དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།།
བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་།།
བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ།།
བཅོམ་ལྡན་སེངྒེ་དེ་ལ་ཕྱག་འཚལ་ལོ།།
རྩོད་པའི་དུས་མཛད་ཐུབ་པའིདབང་པོ་ནི།།
རྒྱལ་པོའི་ཁབ་ནས་ཡངས་ཅན་ཀོོ་ཤཱམ་བཱི།།
ཝར་ཁྱིམ་དང་ནི་ཐེག་ཆེན་ཤྲི་རི་དང་།།
མཉན་ཡོད་གནས་སུ་རིམ་པར་གཤེགས་ལ་འདུད།།
མཉན་ཡོད་གནས་སུ་སྟོན་པར་མུ་སྟེགས་ཀྱི།།
སྟོན་པ་དྲུག་གིས་ཆོ་འཕྲུལ་འགྲན་པའི་ཚེ།།
སྐྱེ་བོ་དུ་མ་ཚོགས་པའི་མངོན་སུམ་དུ།།
རྨད་བྱུང་ཆོ་འཕྲུལ་སྟོན་ལ་ཕྱག་འཚལ་ལོ།།
ཚེས་གཅིག་གསལ་རྒྱལ་གྱིས་ནི་མཆོད་པའི་ཚེ།།
ཚེམས་ཤིང་ས་ལ་བཙུགས་པས་ལྗོན་ཤིང་སྐྱེས།།
དཔག་ཚད་ལྔ་བརྒྱར་ཁྱབ་པའི་ཡལ་འདབ་རྒྱས།།
དྲི་རོས་སྐྱེ་བོ་ཚིམ་ལ་ཕྱག་འཚལ་ལོ།།
ཚེས་གཉིས་ཨུ་ཌ་ཡཱ་ནས་མཆོད་པའི་ཚེ།།
གཡས་གཡོན་གཉིས་སུ་རིན་ཆེན་རི་གཉིས་སྤྲུལ།།
རི་རྩེ་ལས་སྐྱེས་འབྲས་དང་རྩྭ་རྣམས་ཀྱིས།།
མི་དང་དུད་འགྲོ་ཚིམ་ལ་ཕྱག་འཚལ་ལོ།།
ཚེས་གསུམ་ཤུཉྩ་ཡ་ནས་མཆོད་པའི་ཚེ།།
ཞབས་བསིལ་ཆུ་ལས་རིན་ཆེན་རྫིང་བུར་སྤྲུལ།།
ཁ་དོག་སྣ་ཚོགས་པདྨའི་འོད་ཟེར་གྱི།།
དྲི་ཡིས་ཚིམ་པར་མཛད་ལ་ཕྱག་འཚལ་ལོ།།
ཚེས་བཞིར་ཨནྡྲ་ཝ་ནས་མཆོད་པའི་ཚེ།།
ཕྱོགས་བཞིར་ཡུར་བ་བརྒྱད་ལྡན་རྫིང་བུ་སྤྲུལ།།
ཆུ་ཡི་སྒྲ་ལས་ཚད་མེད་བཞི་ལ་སོགས།།
ཆོས་ཀྱི་སྒྲ་སྙན་སྟོན་ལ་ཕྱག་འཚལ་ལོ།།
ཚེས་ལྔར་ཚངས་སྦྱིན་གྱིས་ནི་མཆོད་པའི་ཚེ།།
ཞལ་གྱི་སྒོ་ནས་འོད་ཟེར་སྣ་ཚོགས་བཀྱེ།།
འོད་དེས་རེག་པས་སྒྲིབ་པ་རྣམས་དང་བྲལ།།
ལུས་སེམས་བདེ་བར་བསྐྱེད་ལ་ཕྱག་འཚལ་ལོ།།
ཚེས་དྲུག་ལི་ཙ་རྣམས་ཀྱིས་མཆོད་པའི་ཚེ།།
སངས་རྒྱས་མཐུ་ཡིས་ཕན་ཚུན་བསམ་ཚུལ་ཤེས།།
རབ་ཏུ་དགའ་ནས་སྟོན་པའི་ཡོན་ཏན་བརྗོད།།
སོ་སོས་སྨོན་ལམ་འདེབས་ལ་ཕྱག་འཚལ་ལོ།།
ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད་པའི་ཚེ།།
སྟོན་པའི་མཐུ་ཡིས་འཁོར་གྱི་སེམས་ཅན་རྣམས།།
རྒྱལ་པོར་གྱུར་ནས་རིན་ཆེན་བདུན་སོགས་ལྡན།།
ཀུན་ཀྱང་སྤྲོ་ཞིང་ཚིམ་ལ་ཕྱག་འཚལ་ལོ།།
ཚེས་བརྒྱད་བརྒྱ་བྱིན་གྱིས་ནི་མཆོད་པའི་ཚེ།།
སེང་གེའི་ཁྲི་ལས་གླང་ཆེན་སྒྲ་སྐད་དང་།།
སྲིན་པོ་ལྔ་དང་ཕྱག་ན་རྡོ་རྗེ་སྤྲུལ།།
མུ་སྟེགས་སྟོན་པ་སྐྲག་མཛད་ཕྱག་འཚལ་ལོ།།
ཚེས་དགུར་ཚངས་པའི་རྒྱལ་བོས་མཆོད་པའི་ཚེ།།
ཚངས་པའི་བར་དུ་ཁྱབ་པའི་སྐུར་སྤྲུལ་ཏེ།།
སྐུ་ལས་འོད་ཟེར་ཆེན་པོ་བྱུང་གྱུར་བ།།
ཀུན་གྱིས་གསལ་བར་མཐོང་ལ་ཕྱག་འཚལ་ལོ།།
ཚེས་བཅུར་རྒྱལ་ཆེན་བཞི་ཡིས་མཆོད་པའི་ཚེ།།
སྲིད་རྩེའི་བར་དུ་ཁྱབ་པའི་སྐུར་སྤྲུལ་ནས།།
འོད་ཟེར་ཆེན་པོ་སྣང་ཞིང་གསལ་བར་མཛད།།
ཀུན་གྱིས་མཐོང་ཞིང་གསུང་སྟོན་ཕྱག་འཚལ་ལོ།།
བཅུ་གཅིག་ཟས་སྦྱིན་གྱིས་ནི་མཆོད་པའི་ཚེ།།
སྟོན་པ་སེང་གེའི་ཁྲི་ལ་བཞུགས་བཞིན་དུ།།
སྐུ་ནི་མི་མངོན་འོད་ཟེར་ཕུང་པོར་གྱུར།།
གསུང་གིས་ཆོས་སྟོན་མཛད་ལ་ཕྱག་འཚལ་ལོ།།
བཅུ་གཉིས་ཁྱིམ་བདག་ཙིནྟས་མཆོད་པའི་ཚེ།།
ལྟེ་བའི་འོད་ཀྱིས་སྟོང་གསུམ་བར་དུ་ནི།།
པདྨའི་སྟེང་ན་སངས་རྒྱས་བཞུགས་པར་སྤྲུལ།།
ཀུན་ཀྱང་དེ་ལྟར་སྤྲུལ་ལ་ཕྱག་འཚལ་ལོ།།
བཅུ་གསུམ་རྒྱལ་བོ་ཤུཉྩས་མཆོད་པའི་ཚེ།།
སྐུ་ཡི་འོད་ཀྱིས་སྟོང་གསུམ་བར་དུ་ཁྱབ།།
འོད་དེས་རེག་པས་སྒྲིབ་པ་རྣམས་དང་བྲལ།།
རྩི་སོགས་འབྲས་བུ་ཐོབ་ལ་ཕྱག་འཚལ་ལོ།།
བཅུ་བཞིར་རྒྱལ་བོ་ཨུ་ཏྲས་མཆོད་པའི་ཚེ།།
རྒྱལ་བོས་གཏོར་བའི་མེ་ཏོག་ཐམས་ཅད་ཀྱང་།།
རིན་ཆེན་ཤིང་རྟས་སྟོང་གསུམ་བར་དུ་ཁྱབ།།
ཀུན་གྱིས་གསལ་བར་མཐོང་ལ་ཕྱག་འཚལ་ལོ།།
བཅོ་ལྔར་གཟུགས་ཅན་སྙིང་པོས་མཆོད་པའི་ཚེ།།
རོ་བརྒྱ་ལྡན་པའི་ཟས་ཀྱིས་སྣོད་ཀུན་གང་།།
ཕྱག་མཐིལ་ས་ལ་བརྡབས་པས་དམྱལ་བ་ཡི།།
སེམས་ཅན་དཔག་མེད་གྲོལ་ལ་ཕྱག་འཚལ་ལོ།།
མཚུངས་མེད་སྟོན་པའི་ཆོ་འཕྲུལ་སྣ་ཚོགས་ལ།།
ཅུང་ཟད་ཙམ་ཞིག་བདག་གིས་བསྟོད་པ་ཡི།།
དགེ་བས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས།།
ཆོ་འཕྲུལ་ཆེ་ལྡན་རྒྱལ་བའི་སྐུ་ཐོབ་ཤོག །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།