༄༅།།བོད་ཀྱི་རས་གུར་རི་མོའི་སྒྱུ་རྩལ་རགས་ཙམ་དཔྱད་པ།

རས་གུར་ནི་སྦྲ་གུར་དང་ཕྱིང་གུར་ལས་བྱུང་འཕྱི་བའི་བོད་མི་རིགས་ཀྱི་འདུག་གནས་ཤིག་ཡིན།   རས་གུར་རི་མོའི་སྒྱུ་རྩལ་ནི་བོད་མི་དམངས་ཀྱིས་གསར་གཏོད་བྱས་པའི་བཟོ་རིག་པའི་ཁོངས་སུ་གཏོགས་པའི་སྒྱུ་རྩལ་སྣ་གཅིག་རེད།   ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་འདི་ཡིས་བོད་མི་རིགས་ཀྱི་བློ་གྲོས་དང་གསར་གཏོད་ཀྱི་ཡོན་ཏན།   སྒྱུ་རྩལ་གྱི་བློ་སྦྱང་དང་མཛེས་དཔྱོད་ཀྱི་སྣང་ཞེན་མཚོན་གྱིན་འདུག་པ་རེད།     རས་གུར་རི་མོའི་སྒྱུ་རྩལ་གྱི་རྣམ་པ།   རས་གུར་རི་མོའི་སྒྱུ་རྩལ་ལ་འདྲེས་པའི་ནང་དོན་ནི་ཤིན་ཏུ་ཕུན་སུམ་ཚོགས་པ་ཞིག་རེད།   གནའ་བོའི་བླ་གནས་མཚོན་པའི་རི་མོ་དང་།   གདོན་འདྲེའི་ཁ་གནོན་གྱི་བརྡ་རྟགས།   མིའི་མགོན་སྐྱབས།   ཕྱུགས་ཀྱི་འཕེལ་ཁ་དང་འཚོ་བ་ཡག་པོ་ལ་སྨོན་པའི་བཀྲ་ཤིས་པའི་རི་མོ།   ཐ་ན་སྲིད་པའི་ཆགས་རིམ་གྱི“འབྱུང་ལྔའི་རྣམ་བཤད”སོགས་འདྲེས་པའི་ནང་དོན་ཐམས་ཅད་ཀྱང་བོད་ཀྱི་རས་གུར་རི་མོའི་ནང་མཚོན་ཡོད་པ་རྙེད་ཐུབ།   དུས་རྒྱུན་དུ་མཐོང་ཐུབ་པའི་བཀྲ་ཤིས་པའི་རི་མོ་རྣམས་ནི།   བཀྲ་ཤིས་རྟགས་བརྒྱད་དང་།   པད་མའི་གདན།   དུང་དཀར་གཡས་འཁྱིལ་དང་པ་ཧྲ་སོགས་རེད།   སྤྱང་ཁྱིའི་གདོང་དབྱིབས་དང་།   ཕ་ཝང་གི་དཔེ་རིས།   ནོར།   ལུག ཤྭ་བ།   སེང་གེ་སོགས་ཀྱི་རི་མོ་ཡོད།   དེར་རེ་སྨོན་ཞིག་འདྲེས་ཤིང་དེས་བོད་མི་རིགས་ཚོ་ཁག་སོ་སོའི་གནའ་རབས་ཀྱི་བླ་གནས་དད་མོས་ཤིག་ཀྱང་མཚོན་པ་རེད།   ཆོས་ལུགས་ཀྱི་བསྟན་དོན་བསྒྲག་རྒྱུ་དེ་ཡང་བོད་མི་རིགས་སྦྲ་གུར་རི་མོའི་སྒྱུ་རྩལ་གྱི་མེད་དུ་མི་རུང་བའི་མཚོན་དོན་ཞིག་རེད།   རྡོ་རྗེ་དང་མན་ཊལ།   གདོད་མའི་བོན་ཆོས་ཀྱི་གཡང་དྲུང་གི་རི་མོ་སོགས་ནི་ཐད་ཀར་དུ་ཆོས་ལུགས་བསམ་བློ་མཚོན་པའི་རྟགས་ཤིག་ཡིན།   དཔེ་རིས་བསྒྲིགས་པ་ཡང་རི་དང་ཆུ།   སྤྲིན།   རྣམ་བཅུ་དབང་ལྡན།   གཡང་དྲུང་གི་རི་མོ་རྣམས་སྙིང་བོའམ་དབུས་སུ་བཞག་ཅིང་།   ཕྱོགས་བཞི་བླ་གནས་དང་བཀྲ་ཤིས་པའི་རི་མོས་བརྒྱན་ཏེ་ཆོས་ལུགས་མན་ཊལ་གྱི་ཞིང་ཁམས་བཞེངསཏེ།   སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་འདུན་པ་དྲག་པོ་ཞིག་མཚོན་ཡོད་པ་རེད།     ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་བོད་མི་རིགས་ཀྱི་རས་གུར་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཡང་ཕུན་སུམ་ཛེ་ཚོགས་སུ་གྱུར་པ་རེད།   ད་ལྟ་ང་ཚོས་རྒྱུན་པར་མཐོང་བའི་མཛེས་སྡུག་ལྡན་པའི་རས་གུར་རི་མོའི་སྟེང་ན།   གནའ་རབས་གདོད་མའི་རིག་གནས་ཀྱི་རྗེས་ཤུལ་སྔར་བཞིན་ཡོད་པ་མ་ཟད།   ཉེ་རབས་རིག་གནས་ཀྱི་ས་བོན་ཡང་མང་པོ་འདུས་ཡོད་པ་རེད།   མཛེས་སྡུག་ལྡན་པ་ཡོད་ཚད་དེ།   བ་དང་དུད་འགྲོ མེ་ཏོག ཉ།   འབུ།   རི་དང་ཆུ་སོགས་བོད་མི་རིགས་སྦྲ་གུར་རི་མོའི་རྣམ་པར་འགྱུར་མི་ཐུབ་པ་ཅི་ཡང་མེད་པ་རེད།   མདོར་ན།   བོད་མི་རིགས་ཀྱི་རས་གུར་རི་མོའི་སྒྱུ་རྩལ་གྱིས།   བོད་མི་རིགས་ལ་མཐོ་སྒང་ནས་གྲུབ་པའི་མེས་པོར་དད་མོས་དང་།   རང་བྱུང་དད་མོས།   ཆོས་ལུགས་བསྟན་དོན་སོགས་མཚོན་ཡོང་བ་རེད་ཅེས་བཤད་ཆོག་ལ།   ད་དུང་མི་རིགས་འདིའི་ཤེས་རིག་དང་རིག་གནས་ཀྱི་ཕྱོགས་སོ་སོ་ནས་མཚོན་ཡོད་ཅེས་ཀྱང་བཤད་ཆོག་པ་རེད།

WechatIMG3.jpeg

   བཟོ་དབྱིབས་དང་ཚོན་མདོག་གདམ་གསེས་ལས་ཐོན་པའི་མཛེས་དཔྱོད་འདུ་ཤེས།   བོད་མི་རིགས་ནི་ཁྱད་དུ་འཕགས་པའི་སྣང་བརྙན་བསམ་གཞིག་ནུས་པ་དང་ཚད་མཐོའི་སྒྱུ་རྩལ་མཛེས་དཔྱོད་འདུ་ཤེས་དང་ལྡན་པའི་མི་རིགས་ཤིག་ཡིན་པ་ཁོ་ཚོས་གསར་གཏོད་མཛད་པའི་རས་གུར་རི་མོའི་སྒྱུ་རྩལ་ལས་ཤིན་ཏུ་མངོན་ཐུབ་པ་རེད།   བོད་མི་རིགས་ཀྱི་རས་གུར་རི་མོའི་སྒྱུ་རྩལ་གྱི་སྒྲིག་བཀོད་ཞིབ་ཚགས་ཆེ་ཞིང་དཔེ་རིས་ལ་མཛེས་ཆོས་ཕུན་སུམ་ཚོགས་པ་སྤྲས་པའི་རོ་བཅུད་ལྡན་པ་རེད།   དགོས་མེད་ཀྱི་ཆ་རྣམས་དོར་ཏེ་ཧྲིལ་གཟུགས་ཕན་འབྲས་ལ་བསྙེགས་ནས་ཐིག་རིས་གསལ་ཞིང་མངོན་སུམ་དབྱེར་མེད་ཀྱི་རྣམ་པ་མཚོན་པར་འབད་ཡོད།     བོད་མི་རིགས་ཀྱི་རས་གུར་རི་མོ་ནི།   ཡུན་རིང་བའི་འཕེལ་རྒྱས་ཁྲོད་གཏན་ཆགས་བྱུང་ལ་ཐོས་ན་དགའ་ཞིང་མཐོང་ན་སྤྲོ་བའི་རྣམ་པ་ཞིག་གྲུབ་ཡོད།   དཔེར་ན།   འཕྱོ་འབྲུག་པད་མ་ཅན་གྱི་རི་མོ།   ཟུར་བཞི་སྙིང་གཟུགས་རི་མོ་ཁ་སྤྲོད་ཅན།   ཚེ་རིང་བདེ་སྐྱིད་ཟེ་འབྲུའི་མཐའ་བརྒྱན་ཅན།   མེ་ཏོག་པད་མ་ཅན།   མཐུན་པ་སྤུན་བཞི་ཅན་གྱི་རི་མོ་སོགས་ཡོད་པ་རེད།   དེ་ལྟར་མཛེས་པའི་རི་མོ་སྣ་ཚོགས་ཀྱིས་གྲུབ་པའི་སྒྱུ རྩལ་ཕན་འབྲས་ཀྱི་མཚོན་སྟངས་དེ་མི་རིགས་རང་གི་མཛེས་དཔྱོད་རེ་བ་དང་ཡང་མཐུན་པར་གྱུར་ཡོད།     བོད་ཀྱི་རས་གུར་རི་མོའི་ཁ་དོག་མང་ཆེ་བ་སྔོན་པོ་དང་དཀར་པོ་གཉིས་ཀྱིས་གྲུབ་ཡོད་ལ།   ཁ་དོག་སྔོན་པོ་དང“དཀར་པོ་ལ་དགའ་བ་ནི་བོད་མིའི་དགའ་ཕྱོགས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཤས་ཆེ། བོད་མིའི་སེམས་ན་དཀར་པོ་ནི་བདེན་པ་དང་དགེ་བ།   ཡ་རབས་ཀྱི་མཚོན་བྱེད་ཅིག་ཡིན་ལ།   སྔོན་པོ་ནི་མཚོ་དང་མཚེའུ།   གནམ་ལ་དགའ་བ་ལས་བྱུང་བར་སྙམ་ཞིང་།   དཀར་པོ་དང་སྔོན་པོ་གཤིབ་ཚེ་དཀར་པོ་ཤིན་ཏུ་དཀར་བའི་རྣམ་པ་ཞིག་ཀྱང་ཡོད་ཤེས་ཆེ།     རས་གུར་རི་མོའི་སྒྱུ་རྩལ་གྱི་བཟོ་འགོད་པ།   རས་གུར་རི་མོའི་སྒྱུ་རྩལ་གྱི་བཟོ་བཀོད་ནི་མང་ཆེ་བ་དམངས་ཁྲོད་ཀྱི་ལག་བདེ་རྣམས་ཀྱི་ལག་རྩལ་ལས་ཐོན་པ་རེད།   དམངས་ཁྲོད་ཀྱི་ལག་བདེ་དེ་དག་རྒྱུན་པར་རང་རང་གི་ལས་ལ་བྲེལ་ན་ཡང་།   ཁོམ་པའི་དུས་སུ།   རང་ངམ་བདག་པོའི་ཁྱིམ་དུ་བདག་པའི་འདོད་པ་ལྟར་བཟོ་བ་ཡིན། ཁོ་ཚོའི་ཐུན་མོང་མ་ཡིན་པའི་ལག་ཤེས་རྣམས་ཆེད་དུ་སློབ་སྦྱོང་དུ་ཕྱིན་ནས་བསླབས་པ་ཞིག་མ་ཡིན་ལ།   མེས་པོའམ་གཉེན་ཉེ།   གྲོགས་པོ་དག་བརྒྱུད་ནས་ཤེས་པ་ཞིག་ཡིན་པ་རེད།   བཟོ་བའི་སྐབས་སུ་སྐྱ་ཐིག་ཟབ་མོ་བརྒྱག་མི་དགོས་ལ་རང་གི་མིག་ཤེས་དང་གོམས་པའི་ཉམས་མྱོང་ལ་བརྟེན་ནས། ཁབ་གཅིག་དང་སྐུད་པ་ཆུན་གཅིག་གིས་རི་མོ་མཛེས་ཤིང་འཕྲོད་པར་བྱེད་པ་རེད།   །                                                                                    

དོན་འགྲུབ་རྡོ་རྗེ།