སྲས་བཅས་རྒྱལ་བ་ཡི་ཡེ་ཤེས་ཕུང་པོ། །
མཚམས་སྤྲིན་སོ་མ་ཡི་མདངས་ཀྱིས་སྒེག་པ། །
འཇམ་དཔལ་གཞོན་ནུ་ཞེས་གྲགས་པའི་མགོན་དེ། །
རིག་ཁམས་ཡེ་ཤེས་ལས་གཞན་དུ་མི་བཙལ། །
ཡེ་བབས་རང་སྟོང་གི་ཡེ་ཤེས་ཆེན་པོ། །
ཚུག་ཐུབ་བདེན་གྲུབ་ཀྱི་དངོས་པོ་མ་ཡིན། །
འདུ་བྱེད་སྡུག་བསྔལ་གྱི་ཆོས་ལས་འདས་པ། །
སྨྲ་བསམ་བརྗོད་མེད་ཅེས་འདི་ལ་བྱའོ། །
མ་བཅོས་གཉུག་མ་ཡི་ཡེ་ཤེས་འདི་ལ། །
བཅོས་སྒྱུར་སྤོང་བླང་གིས་གོས་སུ་མ་བཅུག །
མཐའ་བྲལ་བློ་འདས་ཀྱི་ངང་དུ་ལྷོད་དང་། །
རང་གསལ་འགག་མེད་དེ་ངང་གིས་འཆར་འོང་། །
ཨུ་ཚུགས་རྩོལ་བ་ཡིས་ཇི་ལྟར་བཙལ་ཀྱང་། །
སྒྲིབ་བྲལ་ཡེ་ཤེས་དེ་ཕར་ཕར་བྲོས་འགྲོ། །
འདོད་འབྱུང་བྱང་ཆུབ་ཀྱི་སེམས་མཆོག་ནོར་བུ། །
རྩོལ་བས་རྙེད་རྒྱུ་ཞིག་ཡིན་ཚོད་མི་འདུག །
གསལ་རིག་ཡིད་སེམས་ཀྱི་གནས་ལུགས་དེ་ནི། །
མཐའ་བརྒྱད་མཐའ་བཞི་ཡི་སྤྲོས་ལས་འདས་ཀྱང་། །
ཅང་མེད་ཅི་མེད་ཀྱི་སྟོང་རྐྱང་མིན་པར། །
བདེ་ཆེན་ཡེ་ཤེས་དང་འབྲལ་མེད་འགྲོགས་ཡོད། །
རང་རིག་རང་གསལ་གྱི་ཡེ་ཤེས་སེམས་དཔའི། །
རང་ཞལ་འགགས་མེད་དེ་ཡུན་དུ་མཇལ་ན། །
ཆོས་ཕུང་བརྒྱད་ཁྲི་ཡི་དཀའ་བའི་གནད་གསང་། །
དཀྲོལ་ལ་དཀའ་བ་ཞིག་ཡོད་ཚོད་མི་འདུག །
འདི་དང་འདི་ཡིན་གྱི་གཏད་སོ་ཡོད་ན། །
ཟང་ཐལ་ཀློང་ཡངས་དེ་ཡིན་ཚོད་མི་འདུག །
འདི་ཡིན་འདི་མིན་གྱི་ངོས་བཟུང་བྲལ་བའི། །
ཀློང་ཆེན་ཡངས་པ་རུ་གློད་ན་གནད་ཡིན། །
ཀ་དག་དྲི་མེད་ཀྱི་ཤེལ་དཀར་ཁང་བུར། །
གཟུངས་སྤོབས་ཏིང་འཛིན་གྱི་ནོར་བུ་སྤུངས་ཡོད། །
མན་ངག་སྙིང་ཏིག་གི་ལྡེ་མིག་ཡོད་ན། །
སྒོ་འཕར་འབྱེད་པ་ལ་དཀའ་ཚེགས་ཅི་ཡོད། །
བསམ་ཡས་ཆོས་ཚུལ་གྱི་དགོངས་དོན་མཐའ་དག །
དྲི་མེད་རིག་ཁམས་དེ་སྟོན་ལ་འདུ་བས། །
མཐར་ཐུག་འབབ་ས་དེ་གཅིག་ལས་མེད་པར། །
ཐེག་པ་ཉག་གཅིག་ཅེས་ཡོངས་སུ་གྲགས་སོ། །
རང་དྭངས་ལྷག་མཐོང་གི་གསལ་ཆ་མེད་པར། །
ཅི་ཡང་དྲན་མེད་ཀྱི་ངང་དུ་གནས་པ། །
སྲིད་རྩེའི་སྙོམས་འཇུག་ལས་ཅུང་ཙམ་འཕགས་མེད། །
དེ་ལ་ནན་ཏན་དེ་དོན་སྒོ་ཆུང་ངོ་། །
བྱིང་འཐིབ་རྙིད་རྨུགས་ཀྱི་དབང་དུ་སོང་བའི། །
མི་གསལ་དྲན་མེད་ཀྱི་ངང་དུ་འབྱམས་ན། །
རྒྱ་ཇ་ཚགས་ལ་ནི་དྲང་བ་ཇི་བཞིན། །
སྔར་ཡོད་ཡོན་ཏན་རྣམས་འགྲིབ་ཅེས་གསུངས་ཡོད། །
གཉུག་མ་ཡེ་ཤེས་ཀྱི་གསལ་ཆ་འབར་བའི། །
གཡོ་མེད་ཡེ་བབས་ཀྱི་ངང་དུ་ལྷོད་ན། །
རྣམ་འབྱེད་ཤེས་རབ་སོགས་ཡོན་ཏན་འབུམ་ཕྲག །
མ་འབད་མ་བཙལ་ཀྱང་ལེགས་པར་རྙེད་འོང་། །
བཀའ་དྲིན་མཚུངས་མེད་པའི་རིགས་བདག་བླ་མས། །
གཏད་མེད་ཡོངས་གྲོལ་གྱི་ཅོད་པན་གནང་ཡང་། །
མཚན་འཛིན་འཁྲུལ་རྟོག་ལ་རྟག་ཏུ་འཕྱན་པའི། །
མདོ་མེད་འཁྱམས་པོ་དེའི་ཁ་ནས་ཐལ་ལོ། །
ལྕང་སྐྱ་རིན་པོ་ཆེ་དང་འཇམ་མགོན་བླ་མའི་ལྟ་མགུར་ལ་ལད་མོ་བྱས་པའི་ཚིགས་བཅད་དུམ་ཚན། །ཨོ་རྒྱན་རིག་འཛིན་ནས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།