དེ་ཡང་རང་རེ་ཁ་བའི་ལྗོངས་འདིར་གནའ་རབས་ནས་བཟུང་བཟོ་བསྐྲུན་གྱི་སྒྱུ་རྩལ་སྣེ་མང་ཕུན་སུམ་ཚོགས་པ་ཇི་སྙེད་ཅིག་མཆིས་པའི་ནང་ཚན་ཆར་རླུང་ཁྲོད་དུ་ལོ་མང་གནས་ཀྱང་འཇིག་པར་མི་ནུས་ཤིང་། རང་བཞིན་གྱིས་ཡལ་བར་ཡང་མི་འགྱུར་བའི་མི་ལོ་སྟོང་ཕྲག་གི་གི་གོང་ནས་བརྐོས་པའི་ཡིག་འབྲི་དང་། གཟུགས་བརྙན་རྣམས་ད་ལྟ་གང་སར་དངོས་སུ་མཐོང་རྒྱུ་ཡོད་པའི་རྡོ་བརྐོས་ཀྱི་ལག་རྒྱུན་དེ་ཚོ་ནི་སྔོན་བྱོན་གྲགས་ཅན་གྱི་མཁས་པ་དང་ལག་རྩལ་ཅན་གྱི་ངལ་རྩོལ་བ་མང་པོས་བཞག་པའི་མཛད་རྗེས་ངོ་མཚར་ཅན་ཞིག་ཡིན་ལ་དེ་ནི་རང་རེའི་ལག་རྩལ་རིན་ཆེན་བང་མཛོད་ནང་གི་རིན་བྲལ་ནོར་བུ་ཞིག་ཡིན། རྡོ་བརྐོས་ཀྱི་ལག་རྩལ་འཕེལ་རིམ་དང་། དམིགས་བསལ་གྱི་བཟོ་རྩལ་སྐོར་གནའ་རབས་ཞང་ཞུང་གི་རྡོ་བརྐོས་མངའ་རིས་གུ་གེའི་རྒྱུད་དུ་ཡོད་ཚུལ་གོ་ཐོས་ཙམ་ལས་ལོ་རྒྱུས་ཡིག་ཆ་དང་། རྡོ་བརྐོས་རི་མོ་མ་མཐོང་བས་ད་ལམ་འདིར་འབྲི་མ་སྤོབས། རང་རེའི་ལྗོངས་ལ་རྡོ་བསྐོས་ཀྱི་ལག་རྒྱུན་ལ་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་སྔོན་རོལ་ནས་དར་བའི་ལོ་རྒྱུས་ཡོད་པ་མ་ཟད། སྔོན་གྱི་བཙན་པོ་དང་མཁས་གྲུབ་མང་བོས་ལག་རྩལ་དེར་མཐོང་ཆེན་གནང་ནས་གྲགས་ཅན་གྱི་མི་སྣ་མང་བོའི་མཛད་རྗེས་དང་། མནའ་ཚིག་གི་རྡོ་རིང་། ལྷ་སྐུའི་གཟུགས་བརྙན། གཟུགས་སྔགས་སོགས་རྡོ་བརྐོས་བྱེད་དུ་འཇུག་གནང་མཛད་པ་དང་། དངོས་སུ་ཕྱག་བསྟར་ཡང་མཛད་པ་མང་པོའི་ནང་ནས་མཚོན་བྱེད་ཙམ་བརྗོད་རྒྱུ་ཡིན།
སྤྱི་ལོའི་དུས་རབས་བདུན་པའི་སྐབས་བཙན་པོ་སྲུང་བཙན་སྒམ་པོས་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་གཏོང་གནང་མཛད་པ་ཕྱིར་འཁོར་ནས་བོད་ཀྱི་ཡི་གེ་གཏན་ལ་ཕབ་པའི་ཡིག་ཕུད་དུ་། ཞལ་རས་གསལ་ལ་རང་མདངས་གང་བ་བཟང་། གདམས་ངག་ཟབ་ལ་མ་ཆད་ཐ་དད་དང་། ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། འཕགས་པ་མ་ཕམ་ཡང་དག་དམ་པ་ལ། བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ། ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག དུག་བདུད་འདུལ་ཀུན་ཏུ་ཐུལ། ཞེས་སོགས་འཁོད་པའི་ཡིག་གཟུགས་ཇེན་ཁོག་སྣ་རྡོའི་ལྷ་ཁང་གི་བྲག་ལ་བརྐོས་ཞེས་《རྒྱལ་རབས་གསལ་བའི་མེ་ལོང། 》ད་ལྟའི་སྟག་རྩེའི་རྫོང་ཁོངས་བཙུན་མོ་ཚལ་གྱི་བྲག་ལ་ཡོད་པ་(དེ་སྔོན་བཙུན་མོ་ཚལ་གྱི་དགོན་པའི་རྒྱབ་ངོས་བྲག་ལྡེབས་སུ་ཡོད་པ་དགོན་པ་དེའི་ལོ་རྒྱུས་སུ་གསལ་)དང་བལ་བཟའ་ཁྲི་བཙུན་གྱིས་ལྷ་སའི་གཙུག་ལག་ཁང་བཞེངས་སྐབས་རྒྱ་བཟའ་ཀོང་ཇོས་སྤོར་ཐང་རྩིས་ནང་གསལ་བ་བཞིན་ལྷ་སའི་ས་བཀྲ་ངན་པ་རྣམས་བཅོས་ཕྱིར་ཤར་དུ་དབང་ཕྱུག་གི་རྟེན། ལྷོར་བྱ་ཁྱུང་། ནུབ་ཏུ་མཆོད་རྟེན། བྱང་དུ་སེང་གེཤར་ལྷོར་དུང་བཅས་རྡོ་ལ་བརྐོས་ནས་རྩིག་ལྡེབས་སུ་སྦྱར་བ་ད་ལྟའི་བར་དུའང་ཉམས་མེད་དུ་ཡོད། དེ་བཞིན་ལྷ་སའི་བྱང་ངོས་ཉང་བྲན་ཕ་བོང་ཁར་རྒྱལ་པོ་ཡབ་ཡུམ་གསུམ་(སྲུང་བཙན་། བལ་བཟའ། རྒྱལ་བཟའ་བཅས། )སྒྲུབ་པ་མཛད་སྐབས་རིགས་གསུམ་མགོན་པོ་ཞལ་གཟིགས་ནས་རྡོ་ལ་ས་འཐིམ་པའི་རང་བྱོན་བལ་བོའི་ལྷ་བཟོ་བས་ཇི་བཞིན་བརྐོས་པ་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ད་ལྟ་ཉམས་མེད་དུ་ཡོད་པའི་ཁྱད་ཆོས་གཙོ་བོ་ནི་ཕ་བོང་གི་ངོས་སུ་སྐུ་རྣམས་འབུར་གཟུགས་དོད་ལ་བྱོན་གཙང་བ་དེ་ནི་རྡོ་ལེབ་ངོས་སུ་འཇིམ་གྱིས་བཟོས་ནས་སྦྱར་བ་དང་མཚུངས། རྡོ་བསྐོས་དེའི་སྤྱན་རས་གཟིགས་དང་། འཇམ་དབྱངས་(འཇམ་དབྱངས་ཆོས་འཁོར་མ་)ཀྱི་སྐུའི་བཟོ་ཁྱད་དེང་རབས་དང་མི་འདྲ་བ་མེད་རུང་། ཕྱག་རྡོར་གྱི་སྐུ་དེའི་ཁྱད་བཟོ་ནི་ཡས་སོས་མས་མཆུ་མནན་པ། ཕྱག་གཡས་ཀྱི་རྡོ་རྗེ་རྩེ་དགུ་འདྲ་བ། དབུ་རྒྱན་གྱི་དོད་དུ་སྦྲུལ་གྱི་སྐྲ་བཅིངས་པ་སོགས་འདུག སྒོ་འཕྱོར་འོག་ཏུ་མ་ཎི་འབུར་ཐོན་ཞིག་ཡོད་པ་དེ་ཡང་སམ་བྷོ་ཊའི་ཡིག་ཕུད་དུ་གྲགས།
དུས་རབས་དེའི་ནང་སྲོང་བཙན་གྱི་བཙུན་མོ་རུ་ཡོང་བཟས་བྲག་ལྷ་ཀླུ་སྒུག་གི་རང་བྱོན་རྣམས་གསལ་བར་བརྐོས། བྲག་ཕྱེ་བྲེ་རི་ཕད་པར་ཚ་བྲེ་རི་སྦྱིན་ནས་བྲག་ལ་སྐོར་ཁང་བརྐོས་《མཁས་བའི་དགའ་སྟོན》་ཞེས་གསལ་བ་དང་། ད་ལྟ་བྲག་ཀླུ་སྒུག་གི་ཕུག་པའི་ནང་སྐོར་ལམ་གྱི་ཕྱོགས་བཞིར་ཐུབ་དབང་སོགས་ཀྱི་སྐུ་བརྙན་ཡོད་པ་(འགའ་ཞིག་ཕྱིས་སུ་བརྐོས་པར་ངོས་)དེ་ཚོ་འབུར་གཟུགས་དོད་པོ་ཡོད། འུན་ཁྲེང་ཀོང་ཇོ་བོད་དུ་བྱོན་པའི་ལམ་བར་ལྡན་མ་བྲག་རྩར་ཕེབས་ནས་བྲག་ལ་བྱམས་པ་ཁྲི་བདུན་པ་གཅིག་དང་། བཟང་སྤྱོད་གཉིས་བརྐོས་མར་བཞེངས་《རྒྱལ་རབས་གསལ་བའི་མེ་ལོང་》ཞེས་དང་། ཆོས་འབྱུང་མཁས་བའི་དགའ་སྟོན་དུ་(ཀོང་ཇོས་)ལམ་བར་དུ་ཁམས་བྲག་ལོག་ལ་རྒྱས་བའི་དབུ་དུམ་དང་། བཟང་སྤྱོད་བརྐོས། རྡོ་སྐུ་ཁྲུ་བརྒྱད་ཅུ་པ་བརྐོས་ཞེས་གསལ། ད་ལྟ་བྲག་གཡབ་རྫོང་བྱམས་མདུན་ཆུས་རི་མདའ་ཞེས་པར་རྣམ་པར་སྣང་མཛད་ཀྱི་སྐུ་རྡོ་བརྐོས་འབུར་ཐོན་ཆེན་པོ་ཞིག་དང་། ཡིག་གཟུགས་ཀློག་དཀའ་ཙམ་ཡིན་པའི་བཟང་སྤྱོད་ཅིག་བྲག་ལྡེབས་སུ་ཡོད་པ་དེ་རྒྱལ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་བརྐོས་པ་རེད་ཟེར་སྲོལ་དང་། རྨར་ཁམས་གྲོང་ཚོར་རྣམ་པ་སྣང་མཛད་ཀྱི་རྡོ་སྐུ་མི་ཚད་མ་སེང་ཁྲི་དང་་བཅས་ཐོག་ཚད་ཙམ་དང་། ཉེ་སྲས་བཅས་ཀྱི་སྐུ་འཇིམ་བཟོས་ལྟར་འབུར་དུ་སྐྲུག་པ་དེ་རྒྱ་བཟའ་ཀོང་ཇོས་བཞེངས་ཚུལ་ཤོད་སྲོལ་འདུག་དེ་བཞིན་ཕུ་ལག་ཆུས་ཁོངས་སུ་ཡང་བྲག་ལྡེབས་སུ་རྣམ་པར་སྣང་མཛད་ཀྱི་སྐུ་ཧ་ཅང་ཆེ་བ་ཞིག་ཡོད་པ་དེ་ཡང་རྒྱ་བཟས་བརྐོས་སྐད།
དུས་རབས་དེར་ཁྲ་འབྲུག་མི་འགྱུར་ལྷ་ཁང་བཞེངས་སྐབས་རྟེན་གཙོ་རྡོ་སྐུ་རང་བྱོན་གསུམ་ཟོ་དང་གོང་པོ་རི་ནས་སྤྱན་དྲངས་པར་སླར་བཟོ་བོས་རྣམ་པར་དོད་པར་བརྐོས་《མཁས་པའི་དགའ་སྟོན་》ཞེས་གསུངས་པ་ལྟར་དེ་དག་ཀྱང་འཇིག་སྐུ་བཞིན་དུ་བཟོ་བཀོད་ཤིན་ཏུ་ལེགས་པོ་ཡོད་པ་རེད། དེ་ལྟར་བཙན་པོ་སྲུང་བཙན་གྱི་སྐུ་དུས་སུ་རྡོ་བརྐོས་ཀྱི་ཡིག་གཟུགས་དང་། སྐུ་བརྙན། བྲག་ཕུག་འདྲུ་བ་སོགས་མཛད་ཚུལ་འཁོད་འདུག དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ད་ལྟའི་གྲ་ནང་རྫོང་བསམ་ཡས་ཆུས། ཟུང་མཁར་དུ་ཟུང་མཁར་རྡོའི་མཆོད་རྟེན་ཞེས་བྲག་རྡོར་མཆོད་རྟེན་ལྔ་བརྐོས་པའི་བཟོད་བཀོད་ནི་འཇིམ་པར་བཟོས་པ་དང་མཚུངས། བཙན་པོའི་སྐུ་དུས་སུ་བསམ་ཡས་ལྷ་ཁང་གསར་མཛད་ནས་དེ་གར་རྡོ་བརྐོས་ཀྱི་སྐུ་བརྙན་མང་པོ་བཞེངས་པར་མཛད་པ་ད་ལྟ་མཐོང་རྒྱུ་ཡོད་པ་དེ་ཚོ་ནི་སྤུས་དག་ལ་མཇལ་བ་ཙམ་གྱིས་ཡིད་དབང་འཕྲོག་ཐུབ་ཞིག་ཡོད། དུས་སྐབས་སོ་སོའི་ནང་རྡོ་བརྐོས་ཀྱི་ལག་རྒྱུན་དེ་དོ་གལ་ཆེན་པོར་བརྩིས་ཤིང་། ས་གནས་མང་པོར་བྲག་རྡོའི་ཐོག་ཡི་གེ་དང་ལྷ་སྐུ་གཟུགས་བརྙན་སོགས་ཤིན་ཏུ་མང་པོ་བརྐོས་ཡོད་པ་དེ་ཚོ་ལོ་ཅི་ཙམ་སོང་ཡང་ཡི་གེ་ཀློག་ཐུབ་པ་མ་ཟད། ལྷ་སྐུ་མི་ཉུང་བ་ཞིག་ནི་ཧ་ཅང་འབུར་གཟུགས་དོད་ལ་བཟོ་སྤུས་ལེགས་པ་དཔེར་ན། དུས་རབས་བཅོ་ལྔ་པའི་ནང་ཐོན་པའི་འབྲས་སྤུངས་ཀྱི་འཇམ་དབྱངས་(འཇམ་དབྱངས་ལྷ་ཁང་ནང་)རྡོ་སྐུ་དང་། དུས་རབས་བཅུ་དྲུག་པའི་ནང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སེ་རའི་མཁན་ཁྲིར་བཞུགས་སྐབས་གཙང་པ་རྡོ་བརྐོས་བ་ཞིག་(མིང་མི་གསལ་)གིས་བརྐོས་པར་གྲགས་པའི་རྗེ་ཙོང་ཁ་པ་དང་། དམ་ཅན་ཆོས་རྒྱལ་སོགས་ཀྱི་སྐུ་དང་ཡི་གེ་མང་པོ་ཡོད། ཡང་ལྷ་སའི་ལྕགས་པོ་རིའི་ནུབ་ངོས་བྲག་ལྡེབས་ཡོད་པའི་མི་འཁྲུག་པའི་སྐུ་སོགས་ནི་དམངས་ཁྲོད་ཀྱི་ཤོད་རྒྱུན་དུ་རྡོ་རིང་པཎྜི་ཏས་ཡོན་སྦྱར་ནས་བརྐོས་པ་རེད་ཟེར་སྲོལ་འདུག་ཀྱང་རྡོ་རིང་བའི་རྣམ་ཐར་ནང་མི་གསལ་ཡང་མི་འཁྲུག་པའི་སྐུ་དེའི་་གཡས་ངོས་སུ། གངས་རིའི་ར་བས་སྐོར་བའི་ཞིང་ཁམས་འདིར། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། སྤྱན་རས་གཟིགས་དབང་སྐལ་བཟང་རྒྱ་མཚོ་ཡི། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག་ཅིག་ཅེས་བརྐོས་འདུག་པར་དཔག་ན་རྒྱལ་དབང་སྐུ་ཕྲེང་བདུན་པ་ བསྐལ་བཟང་རྒྱ་མཚོས་བཀའ་ཤག་གསར་འཛུགས་གནང་སྐབས་རྡོ་རིང་པཎྜི་ཏས་བཀའ་བློན་གྱི་འགན་བཞེས་ཡོད་པས་དུས་སྐབས་དེའི་ནང་རྡོ་སྐུ་ཁག་ཅིག་ལྕགས་པོ་རིའི་བྲག་ལྡེབས་སུ་བརྐོས་པ་ཤེས་ཐུབ་པས་མང་ཚོགས་ཀྱི་ཤོད་རྒྱུན་དང་མཐུན་(སྐུ་བརྙན་དེ་ཚོའི་བཟོ་བཀོད་འདྲ་མིན་སྣ་ཚོགས་ཡོད་པས་དུས་ཚོད་ངེས་མེད་དུ་རིམ་གྱིས་བྱུང་བར་ངེས་)རང་ལྗོངས་སུ་རྡོ་བརྐོས་ཀྱི་སྐུ་བརྙན་ཆེ་བའི་གྲས་ཤིག་སྟོད་ལུང་བདེ་ཆེན་རྫོང་གི་གནས་ཆུང་ཆུས་དང་། ཆུ་ཤུར་རྫོང་གི་མཉེས་ཐང་ཆུས་དབར་རྫོང་གཉིས་པོའི་ས་མཚམས་སུ་མཉེས་ཐང་ལྷ་ཆེན་པོ་ཞེས་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་རྡོ་བརྐོས་ཐོག་ཚད་གསུམ་ཙམ་བྱས་པ་ཞིག་ཡོད་པ་དེ་ཡིན། དེ་ནི་ཐོག་མར་སུའི་བཞེངས་བ་དང་དུས་ཚོད་ཀྱི་གནས་ཚུལ་གཏན་འཁེལ་གསལ་པོ་མེད་ཀྱང་ས་གནས་མང་ཚོགས་ཀྱི་ཤོད་རྒྱུན་ཡང་མང་པོ་ཡོད་པ་སྟེ། རེས་འགས་དུས་རབས་བཅུ་གཅིག་པའི་ནང་ཇོ་བོ་རྗེ་ཨ་ཏི་ཤ་མཉེས་ཐང་དུ་བཞུགས་སྐབས་སྐྱིད་ཆུ་རྒྱས་ནས་ལམ་འགག་པར་བརྟེན་ཆུའི་ཁ་གནོན་དུ་བཞེངས་ཟེར་བ་དང་། འགའ་ཞིག་གིས་དུས་རབས་བཅུ་དྲུག་པའི་མཇུག་དང་བཅུ་བདུལ་ན་པའི་མགོར་གཙང་པ་སྡེ་སྲིད་སྐབས་ཤུན་པ་སྡེ་པས་སྐྱིད་ཆུའི་ཁ་གནོན་དུ་བཞེངས་སྐད། ལ་ས་ས་ཆ་དེར་རྐུན་ཇག་སོགས་ཀྱི་གནོད་ཚབ་ཆེ་བའི་ཁར་ལོ་ལྟར་མི་གསོད་ཀྱི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད་སྟབས་དེ་ཟློག་ཐབས་སུ་འདུ་ཁོངས་སྤྱི་ནས་བཞེངས་ཟེར་སྲོལ་འདུག
སློབ་དཔོན་རིན་པོ་ཆེའི་རྣམ་ཐར་ཡིད་ཆེས་གསུམ་ལྡན་སོགས་སུ་སློབ་དཔོན་བོད་དུ་ཕྱོན་སྐབས་མཁར་ནག་གི་མཚོ་དེར་ཀླུ་སྡུག་པ་ཅན་ཞིག་ཡོད་པ་་དམ་ལ་བཏགས། བྲག་ལྡེབས་སུ་རྡོ་རྗེ་སེམས་དཔའི་སྐུ་དང་། ཤ་བ་བརྐོས་ཤེས་གསལ་ཞིང་། སྔོན་དུས་ལྷ་ཆེན་པོའི་གཡས་ངོས་སུ་སྐུ་བརྙན་དང་ཡི་གེ་མང་པོ་ཡོད་པ་དེ་དག་རིག་གསར་སྐབས་གཏོར་སྟབས་ཤ་བའི་གཟུགས་བརྙན་སོགས་ད་ལྟ་མཐོང་ཡུལ་དུ་མེད་ཀྱང་ལྷ་ཆེན་པོའི་ལྷོ་ངོས་སུ་མཁར་ནག་མཚོ་དང་། གཉའ་མཁར་ནག་ཅེས་རི་ཆུང་ཞིག་ཡོད་པ་དེར་དེ་མིན་ནམ་སྙམ་ཞིང་། དོན་དུ་རང་ལྗོངས་སུ་ཡོད་པའི་རྡོ་བརྐོས་ཀྱི་སྐུ་ཆེ་ཤོས་གྲས་ཤིག་ཡིན་སྐད། དུས་རབས་བཅུ་བདུན་པའི་སྨད་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་སའི་ཕྱོགས་བཞིར་རིགས་གསུམ་ལྷ་ཁང་ཁག་ཏུ་རྡོ་བརྐོས་ཀྱི་སློབ་དཔོན་རིན་པོ་ཆེ་དང་། མི་གཡོ་བ། ཐུབ་དབང་སོགས་གསར་བརྐོས་མཛད་པའི་གྲས་ཤིག་ད་ལྟ་པོ་ཏ་ལའི་ཤར་ངོས་ཁ་ལྔ་གདོང་དུ་ཡོད་པ་དང་། གཞན་ཡང་སྐབས་དེར་རྡོ་བརྐོས་ཀྱི་སྐུ་མང་ཙམ་གསར་བཞེངས་གནང་བའི་གྲས་ཐུབ་དབང་གི་སྐུ་ཞིག་ད་ལྟ་ལྷ་སའི་ནུབ་ངོས་གདོང་དཀར་གྱི་བྲག་ལྡེབས་སུ་ཡོད།
རྡོ་བརྐོས་ཀྱི་ཡིག་གཟུགས་ཐད་ལ་ཝ་མ་ཞེས་ཡིག་འབྲུ་ཀོང་ཀོང་དུ་བརྐོ་བ་དང་འབུར་མ་ཞེས་སྟེང་འོག་གཡས་གཡོན་ནས་དྲུས་ཏེ་ཡིག་འབྲུ་འབུར་དུ་ཐོན་པ་དང་ཝ་འབུར་ཁ་སྤྲོད་ཅེས་རྒྱབ་མདུན་དང་དཀྱིལ་ནས་དྲུས་ཏེ་ཡི་གེ་གཉིས་གཤིབ་འབུར་ཐོན་འབྲི་སྲོལ་ཡོད་། སྔོན་མའི་རྡོ་རིང་དང་བྲག་བརྐོས་ཕ་ཆེར་ཡིག་འབྲུ་ཝ་མ་དང་སྐུ་བརྙན་ཕལ་ཆེར་འབུར་མ་མང་བ་འདུག ཡང་གོང་དུ་འཁོད་པའི་ལྷ་མདུན་རྣམ་པར་སྣང་མཛད་དང་། ཁྲ་འབྲུག་གི་རྡོ་བརྐོས་གསུམ་དང་འདྲ་བའི་ཕ་བོང་ལ་སྐྲུག་ནས་བཞེངས་བའི་མཆོད་རྟེན་བཟོ་བཀོད་ཧ་ཅང་ལེགས་པོ་ཞིག་ད་ལྟ་བསམ་ཡས་མཆིམས་ཕུར་ཉམས་མེད་དུ་ཡོད་པ་དེ་དུས་སྐབས་གང་དུ་བཞེངས་བ་མ་ཤེས་རྡོ་བརྐོས་ལྷ་སྐུའི་བཟོ་ཁྱད་དང་ལག་རྒྱུན་ནི་ཐོག་མར་བལ་བོའི་རྡོ་བཟོ་བའི་ས་ནས་སློབ་སྦྱང་བྱས་ཤིང་། རྗེས་སུ་རྒྱ་རིགས་ཀྱི་ལག་རྩལ་མི་སྣའི་ས་ནས་སློབ་སྦྱང་བྱས་ཏེ་དར་རྒྱས་བྱུང་འདུགབལ་བཟོའི་སྐུ་རྣམས་མགྲིན་པ་ཅུང་རིང་ལ། དཔུང་ཞེང་ཆེ་བ་ཕྱག་ཞབས་རིང་བ་སོགས་དང་། རྒྱ་བཟོ་རྣམས་ཞལ་དཀྱིལ་སྒོར་བ། སྐུ་སྐེད་ཅུང་སྦོམ་ཡོད་པ་སྐད། དེ་ལྟར་རྒྱ་རིགས་དང་བལ་པོ་བོད་གསུམ་གྱི་ལག་རྒྱུན་ཡོད་པ་ཤེས། རྡོ་བརྐོའི་ལག་རྒྱུན་དེའི་ཐོག་ནས་རང་རེའི་མེས་པོ་ཚོས་དུས་སྐབས་དེའི་བྱ་བ་དང་དངོས་པོའི་གནས་ཚུལ་དང་རྣམས་ཀྱི་ལོ་རྒྱུས་ཡི་གེར་བརྐོས་ནས་མི་རབས་རྗེས་མ་ཚོར་བརྒྱུད་སྤྲོད་གསལ་བཤད་བྱེད་ཆེད་བཞག་པའི་མཛད་རྗེས་ཤིག་ཡིན་ཁར་ལག་རྩལ་དེ་ནི་ཡུན་རིང་གནས་ཐུབ་པའི་ཕུལ་བྱུང་གི་བཟོ་སྐྲུན་དངོས་པོ་དེ་ཆབ་སྲིད་དང་། ཆོས་ལུགས་ཐོག་སྤྱོད་ཆོག་པ་ཙམ་མ་ཟད། འཛུགས་སྐྲུན་དང་མཛེས་ཆས། སྤྱོད་ཆས་སོགས་ལའང་བེད་སྤྱོད་ཆོག་པ་ཞིག་རེད།
གཤམ་དུ་ལས་ཀ་དེའི་བྱེད་སྟངས་སྐོར་ལ་ཅུང་ཟད་ལྒིང་རྒྱུར། ལྷ་སྐུ་དང་། གཟུགས་བརྙན་སྣ་ཚོགས་བརྐོ་སྐབས་ཐོག་མར་ཐིག་བཏབ་ནས་དབྱིབས་གཟུགས་ལེགས་པོར་བྲིས་རྗེས་གཟོང་གིས་བརྐོ་དགོས་ཤིང་། དེ་ཡང་འབུར་མ་བརྐོས་ཚེ་གཟུགས་གཞི་མ་ཡིན་པ་རྣམས་ལེགས་པར་བརྐོ་དགོས་བ་དང་། མི་གཟུགས་ལྟ་བུར་གདོང་བ་ལས་སན་མཐོ་བ་དགོས་སྟབས་གདོང་ནི་སྣ་ལས་དམའ་བ། རྣ་ཅོག་དེ་ལས་ཀྱང་དམའ་བ་འདྲུ་དགོས། དེ་མཚུངས་ལག་པ་བྲང་སྟེང་དུ་ཡོད་པ་དཔེར་ན་སྐུ་བརྙན་ཆོས་སྐོར་ཕྱག་རྒྱ་ལྟ་བུར་ལུས་མ་ལས་ལག་པ་མཐོ་དགོས་བ་སོགས་ཐིག་རིས་ཀྱི་ཚད་གཞི་ངེས་པར་ཤེས་དགོས་ཤིང་བརྐོ་ཡུན་རིང་ཙམ་འགོར་ལ་ཅུང་དཀའ་བ་དང་ཝ་མ་ནི་རི་མོའི་སྟེང་དུ་འདྲུ་བ་ལས་གཟུགས་བརྙན་མ་ཡིན་པ་རྣམས་འདྲུ་མ་དགོས་སྟབས་ཅུང་སྟབས་བདེ་བ་ཡོད། ཝ་མ་དང་འབུར་མ་གང་ཡིན་རུང་རི་མོ་འབྲི་མཁན་ནི་གལ་ཆེན་ཞིག་ཡིན། ཡིག་གཟུགས་བརྐོ་སྐབས་ཐིག་བརྐོ་དགོས་ཤིང་དེ་ཡང་འབུར་མ་དང་། ཝ་འབུར་ཁ་སྤྲོད་ཡིན་ན་ཡིག་གཟུགས་འབྲི་དགོས་བ་དང་ཝ་མ་རྐྱང་མ་ཡིན་ན་རྡོ་བརྐོ་བ་རང་ནས་མ་དཔེར་ལྟ་བཞིན་བརྐོས་ན་འགྲིགརྡོ་བརྐོའི་ལག་ཆ་ནི་གཟོང་ཁ་ལེབ་དང་། ཁ་རིལ་གཉིས་རྐོ་གཞིའི་ཆེ་ཆུང་ལ་གཞིགས་ནས་ལག་ཆ་ཆེ་ཆུངདང་ཕྲ་སྦོམ་སྤྱོད་དགོས་སྟབས་གཟོང་དང་ཐོ་བ་ཡང་དེ་མཚུངས་དགོས། ཝ་མ་བརྐོ་བར་གཟོང་ཁ་རིལ་གྱིས་འཐུས་བ་དང་། འབུར་མར་ཁ་ལེབ་སྤྱོད་དགོས།
དེང་སྐབས་ཁམས་དང་ནག་ཆུ་ས་ཁུལ་དུ་དར་ཁྱབ་ཆེ་བའི་ཁྱིམ་ཚང་ཕར་ཆེར་གྱིས་མི་ཤི་སོགས་བྱུང་ཚེ་མ་ཎི་འབུམ་དང་། ཡིག་བརྒྱ་འབུམ་སོགས་ཀྱི་ཡིག་འབྲུ་བརྐོ་བ། ཁྱིམ་ཚང་རེ་འགས་བརྒྱད་སྟོང་སོགས་ཡིག་འབྲུ་ཤིན་ཏུ་མང་བའི་ཆོས་དཔེ་ཡང་རྡོ་བརྐོས་བྱེད་ཅིང་། མ་ཎི་ལྟ་བའི་ཡིག་འབྲུ་ཉུང་ངུ་རྣམས་འབུར་མ་བརྐོས་བའི་ཐོག་རྒྱལ་བ་རིགས་ལྔའི་སྐུ་མདོག་དང་མཚུངས་བའི་ཁ་དོག་སྣ་ཚོགས་ཀྱི་ཚོན་རྩི་གཏོང་བ་དང་། ཝ་མ་རྣམས་རྡོ་ལ་ཙག་བྱུག་ནས་ཡིག་འབྲུ་བརྐོ་རྒྱུན་འདུགསྤྱིར་ན་བོད་ཀྱི་ས་ཁུལ་ཚང་མར་རྡོ་བརྐོས་མ་ཎི་དང་། སྐུ་བརྙན་ཡོད་པ་དེ་དག་ཚ་ཁང་དང་ཁང་བའི་གྱང་ལྡེབས་སུ་སྦྱར་བའམ། རྡོ་ཕུང་(མན་ཐང་)བཟོས་ནས་ཕྱག་སྐོར་བྱེད་པ་དང་། ཁྱིམ་ཚང་རེ་འགས་བུ་ཕྲུག་གི་མིང་དང་སྐྱེས་བའི་དུས་ཚོད་རྡོ་ལ་ཡི་གེ་བརྐོས་ནས་ཐོག་གར་འཇོག་པ། ཡང་འགའ་ཞིག་གིས་ཁྱིམ་མི་འདས་གྲོངས་བྱུང་ཚེ་མ་ཎི་དང་རྡོར་གཅོད་སོགས་བརྐོས་ནས་རྡོ་ཕུང་ཐོག་འཇོག་པ། གྲོང་ཚོ་དང་ཡུལ་ཚོ་འགའ་ཞིག་ཏུ་ས་མཚམས་ཀྱི་རྟགས་སུ་ཡི་གེའམ་རི་མོ་བརྐོ་བ། ལུང་སྟོང་ལ་ལར་ལམ་བཞི་མདོར་ལམ་སྟོན་རི་མོ་དང་ཡི་གེ་སོགས་བརྐོ་སྲོལ་ཡོད།
ལག་རྩལ་དེར་གྲགས་ཅན་མི་སྣ་མང་པོས་ཀྱང་སྦྱང་སྤྱོད་གནང་ཞིང་། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྐབས་སུ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་པར་ཕྱག་བསྟར་མའི་མ་ཎི་རྡོ་བརྐོས་མཛད་པ་ད་ལྟ་ཡང་འཇལ་རྒྱུ་ཡོད་པ་དང་དུས་རབས་བཅོ་ལྔ་བའི་ནང་དགའ་ལྡན་དགོན་དུ་རྗེ་ཙོང་ཁ་བའི་ཕྱག་བསྟར་མའི་མཁས་གྲུབ་རྗེའི་སྐུ་བརྙན་དང་། མཁས་གྲུབ་རྗེའི་ཕྱག་བསྟར་མའི་རྗེ་ཙོང་ཁ་བའི་སྐུ་བརྙན་(དགའ་ལྡན་གླིང་སྐོར་གྱི་བྱང་ངོས་བྲག་སྟེང་དུ་ཡོད་)རྗེ་ཙོང་ཁ་པའི་ཕྱག་བསྟར་མའི་སྤྱན་རས་གཟིགས་ཕྱག་བཞི་བ་འབུར་གཟུགས་ཆེ་བ་ཞིག་སོགས་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པས་རྡོ་བརྐོས་གནང་བའི་སྐོར་རྣམ་ཐར་དུ་གསལ་ལ་ད་ལྟ་བཀྲ་ཤིས་ལྷུན་པོའི་རྡོ་གཅལ་ཆེན་མོའི་ཁྱམས་སྐོར་གྱི་གྱང་ལྡེབས་སུ་སངས་རྒྱས་སྟོང་སྐུའི་རྡོ་བརྐོས་ཡོད་པ་སོགས་ཡིན། །
རྩོམ་སྒྲིག་པ།:མཁའ་ཚེ།