སྔ་འགྱུར་བསྟན་པའི་སྲོག་འཛིན་ངུར་སྨྲིག་འཆང་ཆེན་པོ་དོན་གྱི་ཧེ་རུ་ཀ་དཔལ་དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་༧སྐྱབས་རྗེ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་ཞབས་ཀྱི་སྐུ་དྲིན་རྗེས་དྲན་ཉམ་ཐག་གདུང་བའི་ང་རོ་ལྷག་བསམ་དུས་ཀྱི་མགྲིན་སྒྲ།
རྨད་བྱུང་ཕྱོགས་དུས་རྒྱལ་བའི་འཕྲིན་ལས་མཐུ།།
ཟླ་བྲལ་འཕགས་པའི་གཟུགས་སྐུར་ཉེར་བཀོད་པ།།
ཁྱེད་ཀྱི་རྣམ་ཐར་ངོ་མཚར་སྣང་བརྙན་འབུམ།།
འདི་ན་མ་བྲིས་ཡིད་ཀྱི་རི་མོར་གསལ།།
ཡེ་ཤེས་སྒྱུ་མ་གློག་གི་ཕྱག་རྒྱ་ཆེ།།
གདན་གསུམ་སྒྱུ་འཕྲུལ་དཔལ་ལ་ཉེར་ཆགས་པའི།།
མཚན་དཔེའི་འོད་སྟོང་འགྱུ་བའི་སྣང་ཆེན་གཟིས།།
སྲིད་པའི་གྲོང་ཁྱེར་དགའ་བའི་ངལ་འཚོ་བྱིན།།
ཐུབ་བསྟན་དྷརྨ་བཛྲའི་རྡོ་རྗེའི་ལུང་།།
སྒྲིབ་མེད་རྟགས་ཀྱི་ཕྱག་རྒྱར་ཉེར་བཀོད་པའི།།
གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་མཚན།།
ཡ་མཚན་སྲིད་པའི་ཁྱོན་འདིར་ལྷག་པར་བརྗིད།།
སྙིགས་དུས་རྒུད་པ་བརྒྱས་མནར་དུག་གི་མཚོར།།
བརྩེ་ཆེན་ཐུགས་རྗེས་མ་བཏང་ཕྱག་རིང་གིས།།
མཐའ་ཡས་མ་རྣམས་གཏན་བདེའི་འགྲམ་ངོགས་སུ།།
དབུགས་འབྱིན་ཕན་བདེའི་བྱེད་པོ་ཁྱེད་གཅིག་བསྔགས།།
ཕྱི་རུ་སོ་ཐར་འདུལ་བས་རྒྱུད་བསྡམས་ཤིང་།།
ནང་དུ་བྱང་སེམས་བསླབ་པས་ཐུགས་བཅུད་གཏམས།།
གསང་བ་གསང་ཆེན་མཆོག་གི་རྒྱལ་སར་ཕྱིན།།
དོན་གྱི་ཧེ་རུ་ཀ་དཔལ་དཀྱིལ་འཁོར་གཙོ།།
ཀློག་པ་རྟོག་གེ་ཟོལ་མའི་ངང་ཚུལ་དང་།།
སྤོང་བ་རེས་འཇོག་ཉི་ཚེའི་བསམ་གཏན་ལས།།
རིང་དུ་འདས་པའི་བདེན་གཟིགས་ཆོས་ཀྱི་རྗེའི།
ཚུལ་དགུའི་རང་གཤིས་སོ་སྐྱེའི་བློ་ལས་འགོངས།།
གང་དག་དམ་པའི་ཉི་མ་ཆུ་ལྷར་ཕྱོགས།།
ལོག་རྟོག་སྲིན་བྱ་སྨག་ལ་དགོད་པའི་ཚེ།།
ཐར་བའི་སྣང་བ་སྦྱིན་མཁས་ཁྱེད་གཅིག་པུའི།།
བཀའ་དྲིན་སྙིང་གི་རི་མོར་རྟག་ཏུ་བཀྲ།།
མཁྱེན་པས་ཆོས་ཉིད་མངོན་གཟིགས་མཁས་པའི་རབ།།
བརྩེ་བས་གདུལ་བྱ་རྗེས་འཛིན་བཙུན་པའི་མཆོག།
ནུས་པས་བསྟན་པའི་སྲོག་འཛིན་བཟང་པོའི་ཕུལ།།
དམ་པའི་རྣམ་ཐར་མི་ནུབ་རྒྱལ་མཚན་མཐོ།།
བཅུ་ཕྲག་ཟུང་གི་བགྲང་བྱའི་འཁོར་ལོ་རུ།།
གངས་ལྗོངས་རྒྱལ་བསྟན་སྲོག་རྩ་ཉག་ཕྲའི་སྐབས།།
ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པའི།།
བསྟན་སྲོག་རྒྱང་ནས་སྲུང་མཁན་ཁྱོད་མིན་སུ།།
གང་ཁྱོད་བསྟན་པའི་ཉིན་བྱེད་འོད་བརྒྱ་པ།།
གསང་ཆེན་པད་ཚལ་གཉེན་དུ་ཤར་ནས་སླར།།
ཞི་བའི་ནུབ་རིར་ཕྱོགས་པའི་མི་སྙན་སྒྲས།།
ཡིད་ཀྱི་འཁྲི་ཤིང་དུབ་པའི་ངལ་བ་བསུས།།
ཐུབ་བསྟན་འོ་མའི་མཚོ་ལ་དབང་བྱས་ཏེ།།
དམར་སེར་འདུས་པའི་ཁྱུ་ཡི་མདུན་བདར་བའི།།
རྗེས་བརྩེའི་གཤོག་ཡངས་དཀར་པོར་རྟག་བསྙེགས་པའི།།
རིགས་མཐུན་ངང་མོའི་ཁྱུ་ཚོགས་སུ་ལ་རེ།།
གང་མཚན་གྲགས་པའི་མུ་ཁྱུད་འོད་དཀར་ཅན།།
རྒྱལ་བསྟན་ཡངས་པའི་མཁའ་ལ་བཀྲག་འབར་བའི།།
མཚན་དཔེའི་དཀྱིལ་འཁོར་དབང་རིར་ཆས་པ་ཡིས།།
ཕྱོགས་འདིར་ཉམ་ངའི་གདུང་བ་དབང་མེད་བྱིན།།
འོད་གསལ་གསང་ཆེན་སྙིང་པོའི་རྒྱལ་ཐབས་ཆེའི།།
མི་འཇིགས་གདོང་ལྔས་བཏེགས་པའི་ཆོས་ཀྱི་ཁྲིར།།
ཞབས་ཟུང་བསོད་ནམས་བྱེ་བའི་འོད་སྟོང་རིས།།
སྔར་སོང་ཡིད་ཀྱི་སྣང་བརྙན་གྱུར་འདིས་སྐྱོ།།
འོན་ཀྱང་གང་ཐུགས་ཟླ་བའི་མ་མ་ལས།།
བྱུང་བའི་ངོ་མཚར་འོད་ལྡན་རི་བོང་མཚན།།
ནུབ་མེད་ས་ཆེན་དཀར་པོར་ཡོངས་བསྒྱུར་བའི།།
འཕྲིན་ལས་བདུད་རྩིའི་ཟེགས་མ་རྫོགས་མཐའ་བྲལ།།
སྔ་འགྱུར་རྒྱལ་བསྟན་ཀེ་ལ་ཤ་ཡི་རི།།
དགུ་ལྡན་བྱིན་རླབས་བརྒྱུད་པའི་རྩ་བ་བརྟན།།
བརྒྱུད་འཛིན་མཁས་གྲུབ་བྱེ་བའི་སེང་ཆེན་འཕྱོ།།
རྒྱལ་བསྟན་ཕྱི་མོར་སྲིད་འདིར་གཏན་དུ་བརླིང་།།
སྔར་ནས་གྲུབ་པའི་ས་མཐོར་རབ་གཤེགས་པས།།
སྐྱེ་དང་འཆི་བའི་མཚན་མ་ལས་འདས་ཤིང་།།
གཤེགས་དང་བཞུགས་པའི་ཐ་སྙད་ཀུན་བྲལ་ཀྱང་།།
ལྔ་བདོའི་འགྲོ་ལ་མི་རྟག་བརྡ་ཆོས་བསྟན།།
ལྷན་སྐྱེས་འོད་གསལ་གསང་བའི་ཕོ་བྲང་ཆེར།།
འཕོ་བྲལ་སྒྱུ་མའི་སྐུ་རུ་ལྡང་ཟིན་ཀྱང་།།
འབུམ་ཕྲག་དགེ་མཚན་འཁྱིལ་བའི་བྱིན་བརླབས་རྟེན།།
གཟུགས་སྐུའི་སྙིགས་མ་མཐོང་གྲོལ་དད་པའི་གསོས།།
མཚོན་བྱེད་རྟགས་ཀྱི་བླ་མ་ཞིར་གཟིམས་ཀྱང་།།
མཚོན་བྱ་དོན་གྱི་བླ་མ་སྙིང་དབུས་ན།།
མི་ཤིགས་དད་བརྒྱའི་པདྨོར་རྟག་རོལ་བས།།
འདི་ལ་གདུང་ཞིང་ཞུམ་པའི་གནས་མ་མཆིས།།
ཐོས་པས་མདོ་རྒྱུད་ཆུ་གཏེར་ཧུབ་ཀྱིས་འདྲེན།།
བསམ་པས་ཤེས་བྱ་ཀུན་གྱི་དེ་ཉིད་རྟོགས།།
སྒོམ་པས་གཞི་དབྱིངས་གཉུག་མའི་བཙན་ས་ཟིན།།
ཕ་རྗེས་བུ་ཡིས་ཟིན་པའི་མ་ནོར་ལས།།
འཆད་པས་ཐེག་མཆོག་བསྟན་པའི་རྐང་འཛིན་ཞིང་།།
རྩོད་པས་བསྟན་པའི་ལྕགས་རི་ལེགས་པར་སྲུང་།།
རྩོམ་པས་ཐུན་མིན་དགོངས་པའི་རང་གནད་གསལ།།
འདི་གཅིག་ཁོ་ནས་དམ་པའི་དགོངས་པ་རྫོགས།།
མཁས་པས་རང་གཞན་གྲུབ་མཐའི་ཕ་རོལ་སོན།།
བཙུན་པས་ཉེས་ལྟུང་དྲི་མ་རིང་དུ་དོར།།
བཟང་པོའི་འདུན་མ་མི་འབྲལ་ལྷན་སྐྱེས་ཀྱི།།
ཡོན་ཏན་བསྲེལ་བ་མཆོད་པ་ཀུན་གྱི་མཆོག།
ཐུགས་མཐུན་ཕ་གཅིག་སྤུན་བཞིན་བློ་མཐུ་སྒྲིལ།།
ཁྲིམས་གཙང་རྒྱལ་བ་དགྱེས་པའི་ལམ་བཟང་སྙེག།
མདོ་རྒྱུད་བཀའ་གཏེར་བརྒྱུད་པའི་སྲོལ་བཟུང་ན།།
སྔ་འགྱུར་རྒྱལ་བསྟན་དབུ་འཕང་ཡུན་དུ་མཐོ།།
ངོ་མཚར་མེས་པོའི་མཁས་བཙུན་གྲུབ་པའི་མཚན།།
དམའ་འབེབ་རྟགས་ལ་རེ་བའི་བསྟན་བཤིག་ཁྱུ།།
ལྷ་གྲལ་གཙང་མའི་དབུས་ནས་ཕྱིར་འདོན་པ།།
མཛད་པའི་ལྷག་མར་ངེས་སོ་དཔྱོད་ལྡན་མཆེད།།
ཆུ་བཞིན་བློ་སྣ་གཞན་དབང་མ་གྱུར་ཅིང་།།
མེ་བཞིན་རང་གཤིས་ཚ་རེག་མ་ཉམས་པས།།
ནམ་ཞིག་ཞུགས་ཆེན་འོད་ཀྱིས་བསྐལ་བའི་མུན།།
གཞོམ་པའི་གྲོས་འདི་མཁས་པའི་འདུན་ཕུགས་ལགས།།
ཕྱོགས་རེའི་ཁ་འཛིན་ཅོལ་ཆུང་གུ་དོག་བློ།།
རིང་དུ་དོར་ནས་དམ་པའི་ཆོས་འཛིན་པ།།
རྒྱལ་བ་དགྱེས་པའི་ལམ་བཟང་ཉག་གཅིག་སྟེ།།
དམ་པའི་རྣམ་ཐར་མཆོག་གིས་ཀུན་འཚོ་ཤོག།
གང་ཐུགས་ནང་གསལ་ཆོས་སྐུའི་གཞི་དབྱིངས་ལས།།
ཕྱིར་གསལ་ཁ་སྦྱོར་བདུན་ལྡན་བདག་ཉིད་ཆེས།།
གང་འདུལ་སྤྲུལ་པའི་འཕྲིན་ལས་གསར་པ་ཡིས།
སླར་ཡང་ཞིང་འདིའི་རྒུད་པ་རྟག་སོལ་ཅིག།
དཔལ་ལྡན་པདྨ་དགྱེས་པའི་ས་སྤྱོད་ཞིང་།།
ངོ་མཚར་ཡུལ་ཆེན་མཁས་གྲུབ་བྱེ་བའི་གནས།།
ངེས་དོན་བྱང་ཆུབ་ཆོས་ཀྱི་གླིང་མཆོག་གི།
བསྟན་པ་མཐའ་རྒྱས་སྲིད་མཐར་བརྟན་གྱུར་ཅིག།
ཅེས་རིས་མེད་རྒྱལ་བའི་བསྟན་ལ་ལྷག་བློ་མི་དམན་ཞིང་། དྭངས་གཙང་བསྟན་པའི་བྱི་དོར་ལ་མཆོག་ཏུ་འདུན་པ། དུས་མཐའི་ཆོས་སྨྲ་བའི་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་པདྨ་སྐལ་བཟང་དེས་མདོ་ཁམས་རྫོགས་ཆེན་གདན་སའི་ཡང་རྫོང་པདྨའི་བྲག་ཤེལ་དཀར་ལྷུན་པོའི་མདུན་ཐང་ནས་སྐྱབས་རྗེ་དམ་པ་གང་དེའི་དགོངས་རྫོགས་མཆོད་འབུལ་སྐབས་ཤར་འབྲི་བྱས་པའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།