ཁྱེད་རྣམས་ནི་ལང་ཚོའི་མྱུ་གུ་འབུས་མ་ཐག་པ་དང་། མི་ཚེའི་ཉི་གཞོན་གྱི་ཞོགས་པའི་དུས་ཚོད་དུ་ཁེལ་བ་ལྟ་བུ་ཞིག་ཡིན། ཁྱེད་རྣམས་ནི་མ་འོངས་པའི་གངས་ལྗོངས་དང་ཕ་ཡུལ་འདིའི་བདག་པོ་རེད་ལ། གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭ་ཆེན་པོ་འདིའི་བསྟན་རྒྱུན་འཛིན་མཁན་ཡང་རེད། ཁྱེད་ཚོ་ནི་ཕ་མ་དང་མཁན་སློབ་ཀྱི་གཅེས་ཕྲུག་རེད་ལ། འབྱུང་འགྱུར་གསར་པའི་མདུན་ལྗོངས་ཀྱི་གཅེས་ནོར་ཡང་ཡིན། ཁྱེད་ཚོ་དེ་འདྲའི་མཐོང་ཆེན་པོ་དང་དེ་འདྲའི་རེ་བ་ཆེན་པོ་བྱ་ཡུལ་ཞིག་ཡིན་པས། ཁྱེད་ཚོ་ལས་དགའ་བ་དང་། ཁྱེད་ཚོ་ལས་སྤྲོ་བ་ལྡན་འོས་པ་སུ་ཞིག་ཡོད། འོན་ཀྱང་སྤྲོ་སྣང་ཡོད་པ་གཅིག་པུས་མི་ཆོག་པར། ཞུམ་པ་མེད་པའི་སྤོབས་པ་ཡང་ཡོད་དགོས། ཕ་མ་དང་མཁན་སློབ་ཀྱི་རེ་འདུན་དེ་ནི་ཁྱེད་ཚོའི་ངོས་ནས་མ་འོངས་རང་བསྟན་སྤེལ་བའི་ལས་ཁུར་ལྗིད་པོ་ཞིག་ཡིན་པས་སྙིང་སྟོབས་དང་བརྩོན་འགྲུས་ཅན་ཞིག་མིན་ན། རེ་འདུན་གནང་བ་དེ་སྟོང་པར་འགྱུར་སྲིད། དུས་ཚོད་ཅེས་པའི་དབང་ཆེན་འདི་སྐད་ཅིག་ཀྱང་མི་སྡོད་པར་མི་ཚེ་དང་མཉམ་དུ་མ་འོངས་པའི་ཕྱོགས་སུ་འགྲོ་བཞིན་ཡོད། འདིས་དེ་སྔ་གཞོན་ནུ་ཕྱི་དལ་ཅན། བླ་གྲྭ་ལོག་འཚོ་མཁན། རྐུན་ཇག་ཧམ་སེམས་ཅན། མ་རབས་གདོལ་སྤྱོད་མཁན་སོགས་མང་པོ་ཞིག་བཅོམ་ནས་ལག་པ་སྟོང་པར་གཏམ་ངན་ཙམ་ཤུལ་དུ་བསྐྱུར་ཏེ་འཇིག་རྟེན་ཕྱི་མའི་ལམ་དུ་བཏང་ཟིན། བླུན་རྨོངས་ལེ་ལོ་ཅན་མང་པོ་ཞིག་ལ་སྐྲ་དཀར་དང་གཉེར་མའི་རྟགས་ཐམ་བརྒྱབས་ནས། འབྱུང་བཞི་རྒུད་པར་བྱེད་པའི་རྒ་བའི་ཆད་ལས་དྲག་པོས་ཚར་བཅད་སོང་། ཡང་ཡ་རབས་དམ་པའི་སྐྱེ་བོ་མང་པོ་ཞིག་འདིས་བདེ་ནས་བདེ་བར་བགྲོད་པའི་ལམ་དུ་བསྐྱལ་བ་དང་། དེ་དག་གི་ཞལ་གྱི་བདུད་རྩི་མངར་པོའི་ལེགས་སྐྱེས་མང་པོ་ཞིག་རང་རེ་ཕྱི་རབས་པ་རྣམས་ལ་འགྲེམས་ཀྱིན་ཡོད། ལོ་རྒྱུས་ནི་མདུན་ཕྱོགས་སུ་བསྐྱོད་བཞིན་ཡོད་ལ། དེར་བསྟུན་ཁྱེད་ཅག་གི་ལང་ཚོ་ཡང་རིམ་གྱིས་དར་ལ་བབས་པར་འགྱུར་བས་ཇི་སྲིད་ཀྱི་བར་དུ་སང་ཉིན་ལ་ཟད་པ་མེད་ཅིང་། དེ་རིང་གི་ཉི་མ་སླར་ལོག་མི་སྲིད་པས། ལ་འུར་མགོ་ལ་མེ་ཤོར་ལྟ་བུའི་བརྩོན་པ་བརྒྱ་འགྱུར་བསྐྱེད་དེ་གནས་ལྔ་རིག་པའི་ཡོན་ཏན་སྦྱང་པ་གལ་ཆེ་ཞིང་སོ་སོའི་གཤིས་རྒྱུད་བཟང་པོར་འཆོས་པ་བརྗེད་མི་རུང་། བཟང་པོའི་གྲོགས་དང་བླ་མར་བསྟེན་ན་རང་ཉིད་བཟང་པོར་འགྱུར་བ་དང་། དེ་བཞིན་ངན་པར་བསྟེན་ན་རི་ལུང་གཟར་མོའི་ཆུ་རྒྱུན་བཞིན་ཐུར་དུ་ཕྱོགས་པ་གདོན་མི་ཟ་བས་རང་གིས་རང་ཉིད་གཅུན་པ་རང་དྲིན་རང་ལ་ཆེ་བའི་མན་ངག་ཡིན། ཤེས་བྱ་ནམ་མཁའི་གཟའ་སྐར་ལྟར་ཟད་པ་མེད་ཀྱང་། གང་ཞིག་གཅེས་པ་དེ་ཉིད་ཐོག་མར་བཟུང་ནས་ཆུ་ཐིགས་བསག་པས་རྒྱ་མཚོར་འགྱུར་བ་ལྟར་རིམ་གྱིས་སྦྱང་ན་ཤེས་བྱ་ཡིན་པའི་སྟབས་ཀྱིས་མི་ཤེས་པ་མེད། སོས་དལ་སྒྱིད་ལུག་གིས་རྣམ་གཡེང་གི་དགྲ་བོའི་དབང་དུ་ཤོར་ན། ལོ་བརྒྱ་སོང་ཡང་སྦྱང་འབྲས་བཟང་པོའི་སྐྱེད་ཐོན་མི་སྲིད་པས། ནོར་བུའི་གླིང་དུ་ན་མཉམ་འདྲ་བར་བསླེབས་ནས། ལག་པ་སྟོང་པར་རང་ཉིད་གཅིག་པུ་ཕྱིར་ལོག་མི་རུང་། མདོར་ན། གནས་སྐབས་རང་ཉིད་ཀྱི་མི་ཚེ་འདིར་སྐྱིད་པོ་ཡོང་བ་དང་། ཚེ་འདིའི་ཕ་མའི་དྲིན་ལན་གསོབ་པ། ད་ལྟའི་མཁན་སློབ་དགེ་བའི་བཤེས་ཀྱི་ཐུགས་རེ་མི་སྟོང་པ། ཡུལ་ཁམས་དང་རེ་ལྟོས་ཅན་ལ་ཕན་ཐོག་པ། རང་ཉིད་གང་ལ་སྐྱེས་པའི་བསྟན་ཆུས་འགྲུབ་པ་བཅས་དང་། མཐར་ཐུག་རང་གཞན་གཉིས་ཕན་གྱི་བྱང་ཆུབ་ཆེན་པོ་སྒྲུབ་པར་འདོད་པ་ཞིག་ཡིན་ཚེ། ངེས་པར་འབྱུང་བའི་སོ་ཐར་གྱི་སྡོམ་པ་ཚུལ་བཞིན་སྲུང་བའི་རྨང་གཞིའི་སྟེང་། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་ལ་བློ་སྦྱང་ནས། གཞན་ཕན་བྱང་ཆུབ་སེམས་ཀྱི་བསླབ་བྱ་དང་མི་འགལ་བར། རིམ་གྱིས་གསང་སྔགས་དག་སྣང་གི་སྒོར་ཞུགས་ཏེ་བསླབ་པ་གསུམ་གྱི་ཉམས་ལེན་གྱིས་མི་ཚེའི་མཐར་དབྱུང་བ་ནི་ཕ་མེས་དམ་པ་གོང་མ་ཐང་དཀར་རྒོད་པོའི་གཤེགས་ཤུལ་ཡིན་པས། དེ་དག་གི་རྗེས་བསྙེག་པར་ནུས་ན་ཕ་ཤུལ་བུ་ཡིས་ཟིན་པ་ཞེས་བྱ་བ་དེ་ཡིན། ཐོག་མར་ཁྱེད་ཅག་གིས་བླང་དོར་འདོམས་པའི་མཁན་སློབ་ལ་ཕ་མ་ལས་ལྷག་པའི་གུས་བརྩི། ཆོས་ཀྱིས་བསྡུས་པའི་མཆེད་གྲོགས་ལ་སྤུན་ཟླ་ལས་ལྷག་པའི་མཛའ་བརྩེ། དམ་པའི་གཞུང་བཟང་དྲི་མ་མེད་པ་ལ་སྨན་འཆི་སོས་ཀྱི་བདུད་རྩི་ཐོབ་པ་ལས་ལྷག་པའི་དོན་གཉེར་མཛོད་དང་། སྐྱིད་པའི་ཉི་མ་རྗེས་ནས་འཆར་བ་ད་གཟོད་ཁོ་བོས་སྨྲས་པ་བདེན་ནམ་གཟིགས་དང་གསལ་ཞེས། ཁྱེད་འཛིན་གྲྭ་ཐོག་མར་དབུ་ཚུགས་པའི་རྟེན་འབྲེལ་ལེགས་ལམ་དཀར་པོའི་མཚོན་བྱེད་དུ་བཀྲ་ཤིས་པའི་མཛོད་དར་ཉིན་མོ་བདེ་ལེགས་བཅས། དཔལ་གྱི་སེངྒེས་མཚན་པའི་རི་བོའི་ཁོང་སེང་གི་མཚམས་མལ་ཐུན་བར་ནས་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་བྲིས་ཕུལ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།