གནས་སོང་མཛའ་མོ། རྡོ་རེད།

640.jpeg


གནས་སོང་མཛའ་མོ།


ཚིག རྡོ་རེད།

དབྱངས། རྡོ་རེད།  

ལེན་མཁན། རྡོ་རེད།


མ་འཕྲད་ལོ་གསུམ་ལ་བྲལ་བའི། །

རང་སེམས་གནས་སོང་གི་མཛའ་མོའི།།

འཛུམ་པའི་མཛེས་ཀོང་གི་མངར་ཁ།།

དབུས་མཇལ་ལམ་བུ་ནས་གནང་བྱུང་།།


མཇལ་བ་ལྷོ་བགྲོད་དང་བྱང་བགྲོད།།

སྤྲིན་དཀར་རླབས་ཕྲེང་དང་མཚུངས་པ།།

ཡིད་མཐུན་མཛའ་མོ་ཡི་ཞལ་རས།།

ཉ་གང་ཟླ་བ་དང་འདྲ་འདུག།


དུང་བའི་ལག་སྦྲེལ་གྱི་་ལྷག་བསམ།།

སྙིང་གི་དཀྱིལ་འཁོར་ལ་འཐིམ་སོང་།།

སྐད་ཅིག་ཞལ་མཇལ་གྱི་སྤྲོ་སྣང་།།

ཞིམ་མངར་སྦྲང་རྩི་ལས་ལྷག་པ།།


སྙིང་གཏམ་གཙང་བོ་ཡི་རྦ་རླབས།།

སེམས་པའི་སྒོ་མོ་རུ་འཕྱོ་ལ།།

དྲན་གདུང་སྐྱོ་གཞས་ཀྱི་འགྱུར་ཁུགས།

རྣ་བའི་བུ་ག་རུ་འཁོར་སོང་།།


དགུན་གྱི་ལྷག་རླུང་དེ་ངར་བས།།

མཁའ་མཐའི་སྐར་མ་དེ་རབ་རུབ།།

གནས་སོང་མཛའ་མོ་ལ་དུང་བའི།།

མི་རྐྱང་སེམས་པ་དེ་སྐྱོ་སྐྱོ།།


མི་མངོན་བརྩེ་དུང་གི་མདའ་མོ།།

སྐྱོ་བའི་གཞུ་མོ་རུ་བཀུག་དུས།།

མི་རིང་མཇལ་འཕྲད་ཅིག་འབྱུང་བར།།

མཉམ་དུ་སྨོན་འདུན་ཞིག་ཞུས་སོང་།།