་ཐོང་། །གཏད་མེད་ཡུལ་ལ་འཛིན་མེད་སྣང་བ་ཤར། །ངེས་མེད་ཐོད་བརྒལ་བྱ་བྱའི་ཆོས་ལས་འདས། །འདི་ཡིན་གཟའ་གཏད་མེད་པས་ཉམས་རེ་དགའ། །མིང་དང་བརྗོད་པས་ཕྱོགས་ཙམ་མི་མཚོན་པའི། །གཅེར་བུ་རྒྱ་ཡན་སྐྱོང་དུ་མེད་པ་འདི། །ཆོས་རྣམས་ཀུན་གྱི་གནས་ལུགས་ཟང་མ་ཡིན། །རྟོགས་དང་མ་རྟོགས་བློ་ཡི་རི་མོ་སྟེ། །ཡེ་ནས་ཡིན་ལ་རྟོགས་པས་བསྐྱང་དུ་མེད། །འཛིན་ཞེན་སེམས་ཀྱི་གཏད་ཡུལ་བུད་པ་ཡིན། །བློས་བྱས་ལྟ་སྒོམ་རྫུན་ཕུགས་རྡིབ་པ་ཡིན། །གོ་ཡུལ་ཉམས་ཀྱི་ཤུན་པ་ཟད་པ་ལགས། །དེ་སྐད་སྨྲ་བ་མདོ་ཁམས་པ། །བསྟན་པའི་ཉིན་བྱེད་གཞན་ཕན་པའི། །ཐུགས་སྲས་ཡོན་ཏན་མགོན་པོ་ཡིན། །དགེ་བས་འཁོར་བ་དོང་སྤྲུགས་ཤོག །གུ་ཧྱ། གསང་རྒྱ། དགེའོ། དགེའོ། དགེའོ། །
དམ་བཅའ་རྡོ་རྗེའི་མགུར་དབྱངས།
དྲིན་གཞལ་དུ་མེད་པའི་རྡོ་རྗེ་འཆང་། །མཚན་བརྗོད་ན་གཞན་ཕན་སྣང་བ་ཞེས། །མི་ཁོ་བོའི་བློ་གཏད་གཅིག་ཆོག་ཡིན། །སྤྲང་བདག་གི་སྐྱིད་སྡུག་ཁྱེད་རང་ཤེས། །ལར་འཁོར་བ་སྒྱུ་མའི་གྲོང་ཁྱེར་ལ། །འདུ་འབྲལ་དང་འབྱོར་རྒུད་ཅིར་ཡང་འབྱུང་། །དེ་བྱུང་ཡང་རྨི་ལམ་གྱི་དགའ་སྟོན་བཞིན། །རེ་དོགས་དང་སྤང་བླང་ཅི་ལ་བྱེད། །ཕ་སངས་རྒྱས་སྐུ་དངོས་གཞན་ཕན་པས། །ཆོས་ཟབ་དགུའི་སྙིང་བཅུད་བུ་ལ་གནང་། །ད་འཁོར་བར་གནས་ཀྱང་མི་སྐྱོ་སྟེ། །རིག་སྟོང་ལ་སྲིད་ཞིའི་མིང་འདོགས་ཟད། །ངས་སྔོན་ཆད་གོ་ཡུལ་གྱི་ངེས་པ་ལ། ཡིན་རློམ་གྱི་སྟོང་འུད་བྱས་ཀྱང་བྱས། །དུས་ད་ལྟ་བློ་བྲལ་གཉུག་མའི་ཞལ། །ཕ་བླ་མའི་དྲིན་གྱིས་དངོས་སུ་རྟོགས། །བརྟགས་དཔྱད་ཀྱི་གོ་ཡུལ་རང་སར་ཞི། །བློས་བྱས་ཀྱི་ལྟ་སྒོམ་ཡས་ལ་བོར། །རང་མཐོང་དང་ང་རྒྱལ་བྱ་མ་དགོས། །གུ་ཡངས་བློ་བདེ་རུ་ཤུགས་ཀྱིས་ཐལ། །ལར་འདིར་སྣང་ཆེ་དགུའི་ངོ་སྲུང་འདི། །བསླུ་བྲིད་ཀྱི་བདུད་དུ་ཆེ་ལགས་ཀྱང་། །རྐྱེན་ངན་ལམ་སློང་གི་རྣལ་འབྱོར་ལ། །གང་ཡང་བྱང་ཆུབ་ཀྱི་གྲོགས་སུ་ཆེ། །ཡུལ་འདུ་འཛིས་བྲེལ་བའི་སྡེ་དགོན་དུ། །བུ་རིག་པའི་ཁྱེའུ་ཆུང་ཅི་དགར་འཁྱམས། །སྣང་སེམས་ཤར་གྲོལ་གྱི་ལྟད་མོས་དགྱེས། །ཟང་ཐལ་རྒྱ་གྲོལ་གྱི་ཐུགས་སྣང་སྤྲོ། །ལར་ཀློང་ཆེན་ཆོས་རྗེའི་བུ་རྒྱུད་འདི། །སེདྒེ་དང་མཁའ་ལྡིང་གི་ཕྲུ་གུ་བཞིན། །ནང་རྟོགས་པའི་ཉམས་རྩལ་རྫོགས་པའི་ཚེ། །བྲག་སྟོང་དང་གངས་ཁྲོད་ལ་བློ་སེམས་ལུས། །མི་གཞན་ཟེར་གྱི་ལབ་གླེང་གང་དགར་བསྐྱུར། །ཕ་བླ་མའི་ཞལ་ཆེམས་བརྗེད་ཐབས་མེད། །སྤྲང་ལང་ཤོར་གྱི་བློ་སྣ་དུམ་ཆོད་ལ། །དགྲ་འཆི་བདག་མིན་པས་བཤོལ་ཐབས་མེད། །ལར་དུས་ངན་གྱི་སྐྱེ་བོ་གྱ་མ་གྱུ། །ཆོས་ཐོས་བསམ་གྱི་འབྲས་བུ་གནས་མིན་འཁྱམས། །སྒོམ་བློས་བྱས་དང་ཡིད་དཔྱོད་ལ་ནོར་དུ་འཛིན། །ཉམས་བདེ་གསལ་ལ་རྟོགས་པའི་ངོ་སྤྲོད་མཛད། །འདི་བསམ་བཞིན་སྐྱོ་ཤས་ཀྱི་སྙིང་རླུང་འཁྲུགས། །ཕ་བླ་མའི་སྐུ་དྲིན་ལྷག་པར་དྲན། །གསོལ་འདེབས་ཀྱི་གདུང་གླུ་ཤུགས་ཀྱིས་ཐལ། །ཁྱེད་ལྷ་གྲོགས་ཚོའི་སྙན་ལ་འཐད་དམ་སྙམ། །རྗེ་ཡོན་ཏན་ཀུན་ལྡན་རྡོ་རྗེ་འཆང་། །སྐྱབས་གཅིག་ཆོག་སངས་རྒྱས་གཞན་ཕན་པ། །མགོན་སངས་རྒྱས་སྟོང་གི་ཞལ་སྐྱིན་ཁྱོད། །དུས་དེ་རིང་དྲན་ནས་ཚུགས་ཐབས་མེད། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་ལ། །གཤེགས་བཞུད་ཀྱི་མཚན་མ་འགའ་མེད་ཀྱང་། །བདག་ཚུར་མཐོང་བྱིས་པའི་སྣང་ངོ་རུ། །སྐུ་མྱ་ངན་འདའ་བའི་ཚུལ་ཡང་སྟོན། །སྔོན་བསྐལ་པ་མང་པོའི་གོང་རོལ་ནས། །མགོན་ཁྱེད་ཀྱི་གདུལ་བྱར་སྨོན་པའི་འབྲས། །དུས་ད་རེས་ཀྱི་མི་ཚེ་འདི་ཁོ་ནར། །ཕ་ཁྱེད་ཀྱི་ཞབས་པད་ཟིན་ཙམ་བྱུང་། །བདག་རྗེས་སུ་བཟུང་ནས་ད་བར་དུ། །སྨིན་གྲོལ་གྱི་བདུད་རྩིས་སྐྱོང་སྐྱོང་ནས། །ཆོས་ཟབ་ཟབ་ལ་འགྲམ་ཆུ་མི་ལྡང་ཙམ། །བློ་ཐག་ཆོད་ཀྱི་དཔའ་གདེང་ནང་ནས་འཁྲུངས། །དཔལ་ཨོ་རྒྱན་རྗེ་དང་དབྱེར་མེད་པའི། །རྗེ་མཁྱེན་བརྩེ་ནུས་ལྡན་སྤྲུལ་པའི་སྐུ། །མ་ཌཱཀྐི་འབུམ་གྱི་གྲོང་ཁྱེར་དུ། །ཉམས་བྱུང་རྒྱལ་གྱི་སྤྱོད་པས་དགྱེས་མོད་ཀྱང་། །ངེད་མ་སྨིན་གྱི་བྱིས་པ་ཁྱུ་གཅིག་པོ། །དྲིན་ཕ་མས་བོར་བའི་དྭ་ཕྲུག་བཞིན། །བཤེས་མེད་རང་ཡན་དུ་འཁྱམས་པ་འདི། །རྗེ་སྙིང་རྗེའི་མགོན་གྱིས་གཟིགས་སམ་ཅི། །ཕ་བླ་མའི་བྱིན་རླབས་བདུད་རྩིའི་བཅུད། །ཡིད་ཁྱེད་ཤེས་གུས་པས་ཡང་དང་ཡང་། །ངོམས་མེད་དུ་བཏུང་བའི་བཀའ་དྲིན་དེས། །དུས་དེང་སང་རྟོགས་པའི་ཕ་ཕོགས་ཐོབ། །འདི་སྒོམ་པ་ཀློང་དུ་གྱུར་པའི་ཕྱིར། །རི་སྟོང་དང་བྲག་རིའི་ཉེ་འདབས་སུ། །རང་གཅིག་པུ་གྲོགས་མེད་གྱི་ནའི་ཚུལ། །ཉམས་བྱུང་རྒྱལ་ལ་བློ་ཕུགས་མི་གཏོད་རེ། །ཁོང་སྡེ་དགོན་དང་མཛའ་གྲོགས་ཀྱི་ཞལ་ཏ་འདིས། །འཕྲལ་སྣང་བ་སུན་པའི་བསྐུལ་འདེབས་ལས། །བློ་བསླུ་བྲིད་ཀྱི་མགོ་སྐོར་མི་འོང་བས། །འཕྲལ་གང་དྲན་ལང་ཤོར་དུ་བློ་ཐག་གཅོད། །ཡུལ་རང་རྩིས་ཀྱིས་དྲེགས་པའི་གྲལ་མཐའ་རུ། །ཆོས་རྣམ་དག་གི་མཐུན་རྐྱེན་ཉིན་སྐར་འདྲ། །གནས་དབེན་སྟོད་དང་བྲག་རིའི་ཉེ་འདབས་སུ། །རང་གཅིག་པུར་སྐྱིད་པའི་སྣང་ཤེས་སྤྲོ། ཨ་ལ་ལ་ཧོ། །ཞེས་ཀྱང་སྣང་བ་ཅུང་ཞིག་འུར་ལངས་ཏེ་ཞེ་དམ་བཅས་པ་ལགས། །
ཀློང་རྡོལ་རྟོགས་པའི་སྐྱིད་གླུ།
རྗེ་འགྲན་གྱི་དོ་མེད་རྡོ་རྗེ་འཆང་། །རྫོགས་པའི་སངས་རྒྱས་གཞན་ཕན་པ། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །འདུ་འབྲལ་མེད་པར་ཐུགས་རྗེས་ཟུང་། །རྣལ་འབྱོར་ཡོན་ཏན་མགོན་པོ་བདག །བླ་མའི་དྲིན་གྱིས་རྟོགས་པ་རྙེད། །ཟབ་དགུའི་ཡང་ཞུན་ཇི་སྙེད་དང་། །སྐྱེལ་སོ་མཐུན་པའི་གདེང་ཚད་སྐྱེས། །སངས་རྒྱས་བྱོན་ཡང་འདི་ལས་མེད། །ཐག་ཆོད་རེ་དོགས་ནང་ནས་ཞིག །གང་ལྟར་བྱས་ཀྱང་ཆོག་པར་བྱུང་། །སྤྲང་པོའི་སྣང་ཟོ་བདེ་ལུགས་ལ། །ཡིད་དཔྱོད་འཇོག་པའི་གཏད་ཡུལ་ཞིག །ཟང་ཐལ་ཐོག་བབས་ནང་ནས་ཤར། །འདི་ཡིན་ངོས་བཟུང་རྡུལ་ཙམ་མེད། །མྱོང་ཞེན་རང་དག་ཨ་ལ་ལ། །ཁྱབ་གདལ་ཆོས་ཉིད་ར་བ་ལས། །ནམ་ཡང་འདའ་མེད་རང་རྒྱས་ཐེབས། །ཀུན་རྟོག་རང་ངོ་ཡེ་དག་ལ། །ད་གཟོད་རྟོགས་པས་ཅི་ཞིག་གྲོལ། །ཡིན་མིན་བློ་ཡི་དགག་སྒྲུབ་ལ། །ཞེན་པའི་འཇུག་ཡུལ་མ་རྙེད་པས། །བློས་བྱས་ཐམས་ཅད་ཕྱམ་མེར་གྲོལ། །ཡེ་སྟོང་ནམ་མཁའ་སངས་སངས་གཅིག །དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། །ཞབས་བྲོ་ལྡིར་ལྡིར་ཉམས་སུ་སྤྲོ། །གང་ཤར་རེ་དོགས་མེད་པའི་གླུ། །ཐོལ་བྱུང་མགྲིན་པའི་ལམ་ནས་བསྒྱུར། །དགའ་དང་མི་དགའི་རྟོག་པ་ཟད། །འགྱུ་བ་རང་དག་ཨ་ལ་ལ། །སྣང་སེམས་རོ་གཅིག་ཆོས་ཉིད་ངང་། །ཟང་ཐལ་ཕྱལ་བ་ཨ་ལ་ལ། །ངེད་རང་ནམ་མཁའི་རྣལ་འབྱོར་ཡིན། །རྟོགས་པ་ཆོས་ཉིད་རྒྱ་མཚོ་ཡིན། །ཟང་ཐལ་མེས་པོའི་གཤེགས་ཤུལ་ཡིན། །ཐམས་ཅད་མཁའ་མཉམ་ཀློང་ཆེན་ཡིན། །བླ་མ་སངས་རྒྱས་ཉག་གཅིག་ཡིན། །དགོངས་བརྒྱུད་ཕ་ནོར་ཐོབ་པ་ཡིན། །བཅོས་མའི་ལྟ་སྒོམ་སྒྲིན་པོ་ལ། །ཡིན་དུ་རེ་སྙམ་བདག་ལ་མེད། །མཁས་བཙུན་བརྒྱ་དང་གྲུབ་ཐོབ་སྟོང་། །མན་ངག་འབུམ་གྱི་ཞལ་བསྡུར་ཡང་། །ད་གདོད་རྟོགས་བྱའི་རེ་བ་ཟད། །རྒྱལ་བ་ཀུན་དང་སྤྱོད་ཡུལ་མཉམ། །འཁོར་བར་འཁྱམ་གྱི་དོགས་མ་མཆིས། །མྱང་འདས་འཐོབ་བློའི་རེ་བ་ཟད། །ཨ་ལ་ལ་ཧོ་བག་རེ་བྲོ། །ཨེ་མ་ཧོ་སྟེ་ཡ་མཚན་ཆེ། །གཅིག་གཉིས་གསུམ་བྱས་ནས། །བརྒྱུད་གསུམ་བླ་མའི་གཅེས་ཕྲུག་ལགས། །གསུམ་དྲུག་དགུ་བྱས་ནས། །འཁོར་བ་དོང་ནས་སྤྲུགས་པ་ལགས། །སྤྲང་འཁྱམས་ཡོན་ཏན་མགོན་པོ་བདག །གང་ལྟར་བྱས་ཀྱང་རྒྱ་ཁྲོལ་ཁྲོལ། །ཇི་ལྟར་བཞག་ཀྱང་སྟོང་ཕྱམ་ཕྱམ། །ཐ་མལ་རང་གསལ་རྗེན་སེང་སེང་། །རྟོགས་པ་མཁའ་གསལ་ཆོས་སྐུར་གྲོལ། །ཀློང་ཆེན་རབ་འབྱམས་བུ་རྒྱུད་ལ། །ཉམས་རྟོགས་མི་སྐྱེ་དབང་མ་མཆིས། །བཀའ་བརྒྱུད་བླ་མའི་སྒོམ་ཕྲུག་ལ། །གྲུབ་གཉིས་མི་ཐོབ་ཐབས་མེད་བྱུང་། །ཀློང་རྡོལ་རྟོགས་པའི་སྐྱིད་གླུ་ལ། །གང་སྨྲས་ཆོག་པའི་ཉམས་ཤིག་ཤར། ཨ་ལ་ལ། ཨ་ལ་ལ། །ཞེས་ཀྱང་ཉམས་མཚར་དུ་སྨྲས་ཏེ་སྐྱིད་པའི་མལ་དུ་གུ་ཡངས་ཤིང་བློ་བདེ་བ་ལགས་སོ། །
གང་ཤར་རིག་པའི་རྩེད་འཇོ།
སྐྱབས་རྒྱལ་བ་ཀུན་དངོས་རྡོ་རྗེ་འཆང་། །དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་མགོན། །ཕ་དྲན་མཆོག་རྒྱལ་པོ་གཞན་ཕན་པ། །སྤྲང་བདག་ལ་རེ་ས་ཁྱེད་ལས་མེད། །སྔོན་ཐོག་མ་མེད་པའི་འཁོར་བ་ནས། །གཤིས་གཉུག་མའི་རང་ཞལ་མཐོང་མ་མྱོང་། །དུས་ད་རེས་བླ་མའི་བཀའ་དྲིན་གྱིས། །སེམས་གཉུག་མའི་རང་ཞལ་རྗེན་པར་མཐོང་། །བློ་བརྟགས་དཔྱད་དང་གོ་ཡུལ་འུད་གོག་ཙམ། །རྟོགས་པའི་རང་ངོ་རུ་རློམ་པ་ཚོས། །ད་དུང་ལྟ་བསྒོམ་ལ་བརྩོན་འགྲུས་བསྐྱེད། །ཡིན་རློམ་གྱིས་རང་མགོ་སྐོར་ཉེན་ཆེ། །བློ་བྲལ་ལ་དྲན་པས་ཅི་ཞིག་སྐྱོང་། །ཁྱབ་གདལ་ལ་སྤྲོ་བསྡུའི་གཞི་སྟོང་པས། །གང་བབས་གནམ་ཡན་གྱི་ལྟ་བསྒོམ་འདི། །བཤད་པ་མང་སྟེ་ཕེབས་པ་ཉུང་། །བཅས་བཅོས་དང་རེ་དོགས་ཅི་དང་ཅིས། །རིག་སྟོང་ལ་ཕན་གནོད་འགའ་མེད་པས། །རང་བབས་སྐྱོང་དགོས་ཀྱི་ཁྲིད་ཚུལ་ཡང་། །དང་པོའི་ལས་ཅན་གྱི་འཇུག་སྒོ་ཙམ། །ལར་སྣང་སེམས་གཞི་གྲོལ་དུ་རྟོགས་ཙ་ན། །ལམ་སྤང་གཉེན་ཟེར་བ་རྫུན་དུ་ཟད། །ཆོས་ཐམས་ཅད་རིག་པར་རོ་གཅིག་ན། །ཡེངས་འཁྲུལ་དང་སྒོམ་ཞེས་ཅི་ལ་ཟེར། །ཀུན་རྟོག་ཤར་གྲོལ་གྱི་བཞུགས་ཚུལ་འདི། །རྟོག་པས་རྟོགས་པ་འཚོལ་བ་མིན། །ཤར་ཙམ་ཉིད་ནས་བློ་བྲལ་དུ། །ཟང་ཐལ་བརྗོད་པས་མི་མཚོན་པ། །འཆར་གཞི་རིག་པའི་རང་ངོ་དང་། །དབྱེ་བསལ་མེད་པའི་གནད་བརྡོལ་བས། །སྤང་གཉེན་རིས་མེད་ཆེན་པོ་ལགས། །གློད་དང་རང་བབས་མ་བཅོས་སོགས། །ཡིན་ལུགས་ཀྱི་ཕྱོགས་རེ་འཇལ་བའི་གཏམ། །རྣལ་མའི་དོན་ལ་འཇོག་སོ་མེད། །ནམ་མཁའ་འཆིང་གྲོལ་སུ་ཡིས་ནུས། །གང་ལྟར་ཤར་ཡང་རྩིས་མེད་ཐོང་། །ཇི་ལྟར་འགྱུ་ཡང་ཡིན་དུ་ཆུག །གཤིས་ལ་ཕན་གནོད་རྡུལ་ཙམ་མེད། །ཚི་ཆད་རང་གིས་མ་སྒྲུབ་ཨང་། །སྤྲང་འཁྱམས་ཡོན་ཏན་མགོན་པོ་བདག །བླ་མ་སངས་རྒྱས་དངོས་དང་མཇལ། །ཟབ་དགུའི་ཆོས་ཀྱི་ཉིང་ཁུ་ཐོབ། །བསམ་བཞིན་དགའ་སྤྲོ་ཁོང་ནས་འབར། །རྟོགས་པ་མཁའ་མཉམ་བློ་ལས་འདས། །ཚིག་ངག་ཡིག་གེས་མཚོན་དུ་མེད། །གང་ལྟར་བྱས་ཀྱང་ཆོག་པ་བྱུང་། །ཡན་པ་བློ་བདེའི་བུ་རྒྱུད་ལགས། །ཞེས་སོ། །
ཐབས་ཆེན་དཔའ་བོའི་བཞད་སྒྲ།
ཨ་ཧོ་ཡེ། བློ་བྲལ་བསམ་ལས་འདས་པ་ཆོས་ཉིད་ཀྱི་བཞུགས་ཚུལ། །མ་བཅོས་རྣལ་མར་སྐྱོང་བ་ཀློང་ཆེན་གྱི་བུ་རྒྱུད། །སྟག་ཤམ་རུས་པའི་འཕྱང་འཕྲུལ་འཛིན་པ་ཞིག་མིན་ཡང་། །བདེ་གསལ་རྟོགས་པའི་རྒྱན་བཟང་རང་ཆས་སུ་རྫོགས་འདུག །འོད་གསལ་ཉི་ཟླ་ལྟ་བུའི་ཡེ་ཤེས་ལ་གཟིགས་དང་། །ཀུན་རྟོག་གྱ་གྱུའི་གཡོ་འཕྲུལ་གར་སོང་ནི་མི་གདའ། །གཏད་མེད་ནམ་མཁའ་ལྟ་བུའི་ཆོས་ཟད་ཀྱི་དགོངས་ཀློང་། །ཟང་ཐལ་རྗེན་ལ་བུད་པ་ཡབ་མེས་ཀྱི་གཤེགས་ཤུལ། །བློས་བྱས་ལྟ་བསྒོམ་གོག་པོས་རྒྱས་འདེབས་དེས་ཅི་བྱ། །རང་རིག་བླ་མའི་རང་ཞལ་གསལ་འགྲིབ་ནི་མི་གདའ། །ཆེད་འཛིན་དྲན་པའི་རྒྱང་སོ་ཨ་འཐས་ཀྱི་འཆིང་བ། །བླུན་སྒོམ་རྒན་པོའི་ཨུ་ཚུགས་གང་དགའ་རུ་བསྐྱུར་ཐོང་། །ཆོས་བརྒྱད་སེར་བའི་རིལ་བུ་གཅེས་ནོར་དུ་བྱས་ཀྱང་། །འདོད་པ་ཐོག་ཏུ་མི་ཁེལ་སྡུག་བསྔལ་གྱི་ཡོ་ལང་། །རོ་སྙོམས་སྤང་བླང་མེད་པ་གང་དགའ་རུ་ཡན་པས། །བསླུ་མཁས་བྱིས་པའི་ལད་མོ་གར་སོང་ནི་མི་གདའ། །དགག་སྒྲུབ་གྲུབ་མཐའི་འཛིན་སོ་བློས་བྱས་ཀྱི་ཞེན་པ། །ཟད་མེད་ཆགས་སྡང་འཁོར་ལོ་ཀུན་རྟོག་གི་ཚོང་ཟོང་། །ཁྱབ་གདལ་ཕྱོགས་རིས་བྲལ་བ་མཉམ་ཉིད་ཀྱི་བཞུགས་ཚུལ། །ཐད་ཀར་རྗེན་ལ་བུད་པ་ཡབ་མེས་ཀྱི་བཞེད་ཕུགས། ཧོ་ཧོ། གཟུང་འཛིན་གྱི་ཀུན་རྟོག་གཞོན་ནུ་ཞིག །རོ་སྙོམས་ཀྱི་སྨྱོ་ཆུ་འཐུང་འཐུང་ནས། །གཏད་སོ་ཡི་སྲོག་དང་བྲལ་ལ་ཁད། །བྱུང་རྒྱལ་གྱི་རང་གཤིས་ཐད་ཀར་བུད། །འདི་བྱ་དང་འདི་བྱེད་བྱ་ཚོད་མེད། །མི་ཆོས་ཀྱི་ལད་མོ་ཁྲིགས་ཆགས་སོ། །རྩིས་མེད་དུ་རང་གར་ཆལ་མ་ཆོལ། །ཨ་ལ་ལ་སྨྱོན་པའི་སྣང་ཤེས་སྐྱིད། །གཅིག་གཉིས་གསུམ་བྱས་ནས། །རེ་དོགས་ཀྱི་འཆིང་བ་ཁྲལ་མ་ཁྲོལ། །གསུམ་དྲུག་དགུ་བྱས་ནས། །ལང་ཤོར་གྱི་སྣང་ཤེས་གུ་རེ་ཡངས། ཨ་ལ་ལ་ཧོ། །ཞེས་བན་རྒན་སྨྱོན་པ་དེས་ཐོལ་བྱུང་དུ་སྨྲས་སོ། །
ཡེ་གྲོལ་རྡོ་རྗེའི་ཐོལ་གླུ།
ཕ་དྲན་པས་གདུང་སེལ་ཆོས་ཀྱི་རྗེ། །མགོན་བླ་མ་སངས་རྒྱས་གཞན་ཕན་པ། །སྤྲང་བདག་ལ་རེ་ལྟོས་ཁྱོད་ལས་མེད། །རྒྱུད་བྱིན་གྱིས་རློབས་དང་སྐུ་དྲིན་ཅན། །སྤྲང་ཆོས་མེད་ཡོན་ཏན་མགོན་པོ་བདག །གནས་འཁོར་བར་འཁྱམས་ནས་ད་བར་དུ། །གཤིས་བློ་བྲལ་གྱི་རང་ཞལ་མཐོང་མ་མྱོང་། །བློས་བྱས་ཀྱི་གཏད་སོ་འབྲལ་མ་མྱོང་། །དུས་ད་རེས་སངས་རྒྱས་གཞན་ཕན་པས། །མངོན་སུམ་ཆོས་ཉིད་ཀྱི་རང་ངོ་སྤྲད། །གཅེར་མཐོང་རྒྱ་ཡན་གྱི་རང་ས་ཟིན། །ཡིད་དཔྱོད་བློས་བྱས་ཀྱི་གཏད་འཛིན་ཞིག །ངེས་ཤེས་གཏད་ཡུལ་གྱི་ཞེན་འཁྲིས་མེད། །ལམ་དྲན་པ་ཉེར་བཞག་གི་ལྡང་ཚད་ཤེས། །སྣང་སེམས་འབྲེལ་བཅས་ཀྱི་རྫུན་ཕུགས་རྡིབ། །གཞི་མེད་རྩ་བྲལ་གྱི་ཡིན་ལུགས་ཤེས། །སྤང་གཉེན་ལམ་ཁྱེར་ལ་རག་མ་ལས། །ཟག་བཅས་སྒྱུ་ལུས་ཀྱི་འཛིན་ཞེན་ཞིག །བདེ་གསལ་ཉམས་ཞེན་གྱི་ཤུབས་ནས་ཐོན། །ཐམས་ཅད་བདེན་མེད་དུ་ཕྱམ་མཉམ་པས། །བྱར་མེད་བློ་བདེ་རུ་ཤུགས་ཀྱིས་ཐལ། ཨ་ལ་ལ་ཧོ། སྐྱིད་སྣང་གི་ཡུལ་རྐྱེན་འགའ་མེད་ཅིང་། །སྡུག་བསྔལ་གྱི་ཀུན་རྟོག་རང་ངོར་སྟོང་། །བདེ་སྡུག་འདུ་འབྲལ་ཅི་བྱུང་ཡང་། །ཐམས་ཅད་རྣལ་འབྱོར་པའི་རྒྱན་དུ་ཆེ། །མི་ཁོ་བོ་སངས་རྒྱས་གཞན་ཕན་པའི། །བདེ་ཆེན་རྟོགས་པའི་བྱིན་བརྒྱུད་ཀྱིས། །ཅི་ཡིན་འདི་ཡིན་ཆ་མེད་པའི། །ཟང་མ་ཐལ་བྱུང་དུ་ཤུགས་ཀྱིས་སོང་། །ད་འདིར་སྣང་གི་ཁྲིགས་ལ་བློ་མི་གཏོད། །སྨྱོན་པ་འུར་ལང་ལྟ་བུར་སོང་། །འཁོར་བར་འཁྱམས་ཀྱང་ཉམ་ང་མེད། །མིང་ཙམ་དོན་དུ་སུ་ཞིག་འཛིན། །མངོན་སངས་རྒྱས་ཀྱང་དགའ་རྒྱུ་མེད། །ཡེ་གྲོལ་ལ་ད་གདོད་ཅི་ཞིག་འཐོབ། །ཆོས་ཀུན་ཆོས་ཉིད་དག་པའི་མཁའ། །རྟོགས་པ་ཡེ་ཤེས་ཟང་མ་སྟེ། །སྒྲིབ་གཉིས་མུན་པ་སྐྱེས་མ་མྱོང་། །ཡེ་ནས་མི་གྲོལ་ཀ་མེད་བྱུང་། །རྟོགས་པ་ཐམས་ཅད་ང་དང་མཉམ། །ང་དང་སངས་རྒྱས་གཞན་ཕན་པ། །རྣམ་པ་ཙམ་དུ་ཐ་དད་ཀྱང་། །སྒོ་གསུམ་ཡེ་ནས་སྐུ་གསུང་ཐུགས། །ལུས་སྣང་རང་གྲོལ་གཟུགས་བརྙན་འདྲ། །སྣང་སྟོང་རང་གྲོལ་ཕྱམ་ཕྱམ་གཅིག །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རང་ཆས་ལྷུན་གྱིས་རྫོགས་པ་ལགས། །རླུང་ཁམས་གྲག་སྟོང་ཡི་གེའི་གདངས། །བརྗོད་དུ་མེད་པའི་དབྱིངས་ལས་ཤར། །བརྗོད་པ་ཉིད་ན་བརྗོད་པ་མེད། །གསུང་གི་རྡོ་རྗེ་ཞེས་ཀྱང་བྱ། །དྲན་རིག་ཆོས་མེད་ལྷུག་པའི་ཞལ། །རང་སངས་ཆོས་སྐུ་རྗེན་རྗེན་གཅིག །རྟོགས་དང་མ་རྟོགས་གཉིས་མེད་པ། །རང་བྱུང་ཡེ་ཤེས་ཞེས་སུ་གྲགས། །སྐལ་བ་ཅན་གྱི་གང་ཟག་རྣམས། །འདི་བཞིན་གསོལ་བ་འདེབས་ཤེས་ན། །ཚེ་གཅིག་སངས་རྒྱས་ལ་ཐང་མེད། །ཇི་ལྟར་སྨྲས་ཀྱང་རྫུན་གྱི་ཚིག །གང་ལྟར་བསམ་ཡང་འཁྲུལ་བའི་བློ། །བརྗོད་པ་ཐམས་ཅད་རྫུན་དུ་ཟད། །བརྗོད་བྲལ་ངག་དོན་མཁའ་དང་མཉམ། །སྣང་བ་ཐམས་ཅད་རང་སྣང་ཡིན། །དག་དང་མ་དག་གཉིས་སུ་མེད། །གྲག་པ་ཐམས་ཅད་རང་སྒྲ་ཡིན། །བདེན་དང་རྫུན་ཞེས་དབྱེ་བསལ་མེད། །དྲན་པ་ཐམས་ཅད་རང་རིག་ཡིན། །འཁྲུལ་དང་གྲོལ་ཞེས་གཉིས་སུ་མེད། །དེ་སྐད་སངས་རྒྱས་གཞན་ཕན་པ། །ཡོན་ཏན་མགོན་པོ་གཉིས་མེད་གསུངས། །རང་བྱུང་ཀློང་རྡོལ་ཆེན་པོ་རུ། །རང་ཤར་རྡོ་རྗེའི་ཐོལ་གླུ་ཡིན། །ཞེས་ཀྱང་འཛེམ་མེད་དུ་སྨྲས་སོ། །
ཕ་བླ་མའི་བཀའ་དྲིན་དྲན་པ་གསང་གཏམ་རྒྱ་གྲོལ་ཀློང་རྡོལ།
རྗེ་རྒྱལ་བ་ཀུན་དང་དབྱེར་མེད་པའི། །དྲིན་ཆེན་གྱི་སངས་རྒྱས་གཞན་ཕན་པ། །ཕ་ཁྱེད་ཀྱི་སྐུ་དྲིན་ཡིད་ལ་བཅངས། །བསམ་བཞིན་མོས་གུས་ཀྱི་མཆི་མ་འཁྲུགས། །ཕ་དྲིན་ཅན་དེ་ཡི་ཞལ་སྔ་ནས། །ཁྱེད་སྐལ་བ་ཅན་གྱི་བུ་སློབ་རྣམས། །མགོན་ཀུན་མཁྱེན་ཆོས་རྗེའི་གསུང་རབ་ལ། །ཡིད་ཁྱེད་ཤེས་ཀྱིས་གསོལ་བ་ཐོབ་ཅིག་དང་། །དོན་མ་ནོར་རྟོགས་པའི་ཕ་ཕོགས་འཐོབ། །དུས་ནམ་ཡང་བསླུ་བ་ཡོད་རེ་ཞེས། །བདེན་གསུང་གི་དབུ་སྙུང་དངོས་སུ་བཞེས། །དེང་ཡིད་ཆེས་ཀྱི་རྟོགས་ཚད་དངོས་སུ་ཐོབ། །ཕ་སྐུ་དྲིན་ཆེའོ་གཞན་ཕན་པ། །བདག་ཐ་མལ་ལས་ངན་གྱི་སྐྱེ་བོ་ལ། །སེམས་ཆོས་སྐུའི་རང་ཞལ་དངོས་སུ་བསྟན། །ཁྱེད་ཡེངས་མེད་ཉམས་སུ་ལེན་ནུས་ན། །བར་དོར་གྲོལ་བའི་རྟེན་འབྲེལ་གྱི། །ཆེ་བ་ཡོད་ཅེས་དབུགས་དབྱུང་གནང་། །ཕ་སྐུ་དྲིན་ཆེའོ་གཞན་ཕན་པ། །རྗེ་སངས་རྒྱས་དངོས་བྱོན་དེའི་དྲུང་དུ། །སེམས་དག་པས་ཞབས་ཏོག་ཅི་ནུས་བསྒྲུབས། །རྒྱུ་ཟང་ཟིང་གི་འབྱོར་བ་འགའ་མེད་ཀྱང་། །རང་དབང་བའི་ལུས་ངག་ཡིད་གསུམ་པོ། །ཕ་རྗེ་བཙུན་དྲུང་དུ་ལྟོས་མེད་ཕུལ། །གསུང་ཅི་གནང་སྒྲུབ་པའི་དམ་བཅའ་ཞུས། །ཐུགས་དགྱེས་ནས་བུ་དང་འདྲའོ་གསུང་། །ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །གནད་མ་ནོར་གདམས་པའི་ཉིང་ཁུ་གནང་། །རང་སྙིང་རུས་དང་དཀའ་ཐུབ་མ་ནུས་ཀྱང་། །ཡིད་མོས་གུས་ཀྱི་མཚམས་སྦྱོར་མི་དམན་པས། །ཕ་སངས་རྒྱས་དེ་ཡི་བཀའ་དྲིན་གྱིས། །ལམ་མ་ནོར་རྟོགས་པའི་ཕ་ཕོགས་ཐོབ། །ཕ་སྐུ་དྲིན་ཆེའོ་གཞན་ཕན་པ། །སེམས་གཉུག་མའི་རང་ཞལ་རྗེན་ལ་བུད། །དྲན་འཛིན་དང་དམིགས་གཏད་རིག་པར་དག །གནས་འགྱུ་ཡི་རེ་དོགས་མཚང་ཤེས་པས། །གུ་ཡངས་བློ་བདེ་རུ་ཤུགས་ཀྱིས་ཐལ། །ཕ་སྐུ་དྲིན་ཆེའོ་གཞན་ཕན་པ། །ལར་སྣང་སེམས་ཀུན་རིག་པའི་ཆོ་འཕྲུལ་ལ། །སྔོན་ཆད་བློས་བྱས་ཀྱི་གོ་ཡུལ་ཙམ། །ད་རེས་བླ་མའི་བཀའ་དྲིན་གྱིས། །ཐམས་ཅད་རིག་པའི་རྒྱན་དུ་ཤར། །ཆོས་ཉིད་ཀྱི་རང་ངོར་དབྱེ་བསལ་མེད། །རྒྱས་འདེབས་དང་གཏད་སོའི་མཁན་པོ་མེད། །རྒྱ་གྲོལ་གནམ་ཡན་དུ་ཤུགས་ཀྱིས་ཐལ། །ཕ་སྐུ་དྲིན་ཆེའོ་གཞན་ཕན་པ། །ལར་གསང་གཏམ་གླུ་རུ་ལེན་པ་འདི། །སྨྱོན་པ་ལས་གཞན་འོས་མེད་ཀྱང་། །ཉམས་རྟོགས་པ་ཀློང་ནས་རྡོལ་ཙ་ན། །གཏམ་ལ་སྦ་གསང་བྱ་མ་ཐུབ། །ཅེས་ཀྱང་ཉམས་མཚར་དུ་བླངས་སོ། །
བྱར་མེད་སྨྱོན་པའི་རང་གཏམ།
ཨ་ཧོ། སྣང་བ་རྒྱ་ཡན་གཏད་མེད་རང་ཤར་ལ། །རིག་ངོ་གཅེར་མཐོང་བློ་བྲལ་རང་གྲོལ་བས། །སྣང་རིག་ཟང་ཐལ་ཐུག་འཕྲད་རྗེས་མེད་པའི། །རྣལ་འབྱོར་བྱར་མེད་སྨྱོན་པས་འདི་སྐད་ལོ། །གནམ་ཡན་གཏད་སོ་བྲལ་བའི་ཁྱབ་གདལ་གྱི་རང་ངོ་། །མ་ཡེངས་དྲན་པ་ཟད་པའི་རང་ཞལ་དེ་མཇལ་བས། །ཆེད་འཛིན་གཏད་སོའི་འཇོག་ཡུལ་ཨ་འཐས་ཀྱི་སྡུག་བཙིར། །གནད་མེད་གོ་ཡུལ་གོག་པོས་རྒྱས་འདེབས་ནི་མ་དགོས། །དྲན་སྣང་ཡེ་ཤེས་འཁོར་ལོ་ཀུན་བཟང་གི་དགོངས་པ། །རང་གསལ་རིག་པའི་གཤིས་སུ་དུ་མ་དང་རོ་གཅིག །ཁྱབ་གདལ་ནམ་མཁའི་ཁོར་ཡུག་རྒྱུན་ཆད་ནི་མི་གདའ། །གནས་འབྱམས་ལུང་མ་བསྟན་གྱི་འདྲ་ཅོག་ནི་མ་ལགས། །སྣང་ཤེས་བཟོ་མེད་རང་བབས་ཆོས་ཉིད་ཀྱི་ར་བ། །ནམ་ཡང་འདའ་མེད་ཡེ་གྲོལ་ཀུན་བཟང་གི་ཕྱག་རྒྱས། །གདོད་ནས་འཕོ་འགྱུར་མེད་པའི་ཡེ་རྒྱས་ནི་བཏབ་པས། །མ་དག་འཁྲུལ་བའི་དངོས་གཞི་གར་སོང་ནི་མི་གདའ། །རྟོགས་དང་མ་རྟོགས་ཚུར་མཐོང་བློས་བྱས་ཀྱི་རི་མོ། །འཁྲུལ་བ་གཞི་གྲོལ་གཤིས་སུ་རོ་མཉམ་དུ་དག་པས། །རྟོགས་བྱ་རྟོགས་བྱེད་རོ་གཅིག་བློ་བྲལ་གྱི་རིག་སྟོང་། །གཏད་མེད་ཟང་ཐལ་རྗེན་པ་བསལ་བཞག་དང་བྲལ་འདུག །ཆོས་ཟད་ཡེ་ཡིན་ཆེན་པོའི་བཞུགས་ཚུལ་དེ་མཐོང་པས། །ས་ལམ་གྲུབ་མཐའི་རྟོག་བཏགས་ཨ་འཐས་ཀྱི་སྦྱང་བགྲོད། །ཞེན་མེད་རིག་པའི་ཐིག་ལེར་ཆིག་ཆོད་དུ་རྫོགས་ཏེ། །ལམ་དང་འབྲས་བུའི་ཞེན་པ་རང་མལ་དུ་དག་སོང་། །ཀ་དག་རིག་པའི་རང་ངོ་འཕོ་འགྱུར་དང་བྲལ་བའི། །རང་བཞིན་གཉུག་མའི་རང་འགྲོས་ཐོག་བབས་སུ་ཤར་བས། །འཕྲོ་གནས་རིག་པར་མཉམ་པའི་གསང་གནད་དེ་རྟོགས་ནས། །བཅོས་མའི་ལྟ་སྒོམ་གོག་པོའི་ངོས་འཛིན་ལས་འདས་སོང་། །གདོད་ནས་འཕོ་འགྱུར་མེད་པའི་འོད་གསལ་གྱི་ཁང་བཟང་། །རང་བབས་གཉུག་མའི་བསམ་གཏན་ཀུན་བཟང་གི་རྒྱལ་ཐབས། །རང་གྲོལ་ཐབས་ཀྱི་རྒྱལ་པོས་སྐད་ཅིག་ལ་བསྙེགས་པས། །ཡིད་དཔྱོད་བཅོས་མའི་ལམ་ལ་ཡིད་སྨོན་ནི་མི་དགོས། །རྗེས་ཐོབ་སྙིང་རྗེའི་རང་རྩལ་འགོག་མེད་དུ་ཤར་བས། །གཞན་ཕན་ལྷག་བསམ་དག་པའི་རྟེན་འབྲེལ་གྱི་བདེན་མཐུས། །འབྲེལ་ཚད་དོན་དང་ལྡན་པའི་རྒྱལ་སྲས་ཀྱི་སྤྱོད་པས། །མཁའ་ཁྱབ་གདུལ་བྱའི་དོན་ཀུན་རྫོགས་པར་ཡང་ཤོག་ཅིག །
ཀློང་གྲོལ་བྱར་མེད་རྒྱལ་པོའི་མཚར་གླུ།
སྐྱབས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །དྲིན་འཁོར་མེད་ཀྱི་སངས་རྒྱས་གཞན་ཕན་པ། །དུས་རྟག་པར་སྤྱི་བོའི་རྒྱན་དུ་བཞུགས། །འབྲེལ་ཚད་དོན་ལྡན་དུ་བྱིན་གྱིས་རློབས། །ལས་སྨོན་དང་དད་དམ་ནང་འདྲེས་པའི། །ཆོས་མཐུན་གྱི་རྡོ་རྗེའི་མཆེད་པོ་ལགས། །ཉམས་མཚར་གྱི་མགུར་དབྱངས་དགོས་སོ་ཞེས། །ཡང་ཡང་དུ་བསྐུལ་མ་གནང་བ་ལས། །ངེད་རྒན་པོ་གླུ་ལ་མི་མཁས་ཀྱང་། །བཅོས་གཏམ་དུམ་ཆོད་ཀྱི་གླུ་ཆུང་འདི། །སྣང་ཤེས་འུར་བའི་ཉམས་དབྱངས་སུ། །གང་ཤར་ལྷུག་པར་བརྗོད་པ་ལགས། ཀྱེ་ཧོ། ཀ་དག་བློ་ལས་འདས་པའི་ཆོས་ཟད་ཀྱི་རིག་སྟོང་། །ཟང་ཐལ་རྗེན་ལ་བུད་པའི་རང་ཞལ་ལ་བལྟས་པས། །བཅོས་མའི་ལྟ་སྒོམ་སྒྲིན་པོ་བློས་བྱས་ཀྱི་འཆིང་བ། །རྗེས་མེད་རང་སར་དག་པའི་གུ་ཡངས་འདི་སྐྱིད་དོ། །བསྒོམ་བྱ་སྒོམ་བྱེད་བྲལ་བའི་རང་བབས་ཀྱི་གཤིས་ལུགས། །རང་བཞག་བབས་ཀྱིས་གྲུབ་པའི་གནས་ལུགས་དང་མཇལ་བས། །ཡིད་དཔྱོད་བཅོས་མའི་རྒྱས་འདེབས་གར་སོང་ནི་མི་གདའ། །ཟང་ཐལ་རྒྱུན་ཆད་མེད་པའི་གུ་ཡངས་འདི་སྐྱིད་དོ། །ཡེ་གྲོལ་བསལ་བཞག་བྲལ་བའི་གཏད་མེད་ཀྱི་རིག་པ། །འཕྲོ་གནས་རང་ངོར་མཉམ་པའི་རྟོགས་ཚད་ལ་རེག་པས། །རེ་དོགས་མཐའ་ལས་གྲོལ་བའི་གུ་ཡངས་འདི་སྐྱིད་དོ། །རང་བཞག་བདེ་བ་ཆེན་པོ་སངས་རྒྱས་ཀྱི་དགོངས་པ། །མ་བཅོས་ཐད་ཀར་སྐྱོང་བའི་ལམ་ཁྱེར་དང་བསྒྲགས་པས། །སྐུ་གསུམ་གདོད་མའི་རྒྱལ་ཐབས་མིག་འཕྲུལ་ལྟར་བསྙེགས་པས། །འཁྲུལ་སྣང་འཁོར་བའི་རྫུན་རིས་ཡོད་ཡོད་ནི་མི་འདྲ། །ཨ་འཐས་བློ་ཡི་འཛིན་སྟངས་གང་དགའ་རུ་བསྐྱུར་ཐོང་། །གཏད་མེད་ཀློང་ཆེན་གྲོལ་བའི་གུ་ཡངས་ཀྱི་མལ་དུ། །ཞེན་མེད་ཁྲོལ་ལེར་ཉལ་བའི་སྨྱོན་པ་ངའི་སྐྱིད་པ། །ཆོས་དང་ཆོས་མིན་བྱ་བྱེད་རྩིས་གདབ་ནི་མི་འདུག །ངོ་བོ་ཉིད་ཀྱི་བཞུགས་ཚུལ་རྩོལ་སྒྲུབ་དང་བྲལ་བ། །རྟོགས་པས་སྐད་ཅིག་ཁོ་ནར་ལྷུན་གྲུབ་ཏུ་རྫོགས་པས། །ཡུན་རིང་ངལ་བརྒྱས་འབད་པའི་ཚི་ཆད་དེས་ཅི་བྱ། །ད་ལྟའི་སངས་རྒྱས་རྗེན་རྗེན་འདི་ག་རང་ལགས་མོད། །སྣང་སེམས་གཞི་གྲོལ་དག་པའི་རང་ངོ་ལ་ལྟོས་དང་། །བསྐལ་མང་ལམ་གྱི་ངལ་བས་སྦྱངས་བགྲོད་ནི་ཅི་ཞིག །བློས་བྱས་བྱིས་པའི་ལད་མོ་གང་དགའ་རུ་སྐྱུར་ཐོང་། །ཀློང་གྲོལ་བྱར་མེད་རྒྱལ་པོ་ཀློང་ཆེན་གྱི་བུ་རྒྱུད། ཨ་ལ་ལ་ཧོ། །
གང་ཤར་ལྷུག་པོར་བརྗོད་པ་བྱུང་རྒྱལ་མགྲིན་པའི་རོལ་མཚོ།
དཔལ་མགོན་བླ་མ་དམ་པ་གཞན་ཕན་ཆོས་ཀྱི་སྣང་བ་ལ་ཕྱག་འཚལ་ལོ། གང་གི་རང་བཞིན་བསམ་གྱིས་མི་ཁྱབ་མཁའ་ལྟར་དག །ཡོད་དང་མེད་པའི་སྤྲོས་པ་ཀུན་བྲལ་འདུས་མ་བྱས། །སོ་སོར་རང་རིག་རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །མཉམ་ཉིད་མི་གཡོ་ཆོས་སྐུའི་བླ་མ་དེ་ལ་འདུད། །ཀྱེ་ཧོ་གྲོགས་དག་འཁོར་དང་མྱང་འདས་ཞེས། །སྣ་ཚོགས་སྤྲོས་པ་མང་པོའི་ཆོས་འདི་དག །རང་བཞིན་གཤིས་ལ་རྡུལ་ཙམ་མ་གྲུབ་པས། །མེད་སྣང་སྟོང་གཟུགས་ཆུ་ཡི་ཟླ་བ་འདྲ། །སྣང་ཙམ་ཉིད་ནས་ཡེ་སྟོང་ཕྱམ་གཅིག་པས། །སྤང་བླང་རིས་མེད་རྫོགས་པ་ཆེན་པོའི་ངང་། །བྱ་དང་རྩོལ་མེད་བསྒྲུབ་བྱ་སྒྲུབ་བྱེད་མེད། །རང་བཞག་ཡེ་བབས་བསལ་བཞག་བྲལ་བ་ལགས། །འཛིན་པའི་ཀུན་རྟོག་བར་སྣང་བྱ་རྗེས་འདྲ། །མིང་ཙམ་དོན་ལ་ངོས་བཟུང་རྡུལ་ཙམ་མེད། །མེད་ཅེས་འཛིན་པའང་བར་སྣང་སེར་བུ་འདྲ། །འགྱུ་སྟོང་རང་ཡལ་རྗེས་མཐུད་བྲལ་བར་སྐྱོང་། །ཐོག་མེད་དུས་ནས་འཁྲུལ་བའི་གཞན་དབང་གིས། །རྨི་ལམ་ལྟ་བུའི་སྲིད་པ་འདིར་འཁྱམས་ཀྱང་། །སྨིག་རྒྱུའི་ཆུ་མཐོང་ཉེ་སར་ཕྱིན་པ་བཞིན། །འཁྲུལ་བའི་མཚང་ཤེས་ཡ་མཚན་དགོད་རེ་བྲོ། །སྣང་སེམས་གང་ཡང་འཛིན་པས་མ་བཅིངས་ན། །རང་གྲོལ་ཉིད་དེ་མེ་ལོང་གཟུགས་བརྙན་འདྲ། །གཉིས་མེད་ཟང་ཐལ་ཆོས་ཉིད་རིག་པའི་ངང་། །ནམ་མཁའི་མདུད་པ་བར་སྣང་བྱ་རྗེས་འདྲ། །གཏད་མེད་བློ་བྲལ་འཛིན་མེད་ཟང་ཀ་མ། །ཤུགས་འབྱུང་རྒྱ་ཡན་རེ་དོགས་བྲལ་བ་ནི། །ཆོས་སྐུའི་བླ་མ་རང་ཞལ་མཇལ་བ་སྟེ། །རྟོགས་པའི་བྱིན་བརྒྱུད་ཐོབ་པས་ཉམས་རེ་དགའ། །ཞེན་པའི་སེམས་ཀྱང་འདི་ཞེས་ངོས་བཟུང་མེད། །རང་ཞི་རང་ཡལ་ནམ་མཁའི་རི་མོ་འདྲ། །གནད་ཤེས་ཙམ་གྱིས་འཁྲུལ་བ་རུ་ལོག་པས། །སྤང་བྱའི་ཆོས་མེད་རྒྱ་ཡན་ཕྱམ་ཕྱམ་གཅིག །རྟོགས་དང་མ་རྟོགས་བློ་ཡི་རི་མོ་སྟེ། །བློ་བྲལ་གཤིས་ལ་རྟོགས་བྱ་རྡུལ་ཙམ་མེད། །ཡིན་ལུགས་གཤིས་ལ་བཙན་ས་ཟིན་པ་ལགས། །ད་ནི་འཁྲུལ་དང་མ་འཁྲུལ་མིང་ཙམ་སྟེ། །རིག་པའི་གཤིས་ལ་འཕོ་དང་འགྱུར་མེད་པས། །འཁོར་འདས་རོ་གཅིག་རིག་སྟོང་ཐིག་ལེའི་དབྱིངས། །རྟག་ཏུ་མི་འགྱུར་སྤྲོས་དང་བྲལ་བ་ལགས། །ཡེ་སྟོང་ཡོངས་སྟོང་རང་སྟོང་བློ་ལས་འདས། །འགྱུ་སྟོང་རང་ཤར་རང་གནས་སོ་མའི་གདངས། །གར་བབས་ཕྱང་ཆད་ཧར་སངས་དྲན་གཞི་ཟད། །ད་ནི་བྱ་བྱའི་ཆོས་ལས་འདས་པ་སྙམ། །དེ་སྐད་གང་ཤར་ལྷུག་པོར་བརྗོད་པའི་གཏམ། །སྒྱུ་མའི་རྣལ་འབྱོར་གཏད་མེད་གུ་ཡངས་པོས། །སྣ་ཚོགས་འདུ་འཛིས་བྲེལ་བའི་སྡེ་དགོན་ནས། །བྱུང་རྒྱལ་མགྲིན་པའི་རོལ་མོ་འཁྲོལ་བ་ལགས། །ཞེས་སྨྲས་སོ། །
སྐྱོ་སུན་ལམ་ཁྱེར་ཅིར་སྣང་ཡེ་ཤེས་འཁོར་ལོ།
ཀྱེ་ཧོ། གནས་འཁོར་བ་སྒྱུ་མའི་གྲོང་ཁྱེར་ན། །བསླུ་བྲིད་ཀྱི་ཡུལ་རྐྱེན་གྲངས་མང་ཡང་། །སྣང་སེམས་ལ་རྩིས་གདབ་ཟད་ཙ་ན། །སྤང་གཉེན་དང་ལམ་ཁྱེར་རྫུན་དུ་གདའ། །ནམ་མཁའི་རྣལ་འབྱོར་ཞེས་མི་ཟེར་རམ། །ཆུང་མ་ལས་སྐྱེས་ནས་ད་བར་དུ། །ལུགས་གཉིས་ཀྱི་དམ་ཚིག་ནང་གཤིན་པའི། །ལྷ་གྲོགས་ཁོང་བདེ་ཆེན་དབྱིངས་སུ་གཤེགས། །འདི་སྐྱོ་སུན་གྱི་གཞི་རུ་ཆེ་མོད་ཀྱང་། །ངེད་གུ་ཡངས་ཀློང་གྲོལ་གྱི་རྣལ་འབྱོར་ལ། །བདེ་གསལ་དང་མི་རྟོག་ཉམས་ཀྱི་རྩལ། །བདེ་སྡུག་དང་སྐྱོ་སུན་ཡུལ་གྱི་རྐྱེན། །གང་བྱུང་ལ་རེ་དོགས་སྤང་བླང་ཞིག །ཅིར་སྣང་ཀུན་ཡེ་ཤེས་ཀྱི་རོལ་པ་ལ། །བླང་དོར་གྱིས་དམིགས་ཞེས་དབྱེ་བསལ་མེད། ཨ་ལ་ལ། །ཞེས་ཀྱང་སྨྲས་པའོ། །དགེའོ། བཀྲ་ཤིས། །
ཐོག་འགེལ་སྙེམས་ཐག་གཅོད་པའི་གཏམ་བདེ་ཆེན་རང་འབར།
སངས་རྒྱས་སྟོང་གི་ཞལ་སྐྱིན་མཆོག །མགོན་ཨོ་རྒྱན་རྗེ་དང་དབྱེར་མེད་པའི། །དྲིན་འཁོར་མེད་སངས་རྒྱས་གཞན་ཕན་པ། །བུ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་ལས་ཉོན་ཅན་གྱི་སྣང་ངོ་རུ། །མྱ་ངན་འདའ་བའི་ཚུལ་བསྟན་ཀྱང་། །ཐུགས་ཟག་མེད་ཡེ་ཤེས་དགོངས་པའི་ཀློང་། །རང་རིག་པའི་གཤིས་དང་འདུ་འབྲལ་མེད། །ཕ་མཁྱེན་བརྩེའི་ནུས་ལྡན་སྤྲུལ་བའི་སྐུ། །དུས་རྟག་ཏུ་འདུ་འབྲལ་མེད་མཐོང་བས། །ད་འཁོར་བར་འཁྱམ་གྱིས་མི་དོགས་ཏེ། །སྣང་སྲིད་ཀུན་བླ་མའི་དཀྱིལ་འཁོར་དངོས། །གང་བྱུང་བྱིན་རླབས་ཤེས་པས་བདེ། །འགལ་རྐྱེན་གྱི་རྣམ་པ་ཅི་ཤར་ཡང་། །དག་ཆེན་བླ་མར་ཤེས་ཙ་ན། །མོས་གུས་དང་བྱིན་རླབས་རྒྱུན་ཆད་མེད། །ཐམས་ཅད་དངོས་གྲུབ་ཏུ་ཤེས་པས་བདེ། །རྟོག་ཚོགས་གང་ཤར་ཡེ་ཤེས་ཀྱི། །རང་ངོ་ཟང་ཐལ་དུ་ཡེ་མཉམ་པས། །སྤང་བླང་དང་རེ་དོགས་བྱ་མ་དགོས། །ཐམས་ཅད་ཆོས་ཉིད་གྲོལ་བས་བདེ། །ན་ཚ་དང་ཟུག་གཟེར་གང་བྱུང་ཡང་། །དེ་ཉིད་རྟོགས་པའི་གསལ་འདེབས་ཏེ། །ལམ་གྱི་བོགས་འབྱིན་གྲོགས་སུ་ཤར། །ཉམ་ང་མེད་པས་བློ་རེ་བདེ། །སྣོད་ལ་བལྟས་པས་བླ་མའི་ཞིང་། །ཡེ་ཤེས་འོད་ལྔའི་གདངས་སུ་གྲོལ། །བཅུད་ལ་བལྟས་པས་བླ་མའི་སྐུ། །སྣང་སྟོང་རྡོ་རྗེའི་སྐུ་རུ་གྲོལ། །ངག་ལ་བལྟས་པས་བླ་མའི་གསུང་། །གྲག་སྟོང་རྡོ་རྗེའི་གསུང་དུ་གྲོལ། །སེམས་ལ་བལྟས་པས་བླ་མའི་ཐུགས། །ཡེ་གྲོལ་མཁའ་མཉམ་དག་པར་གྲོལ། །བཟང་ངན་རྐྱེན་སྣང་ཅི་དང་ཅིར། །ཞེན་མེད་རང་གྲོལ་སྐྱོང་ཙ་ན། །བླ་མའི་མཛད་པར་རོ་གཅིག་པས། །ལས་ལ་སྤང་བླང་མེད་པས་བདེ། །བདེ་ཆེན་རང་འབར་རྡོ་རྗེའི་གླུ། །ཐོག་འགེལ་སྙེམས་ཐག་གཅོད་པའི་གཏམ། །གང་ཤར་ལྷུག་པར་བརྗོད་པ་འདི། །གཅོད་ཕྲུག་ཡོན་ཏན་མགོན་པོས་བྲིས། །དགེའོ། བཀྲ་ཤིས། །
ན་ཚ་ལམ་ལྷོང་རོ་སྙོམས་བདེ་ཀློང་རང་འཁྱིལ།
ཕ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་། །སངས་རྒྱས་གཞན་ཕན་སྣང་བ་དེ། །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །རྣལ་འབྱོར་ཡོན་ཏན་མགོན་པོ་བདག །བསྙེན་སྒྲུབ་ཐུན་ལ་གནས་པའི་ཚེ། །སྐྱབས་གཅིག་བླ་མའི་ཐུགས་རྗེ་ལས། །རྐྱེན་སྣང་རིག་པའི་གསལ་འདེབས་བྱུང་། །ཙིཏྟ་རིན་ཆེན་གུར་ཁང་དུ། །གཡོ་བྱེད་རླུང་གི་ཕྱག་རྒྱ་མོས། །ཀུན་བྱེད་ཐབས་ཀྱི་རྒྱལ་པོ་ལ། །གཉིས་སུ་མེད་པར་སྦྱོར་བ་ལས། །ཟ་ཟི་ཕྱད་ཕྱོད་གྱ་མ་གྱུ། །སྣང་ཞེན་གཏད་སོ་ཞིག་ལ་ཁད། །འཛིན་པ་རང་དག་རྟོག་བྲལ་དང་། །ཟང་ཐལ་ནམ་མཁའ་དག་པ་འདྲ། །དེ་ཚེ་རྟོགས་པའི་ངོ་སྤྲོད་ཐོབ། །མགུར་དབྱངས་འདི་འདྲ་ལེན་སྙིང་འདོད། ཧོ་ཧོ། རྣལ་འབྱོར་སེམས་ལ་ཚུར་བལྟས་པས། །ཟུག་གཟེར་ཐད་ཀར་ཤར་དུས་སུ། །ངོ་བོ་རང་དག་སྟོང་སངས་གཅིག །བལྟ་བྱ་ལྟ་བྱེད་བློ་དང་བྲལ། །འགྱུར་མེད་བར་སྣང་དག་པ་འདྲ། །རྟོགས་པ་ཆོས་སྐུའི་ངོ་སྤྲོད་ཐོབ། །ཟུག་ཤེས་རྗེན་པ་རང་གསལ་བ། །འཛིན་པ་རང་དག་ས་ལེ་བ། །ཡིད་ཀྱིས་མ་བཟུང་སང་ངེར་གསལ། །རྡུལ་དང་བྲལ་བའི་སེར་བ་འདྲ། །རྟོགས་པ་ལོངས་སྐུའི་ངོ་སྤྲོད་ཐོབ། །ཟ་ཟིར་ཤར་བའི་འགྱུ་འཕྲོའི་ཆ། །རང་ཡལ་རྗེས་མཐུད་བྲལ་བ་ནི། །ཤར་དུས་ཉིད་ནས་ཟང་ཐལ་ལེ། །འགྱུ་བར་སྣང་ཡང་ངོས་བཟུང་བྲལ། །མེ་ལོང་དྭངས་པའི་གཟུགས་བརྙན་འདྲ། །རྟོགས་པ་སྤྲུལ་སྐུའི་ངོ་སྤྲོད་ཐོབ། །ན་དང་འཆི་བའི་མཚན་ཉིད་འདི། །སྤྱི་ལ་སྡུག་བསྔལ་བདེན་པར་གྲགས། །རེ་དོགས་ཟད་པའི་རྣལ་འབྱོར་ལ། །གང་ཡང་བདེ་ཀློང་གཅིག་ཏུ་འཁྱིལ། །ན་བས་ཆོས་ཉིད་ཉམས་སུ་མྱོང་། །ཤི་བས་ཆོས་ཟད་མྱ་ངན་འདས། །མི་བདེ་མ་མཆིས་བདེ་མོར་མཆིས། །སྐྱིད་པའི་གླུ་ཆུང་ལེན་སྙིང་འདོད། །དགའ་བའི་ཞབས་བྲོ་འཁྲབ་སྙིང་འདོད། །རྐྱེན་ལ་བཟང་ངན་རྩིས་གདབ་མེད། །གང་ཡང་གྲོགས་སུ་ཤར་བས་བདེ། །གདོན་ལ་མི་དགེ་རྣམ་རྟོག་མེད། །སྣང་སྲིད་བླ་མར་ཤར་བས་བདེ། །ནད་ལ་མི་འདོད་སྤང་བློ་བྲལ། །ཐམས་ཅད་རིག་པར་མཉམ་པས་བདེ། །རྣལ་འབྱོར་བདེ་བའི་གླུ་ཆུང་འདི། །སྤྲང་སྨྱོན་མགོན་པོའི་མིང་གིས་བྲིས། །ཉམས་དང་རྟོགས་པ་ཅི་ཡིན་ཡང་། །རང་རྩིས་ཞེན་བློ་བདག་ལ་མེད། ཧ་ཧ། །
ཕ་བླ་མའི་སྐུ་དྲིན་དྲན་པ་རྒྱང་འབོད་སྐྱིད་པའི་གླུ་ཆུང་།
རྗེ་ཡོན་ཏན་ཀུན་ལྡན་རྡོ་རྗེ་འཆང་། །དྲིན་འཁོར་མེད་སངས་རྒྱས་གཞན་ཕན་པ། །དུས་འདི་ནས་བྱང་ཆུབ་མ་ཐོབ་པར། །སྤྲང་བདག་ལ་སྐྱབས་གནས་ཁྱེད་ལས་མེད། །བདག་སྔོན་སྦྱངས་ལས་འཕྲོ་མི་ཆེ་རུང་། །ཕ་སངས་རྒྱས་ཁྱེད་ཀྱི་བཀའ་དྲིན་གྱིས། །སེམས་གཉུག་མའི་རང་ཞལ་རྗེན་པར་མཐོང་། །ཡིན་མིན་གྱི་ཐེ་ཚོམ་རང་ངོར་ཟད། །རྒྱུད་ལུང་དང་མན་ངག་ཞལ་བསྡུར་ཡང་། །ད་གཟོད་སྒྲོ་འདོགས་གཅོད་མ་དགོས། །ཕ་སྐུ་དྲིན་ཆེའོ་གཞན་ཕན་པ། །བསམ་བཞིན་མོས་གུས་ཀྱི་མཆི་མ་འཁྲུགས། །ཤ་ཁྲག་རྡོས་བཅས་ཀྱི་སྒྱུ་ལུས་འདི། །ཕ་ཁྱེད་ཀྱི་དྲིན་དུ་ཕུལ་ལགས་ཀྱང་། །རང་བསོད་ནམས་དམན་པའི་ལས་སྐལ་གྱིས། །ཡུན་རིང་ཞབས་ཏོག་གི་སྐལ་བ་ཆུང་། །འོན་ཀྱང་འབྱུང་སྒྱུ་འདི་ཟད་ཟད་དུ། །ལུས་སྲོག་ལྟོས་མེད་ཀྱི་བརྩོན་འགྲུས་ཀྱིས། །ཕ་ཁྱེད་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར། །ད་དུང་ཟད་སར་མི་སྐྱོལ་རེ། །ཕ་ཡེ་ཤེས་སྒྱུ་མའི་སྐུ་ཅན་ལ། །གཤེགས་བཞུགས་ཀྱི་མཚན་མ་མི་མངའ་བས། །རང་བྱུང་འོད་གསལ་གྱི་དགོངས་ཀློང་ན། །འདུ་འབྲལ་མེད་པས་ང་རེ་སྤྲོ། །སྣང་སེམས་སྒྱུ་མའི་ཆོ་འཕྲུལ་ལ། །ཨ་འཐས་ཀྱི་བདེན་ཞེན་རང་དག་ཀྱང་། །ཐོག་མེད་ཀྱི་བག་ཆགས་གོམས་ཆེ་བས། །དངོས་སྣང་ལ་སྤྲུལ་བསྒྱུར་མ་ནུས་ཙམ། །བཟོ་མེད་ཀྱི་རིག་པ་རྗེན་པ་ལ། །བློས་བྱས་ཀྱི་ཞེན་པ་རང་ཟད་པས། །སྟོང་འཛིན་གྱིས་རྒྱས་འདེབས་བྱ་མ་དགོས། །བློ་བྲལ་གཏད་མེད་ཀྱི་རྣལ་འབྱོར་ང་། །གང་ལྟར་བྱས་ཀྱང་སྐྱིད་པ་འབྱུང་། །སྐྱིད་པའི་གླུ་ཆུང་ལེན་སྙིང་འདོད། །
སྨྱོན་པ་ལང་ཤོར་གྱི་གཏམ་ཆལ་མ་ཆོལ་གླུ།
ཁྱེད་རི་སུལ་གྱི་བྱ་བྲལ་སྨྱོན་པ་ལ། །སྡེ་དགོན་ཆགས་སྡང་གི་ཁྲོད་ཤེད་ན། །ངེད་སྤྲང་བཙུན་སྨྱོན་པ་གུ་ཡངས་པོས། །སྨྱོ་གཏམ་དུམ་ཆོད་འདི་བྲིས་ཏེ་འབུལ། །ཁ་ཡན་ཀུན་རྟོག་གི་བུ་ཆུང་ལ། །རྒྱས་འདེབས་གཉེན་པོ་ཡི་མགོ་འཛིན་དེས། །སླར་ལ་ལང་ཤོར་དུ་འགྲོ་ཉེན་ཆེ། །རང་གཤིས་འཆོས་མེད་དུ་ཡན་དུ་ཆུག །རྨི་ལམ་ཉིང་འཁྲུལ་གྱི་སྣང་ཆ་ལ། །མོས་གུས་ལམ་འཁྱེར་གྱི་དག་སྣང་དུ། །རྗེ་དང་མངོན་སུམ་དུ་མཇལ་བ་དེ། །ལས་འཕྲོ་སྐལ་བཟང་དུ་ངེས་མོད་ཀྱང་། །ཞལ་གཟིགས་ལུང་བསྟན་གྱི་རྟགས་མཚན་ལ། །ཧ་ཅང་མངོན་ཞེན་གྱིས་བཅིངས་དྲགས་ན། །སླར་ལ་བར་ཆད་ཀྱི་འཇུག་སྒོ་ལྡང་། །གང་ཡང་རྩིས་མེད་དུ་སྐྱོངས་ཤིག་ཨང་། །བཟང་ཞེན་བློར་གོམས་ཀྱི་གསལ་སྣང་ཙམ། །རྩེ་གཅིག་ཉམས་སྣང་གི་འཆར་སྒོ་ལ། །བདེན་རྫུན་གཉིས་ཀ་རུ་ཐག་ཆོད་དཀའ། །འོན་ཀྱང་དག་སྣང་གི་ཡང་རྩེ་རུ། །བླ་མའི་གསལ་སྣང་འདི་ཁྱད་པར་འཕགས། །བྱིན་རླབས་དངོས་གྲུབ་ཀྱི་འབྱུང་གནས་ཡིན། །ཕུར་ཚུགས་ཁྱེད་ཤེས་ཀྱིས་གསོལ་བཏབ་ན། །ནམ་ཡང་བསླུ་མེད་ཀྱི་བྱིན་བརྒྱུད་འཐོབ། །ཚོགས་དྲུག་ཡུལ་སྣང་གི་ཕྱག་རྒྱ་ལ། །ཞེན་མེད་ཐུག་འཕྲད་ཀྱི་རྩེད་འཇོ་མཁན། །འཕྱོན་མ་ལང་ཤོར་གྱི་གཅེས་ཕྲུག་ངས། །ཐབས་ཤེས་རྐང་བྲོ་ཞིག་འཁྲབ་སྙིང་འདོད། །ཉམས་མཚར་གླུ་ཆུང་ཞིག་ལེན་སྙིང་འདོད། །ཀ་དག་རིག་སྟོང་གི་རང་ངོ་འདི། །མ་བཅོས་ཟང་ཐལ་དུ་ཐད་ཀར་ཞོག །བཅོས་ན་བློས་བྱས་སུ་འགྲོ་ཉེན་ཆེ། །རང་བབས་སོ་མ་ཞིག་དགོས་ཚོད་གདའ། །མ་བཅོས་ཟང་ཐལ་གྱི་རིག་སྟོང་འདི། །བློ་བྲལ་ཆོས་ཉིད་ཀྱི་བཞུགས་ཚུལ་ཡིན། །སྙེམས་བྱེད་ངེས་ཤེས་ཀྱིས་མ་བཅིངས་དགོས། །ལྟ་བའི་མཐར་ཐུག་དེ་འདི་ལ་མཛོད། །རང་གནས་ཟང་ཐལ་གྱི་ཤེས་པ་ལ། །ཆེད་འཛིན་ངེས་བཟུང་གི་དམིགས་གཏད་བྲལ། །བསྐྱང་བྱ་སྐྱོང་བྱེད་ཀྱི་མཐའ་ལས་འདས། །རིག་སྟོང་རྗེན་མེད་ཀྱི་རང་ས་ཟིན། །འཛིན་ཞེན་ཡུལ་མེད་དུ་དག་ཙ་ན། །བློ་བྲལ་རང་གནས་ཀྱི་བསྒོམ་པ་ཡིན། །བློས་བྱས་འགྱུ་དྲན་གྱི་འཆིང་བ་འདིས། །འཁོར་བ་མཐའ་མེད་ཞིག་འགྲུབ་ཚོད་གདའ། །འགྱུ་སྣང་རང་ཡལ་ལ་རྗེས་མཐུད་མེད། །ཐད་ཀར་ཆོས་ཉིད་དུ་ཟང་ཐལ་ལེ། །གནས་འགྱུ་ཐ་དད་དུ་དབྱེ་བསལ་མེད། །གང་ཡང་ཞེན་མེད་དུ་ཁྲོལ་ལེར་ཞོག །ཤར་གྲོལ་རིས་མེད་དུ་དག་ཙ་ན། །སྤྱོད་པ་ཡེ་གྲོལ་ཞེས་ལོགས་ན་མེད། །རྗེས་འཛིན་གཅེར་མཐོང་གི་བརྟག་དཔྱད་འདིས། །རྟོག་པ་ཉིང་འཁྲུལ་དུ་འབྱམས་ཚོད་གདའ། །སྐུ་གསུམ་རང་གནས་ཀྱི་རང་ངོ་ལ། །ཉམས་ཞེན་བློས་བྱས་ཀྱི་འཁྲིས་ཟད་ན། །རྩོལ་མེད་རང་བཞག་གི་འབྲས་བུ་ཐོབ། །བྱར་མེད་བློ་འདས་སུ་གཅེར་ཉལ་བྱེད། །ཨ་འཐས་རྩོལ་སྒྲུབ་ཀྱང་ཡུལ་ན་མེད། །རེ་དོགས་བླང་དོར་གྱི་འཕྲང་ལས་བརྒལ། །ཕྱི་དུས་ཡིད་སྨོན་ལ་ཞེན་པ་ཚོས། །འབྲས་མེད་ངལ་ཁུར་ཞིག་འགྲུབ་ཚོད་གདའ། །བློ་བྲལ་སྨྱོན་པ་ཡི་རང་གཤིས་ཅན། །གཅིག་པུར་རི་སྟོང་དུ་ཉལ་བ་ཁྱོད། །ཨ་འཐས་ལྟ་སྒོམ་ལ་བློ་མ་གཏོད། །ཡིད་དཔྱོད་རྗེས་འདེབས་ལ་རེ་མ་འཆའ། །གསལ་སྟོང་རིས་ཅན་ལ་སྙེམས་མ་འཆང་། །མཐའ་གྲོལ་བྱར་མེད་དུ་བློ་ཐག་ཆོད། །བྱར་མེད་ཐ་མལ་དུ་ཡས་ལ་བོར། །སྒོམ་བློའི་ཞེན་པ་དེ་ཁྲོལ་ལ་ཞོག །ཟང་ཐལ་ངོས་བཟུང་དེ་བཤིག་ལ་ཞོག །འདི་ཡིན་འདི་མིན་གྱི་རྩིས་གདབ་མེད། །གང་འགྲོ་གར་བབས་སུ་བསྐྱུར་ལ་ཞོག །ལར་ངོས་བཟུང་མེད་ན་ལྟ་བ་ཡིན། །བཞག་ས་མེད་ན་བསྒོམ་པ་ཡིན། །ཤར་གྲོལ་མཉམ་ན་སྤྱོད་པ་ཡིན། །རེ་དོགས་ཟད་ན་འབྲས་བུ་ཡིན། །བུ་ཆུང་སྣང་བ་བདེ་ཞལ་ལ། །བྱར་མེད་ཆོས་ཉིད་ར་བ་རུ། །བསྒོམ་མེད་བཟང་མོའི་ཞལ་འཛུམ་སྐྱོང་། །རིག་པ་འདུས་མ་བྱས་པ་ལ། །བཅོས་ཀྱང་འཆོས་སུ་མི་གདའ་ན། །ལང་ཤོར་སྤྲང་པོའི་བུ་རྒྱུད་ལ། །ལྟ་བསྒོམ་ཁྲིགས་ཆགས་དགོས་རྒྱུ་མེད། །ཅི་བྱུང་གང་བྱུང་ཐད་ཀར་ཞོག །གང་ཡང་ཆོས་སྐུའི་ཡོ་ལང་ཡིན། །བན་སྨྱོན་ཡོན་ཏན་མགོན་པོ་བདག །མིང་ལ་ཆོས་ལྡན་ཟེར་ཡང་ཟེར། །དོན་ལ་ཆོས་མེད་བྱར་མེད་ཡིན། །སངས་རྒྱས་འཐོབ་ཀྱི་རེ་བ་མེད། །འཁོར་བར་འཁྱམས་ཀྱི་དོགས་པ་མེད། །གཏམ་འདི་སྨྱོ་གཏམ་དུམ་ཆོད་ཡིན། །བདེན་ཡང་སྲིད་ལ་རྫུན་ཡང་སྲིད། །འཐད་འཐད་འདྲ་ན་ཐུགས་ལ་ཞོག །མི་འཐད་དགོངས་ན་མེ་ལ་རམ། ཧེ་ཧེ་ཨ་ལ་ལ། ཨ་ལ་ལ། །འཇམ་རྒྱལ་ལ་གསུངས་པ་དགེ །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།