༄༅། །སོ་ཐར་སྡོམ་བརྒྱུད་ཀྱི་གསོལ་འདེབས་བཞུགས། །
མཚན་དཔེའི་གཟུགས་སྐུ་མཐོང་དང་ཚངས་དབྱངས་གསུང་། །ལྷན་ཅིག་ཐོས་པའི་མོད་ལ་སྲིད་ཞིའི་གདུང་། །རབ་བསལ་གང་ཐུགས་རྣམ་མཁྱེན་ལ་སྦྱོར་བ། །ཀུན་མཁྱེན་ཉི་མའི་གཉེན་ལ་གསོལ་བ་འདེབས། །ཤཱ་རིའི་བུ་དང་རྒྱལ་རིགས་སྒྲ་གཅན་འཛིན། །བྲམ་ཟེའི་བཙུན་པ་རཱ་ཧུ་ལ་གུཔྟ། །འཕགས་མཆོག་ཀླུ་སྒྲུབ་སློབ་དཔོན་ལེགས་ལྡན་འབྱེད། །དཔལ་སྦས་ཡེ་ཤེས་སྙིང་པོར་གསོལ་བ་འདེབས། །གངས་ཅན་བསྟན་པའི་ཉི་མ་ཞི་བ་འཚོ། །རྦ་རིགས་རཏྣ་གཙང་པ་རབ་གསལ་ཞབས། །ཤཱཀྱ་མུ་ནེ་གཡོར་པོ་དགེ་བ་འབྱུང་། །དགོངས་པ་རབ་གསལ་ཞབས་ལ་གསོལ་བ་འདེབས། །ཀླུ་མེས་ཚུལ་ཤེས་རྡོ་རྗེ་རྒྱལ་མཚན་དང་། །སྣེ་པོ་གྲགས་རྒྱལ་འབྲེ་ཆེན་ཤེས་རབ་འབར། །བརྩོན་འགྲུས་འབར་དང་གཞོན་ནུ་སེང་གེའི་ཞབས། །གྲོ་སྟོན་བདུད་རྩི་གྲགས་ལ་གསོལ་བ་འདེབས། །མཆིམས་ཆེན་ནམ་མཁའ་གྲགས་དང་གྲགས་ཤེར་བ། །མཆིམས་སྟོན་བློ་བཟང་གྲགས་པ་ཀུན་རྒྱལ་རྗེ། །གྲུབ་པ་ཤེས་རབ་པཎ་ཆེན་དགེ་འདུན་གྲུབ། །གནས་སྙིང་ཀུན་དགའི་མཚན་ལ་གསོལ་བ་འདེབས། །དགེ་འདུན་རྒྱ་མཚོ་དགེ་ལེགས་དཔལ་བཟང་པོ། །དཔལ་འབྱོར་རྒྱ་མཚོ་དཀོན་མཆོག་ཆོས་འཕེལ་དང་། །དཀོན་མཆོག་བསྟན་འཛིན་ངག་དབང་ཆོས་ཀྱི་དཔལ། །ཨོ་རྒྱན་ཆོས་ཀྱི་གྲགས་པར་གསོལ་བ་འདེབས། །འགྱུར་མེད་ཆོས་ལྡན་ཨོ་རྒྱན་བསྟན་འཛིན་རྗེ། །རིག་འཛིན་བཟང་པོ་པདྨ་མདྒ་ལ། ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དང་། །ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་གསོལ་བ་འདེབས། །པདྨ་བཛྲ་ཐུབ་དབང་བསྟན་པའི་ཉི། །འགྱུར་མེད་ཀུན་བཟང་ཤེས་རབ་ཕུན་ཚོགས་དང་། །ཡོན་ཏན་རྒྱ་མཚོ་ཐུབ་བསྟན་ཆོས་འཕེལ་ཞབས། །སྡོམ་བརྩོན་བཤེས་གཉེན་པདྨ་འོད་གསལ་མཚན། ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་སོགས། །མཁན་བརྒྱུད་དམ་པ་རྣམས་ལ་གསོལ་བ་འདེབས། །ངན་སོང་གནས་གསུམ་སྡུག་བསྔལ་དྲག་པོས་མནར། །མི་དང་འདོད་ལྷ་འགྱུར་བའི་དུཿཁས་གཟིར། །གཟུགས་དང་གཟུགས་མེད་འདུ་བྱེད་འཆིང་བས་བཅིངས། །འཁོར་བའི་རང་མཚན་མངོན་སུམ་མཐོང་བར་ཤོག །ཚུལ་དེས་བཅོས་མིན་ཡིད་འབྱུང་ངེས་པ་ལྔ། །ཡོངས་བྲལ་ད་ཆོག་སྒོ་ནས་གསོལ་བཞིའི་ལས། །འཁྲུལ་མེད་ཆོ་གས་ཚངས་སྤྱོད་དཔལ་ཐོབ་སྟེ། །ངུར་སྨྲིག་འཛིན་པའི་མཆོག་ཏུ་འགྱུར་བར་ཤོག །མཐའ་གཉིས་སྤངས་པའི་བསོད་སྙོམས་ཟས་ཀྱིས་འཚོ། །ཤིང་དྲུང་ཅོག་པུ་ཙམ་གྱི་གནས་མལ་དང་། །རྙེད་སླ་ཕྱག་དར་ཁྲོད་ཀྱི་ངུར་སྨྲིག་གོས། །གཞན་གྱིས་སྤྱད་ཟིན་སྨན་ལ་བསྟེན་པར་ཤོག །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་གྲངས། །སྤང་ལྟུང་སུམ་ཅུ་ལྟུང་བྱེད་བཅུ་ཕྲག་དགུ། །སོར་བཤགས་བཞི་དང་ཉེས་བྱས་བརྒྱ་བཅུ་གཉིས། །བག་ཡོད་བརྟན་པོས་ཚུལ་བཞིན་བསྲུང་བར་ཤོག །གཞན་གྱིས་ཁྲོ་དང་མཚོན་སོགས་ཉེ་བར་བརྡེག །གཤེ་དང་མཚང་འདྲུ་ལ་སོགས་གནོད་ཀུན་ལ། །དྲན་ཤེས་བརྟན་པོས་གཉེན་པོ་ལེགས་བསྟེན་ནས། །རྟག་ཏུ་བཟོད་པའི་གོ་ཆ་བགོ་བར་ཤོག །མཁན་སློབ་དགེ་བའི་བཤེས་ལ་མཆོག་ཏུ་དད། །ཚངས་པ་མཚུངས་པར་སྤྱོད་ལ་གཅིག་ཏུ་གུས། །སྡེ་སྣོད་ལུང་ལ་རབ་སྦྱངས་བསླབ་པ་གསུམ། །མངོན་པར་རྟོག་པས་བདག་རྒྱུད་ཕྱུག་པར་ཤོག །བག་ཡོད་མཐུན་པའི་རླུང་གིས་ཚུལ་ཁྲིམས་གཟིངས། །མངོན་མཐོའི་རིན་ཆེན་གླིང་བགྲོད་ཐར་པའི་ནོར། །ལྷག་བསམ་རྒྱལ་མཚན་རྩེ་མོར་ཡོངས་བཀོད་ནས། །འགྲོ་རྣམས་ཕན་བདེའི་འདོད་རྒུས་ཚིམ་བྱེད་ཤོག །ཅེས་ཀུན་མཁྱེན་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་སྡོམ་རྒྱུན་གསོལ་འདེབས་ལས། བརྒྱུད་པའི་ཁྱད་པར་གྱིས་ཞི་འཚོ་ཡབ་སྲས་ཀྱི་ཤོ་ལོ་ཀ་གཅིག་དང་། དགེ་འདུན་རྒྱ་མཚོ་མན་གྱི་ཤོ་ལོ་ཀ་གཅིག་མཁན་ཆེན་རིན་པོ་ཆེ་དྷརྨཱ་ཤྲཱིས་བསྣན་པར་མཛད་ཅིང་དེ་མན་བཙུན་པ་གཞན་ཕན་མཐའ་ཡས་པས་བསྣན་པ་དགེ།། སྔ་འགྱུར་སྨད་འདུལ་སོ་ཐར་སྡོམ་བརྒྱུད་ཇི་ལྟར་ཁ་བསྐང་བགྱིས་པའི་ཚུལ་ནི། རྫོགས་ཆེན་མཁན་རབས་དང་པོ་སེང་ཕྲུག་པདྨ་བཀྲ་ཤིས་སམ་པདྨ་མངྒ་ལ་ལས་རྒྱལ་སྲས་གཞན་མཐའ་ཡས་སམ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་བསྙེན་པར་རྫོགས་པ་དང་། དེ་ཉིད་ཀྱི་ཞལ་སྔ་ནས་མཁན་ཆེན་པདྨ་བཛྲའམ་པདྨ་དམ་ཆོས་འོད་ཟེར་བསྙེན་པར་རྫོགས་ཚུལ་རྗེ་འདི་ཉིད་ཀྱིས་མཛད་པའི་བཀའ་མ་པོད་དགུའི་དཀར་ཆག་ཏུ་གསལ་ཞིང་། ཡིག་རྙིང་འགའ་ཞིག་ཏུ་པདྨ་མངྒ་ལ་ནས་གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་དཔལ་བཟང་པོ་འདྲེན་པར་མཐོང་བས་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་མཆོག་པདྨ་མངྒ་ལ་ནས་བསྙེན་པར་རྫོགས་པར་སྙམ་ཡང་ད་དུང་དཔྱད་པར་འོས། པདྨ་བཛྲ་ཀྱི་སྡོམ་བརྒྱུད་མཐར་ཆགས་སུ་འདྲེན་སྐབས་འདི་ཉིད་ཀྱི་མཁན་པོ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་ལས་མི་དགོས་པར་སྣང་ཡང་། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན་དཔལ་བཟང་པོ་མཆོག་ཤྲཱི་སེང་ཆོས་གྲྭའི་མཁན་ཁྲིར་བཞུགས་ནས་གཞི་གསུམ་གྱི་ཕྱག་བཞེས་སྤེལ་བའི་རྒྱུན་ཁམས་དབུས་ཀུན་ཏུ་འཕེལ་བ་སྟེ། ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཆེན་ཚུལ་ཁྲིམས་རྡོ་རྗེ་ཁམས་སུ་ཕེབས་ནས་རྗེ་འདི་ལས་བསྙེན་པར་རྫོགས་པའི་སྡོམ་བརྒྱུད་ཁམས་ནས་སྨིན་གླིང་སོགས་དབུས་སུ་ཡར་འཕེལ་བ་དང་། ཀཿཐོག་མཁན་པོ་རྡོ་རྗེ་དཔལ་བཟང་ཡང་འདི་ཉིད་ལས་བསྙེན་པར་རྫོགས་པའི་སྡོམ་རྒྱུན་གདན་ས་ཆེན་མོ་ཀཿདཔལ་དུ་ཁྱབ་པ་སོགས་ཀྱིས་བརྒྱུད་པའི་གསོལ་འདེབས་ཏུ་སྔར་ཡོད་སོར་བཞག་བྱས་ཤིང་། མཁན་ཆེན་པདྨ་བཛྲ་ལས་སྐུ་ཞབས་གཉིས་པ་རྒྱལ་སྲས་གཞན་ཆོས་ཀྱི་སྣང་བའམ་ཐུབ་དབང་བསྟན་པའི་ཉི་མ། དེ་ལས་མྱ་ངན་མེད་སྤྲུལ་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན། དེ་ཉིད་ནས་རིམ་པར་མཁན་ཆེན་ཤེས་རབ་ཕུན་ཚོགས་དང་ཡོན་ཏན་རྒྱ་མཚོའམ་ཡོན་དགའ། དེ་ཉིད་ལས་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཡིད་བཞིན་ནོར་བུ། དེ་ལས་སྡོམ་བརྩོན་བཤེས་གཉེན་ཆེན་པོ་རིག་འཛིན་དབང་རྒྱལ་ལམ་པདྨ་འོད་གསལ། དེ་ཉིད་ཀྱི་མཁན་བུ་སྐྱབས་རྗེ་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སྟེ། སྨད་འདུལ་སྔ་འགྱུར་རྫོགས་ཆེན་ལུགས་ཀྱི་སྡོམ་བརྩོན་གནས་བརྟན་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟ་བུ་བར་མ་ཆད་པར་བྱོན་པའི་བརྒྱུད་འདེབས་ཀྱི་རིམ་པ་ལེགས་པར་བརྟགས་ཤིང་དཔྱད་དེ་ཁ་སྐོང་བགྱིད་པ་པོ་ནི། ཤཱཀྱའི་དགེ་སློང་ཐུབ་བསྟན་ངག་དབང་བློ་གྲོས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ནམ་བསྟན་འཛིན་ལུང་རྟོགས་ཉི་མའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།